འདི་ན་་ཤེས་རིག་གི་འོད་སྟོང་འབར་ཞིང་ཞི་བདེ་ཡིས་དར་ཆ་སྒྲེང་ཡོད

Photo Gallery: 主页

/album/photo%20gallery%3a%20%e4%b8%bb%e9%a1%b5/a7216888581-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a41538676037-gif/
/album/photo%20gallery%3a%20%e4%b8%bb%e9%a1%b5/a55a0dd809f39f1936d81196a-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a92054217948-jpg/

སྐད་དང་ཡི་གེ

日期: 2012-07-23

来自: ཨ་མའི་གླེབས་རིལ།

主题: ལུགས་གཉིས་འབྱེད་པའི་ཀེ་ཏ་ཀ

༆ ། ལུགས་གཉིས་འབྱེད་པའི་ཀེ་ཏ་ཀ་བཞུགས་སོ།། ༥༽
དཔལ་སྤྲུལ་རིན་པོ་ཆེ་ནས།
གཉེན་གྱི་རིགས་ལ་ཁ་གསག་ངོ་བསྟོད་མེད་པར་ཉེས་པ་བྱུང་ན་བཤད་དེ་རྒྱུད་བཅོས་ཐབས་བྱ། ལེགས་ན་གཏང་རག་ཚིག་གིས་ཕན་ཐོགས་ཐབས་བྱེད་དགོས། ཁྱད་པར་བུ་དང་ཚ་བོ་བྲན་དང་ཆུང་མ་ལ་སོགས་ངན་ལང་དུ་མི་བཏང་བར་འཇམ་རྩུབ་རན་པ་ཞིག་གིས་ལམ་ལ་འཇོག་དགོས། མི་ངན་ཁ་ཅིག་ནི་འཇམ་པོ་ལས་རྩུབ་པོས་འདུལ་ན་དགའ་བ་ཡང་ཡོང་སྟེ། རྔ་དང་རོལ་མོ་བརྡུང་ན་སྙན།། གྱང་དང་ཕུར་བ་བརྡུང་ན་སྲ།། ཀོ་བ་མི་ངན་བརྡུང་ན་དུལ།། བུ་དང་ཆུང་མ་བརྡུང་ན་ཉན།། ཟེར་བ་ལྟར་ཡིན་པའང་ཡོད། ཡང་མི་ངན་ལ་ལས་རང་ལ་བཟའ་ཚང་དང་གྲོགས་པོ་བཟང་པོ་ཡོད་དུས་ཧ་མི་གོ་བར་ཁྱད་གསོད་འཐབ་རྩོད་ཡི་ཆད་འགྲོ་བ་བྱེད། ཕྱིས་ནས་སོ་སོར་བྲལ་སོང་དུས་ད་གཟོད་འགྱོད་པ་སྐྱེ་བའང་ཡོད་དེ། འདྲིས་ཆེ་ན་སེངྒེ་ཁྱི་ཡིས་སྨོད། ཐག་ཉེ་ན་མིག་གིས་རྫི་མ་མཐོང་། ཟེར་བའི་དཔེ་ལྟར་འདྲིས་ཡུན་མེད་པའི་རྟགས་རེད། ལར་ཤེས་དགོས་རྒྱུ་ཞིག་ལ་མིའི་བཟང་ངན་འདི་ལས་ཐུ་བ་མེད། མི་རབ་རེ་རེས་ཡུལ་ཁམས་གྲོང་སྡེ་མང་པོ་བདེ་བར་བཀོད་ནས་བསྡད་པ་ཡང་ཡོད། མི་ངན་རེ་རེས་ཡུལ་སྡེ་ཁྱིམ་མཚེས་མང་པོ་དཀྲུག་ཤིང་བྱས་ནས་བསྡད་པའང་ཡོད། གྲོགས་བཟང་པོ་དང་འགྲོགས་ན་བཟང་དུ་འགྲོ། གྲོགས་ངན་པ་དང་འགྲོགས་ན་ངན་དུ་འགྲོ། དགེ་བའི་གྲོགས་པོ་གསེར་བས་དཀོན།། གཞན་དུ་ཡོད་ཀྱང་གཉེན་དུ་ཁུག། སྡིག་པའི་གྲོགས་པོ་དུག་ལས་ཐུ།། རང་ཕྱོགས་ཡོད་ཀྱང་བོར་ན་ལེགས།། གསུངས་པ་རེད། དེས་ན་གཙོ་ཆེ་བ་གྲོགས་འདིའི་བཟང་ངན་ལེགས་པར་ཤེས་པ་གལ་ཆེ་ཟེར་བ་ལ། ཡང་གཞོན་ནུ་བློ་ལྡན་གྱིས། བྱ་སྤྱོད་ཉུང་ཞིང་ཚོད་ཟིན་དགོས་རྒྱུའི་བྱ་བ་དང་སྤྱོད་པ་དེ་ལ་ཇི་ལྟར་སློབ་དགོས་བཤད་པར་ཞུ་ཟེར་བ་ལ། རྒན་པོས། འོ་ཡ། ད་བྱ་བ་ནི་འགྲོ་འདུག་ལས་ཀ་དགྲ་འདུལ་གཉེན་སྐྱོང་སོགས་ཡིན། སྤྱོད་པ་ནི་རང་གི་རྒྱུན་དུ་བཟའ་འཐུང་ཉལ་འདུག་བཤད་ལུགས་འགྲོ་ལུགས་སོགས་ཡིན་ཏེ། དེ་གཉིས་ཀ་ལ་བཟང་ངན་ལེགས་ཉེས་ཐམས་ཅད་རང་གིས་བརྟག གཞན་ལ་འདྲི། སྔར་སོང་ལ་དཔེ་བཞག ཕྱིས་ཡོང་ལ་བློ་བཀོད། རང་གི་ཚོད་དང་བསྟུན། ཡུལ་གྱི་སྲོལ་དང་བསྟུན། ཆེན་པོ་ལ་མི་ཞུམ། ཆུང་ངུ་ལ་མི་བརྙས། ཁེ་ཉེན་བཟང་ངན། འགྲུབ་དང་མི་འགྲུབ། འགྲུབ་ན་དོན་འབྲས་ཆེ་ཆུང་སོགས་བརྟགས་ཅིང་དཔྱད། ཐབས་རིམ་གྲོ་དང་ཚོགས་བསགས་སོགས་ལ་འབད་དེ་དང་པོ་ནས་སྟབས་གཟབ་དགོས་ཏེ། གཏམ་གྱི་འགོ་དཀའ། བྱ་བའི་གཞུང་དཀའ། ཆོས་ཀྱི་མཐའ་དཀའ། ཟེར་བ་ལྟར་ཡིན་པས། བྱ་བ་གང་བརྩམ་པ་དེ་མཐར་མ་ཕྱིན་གྱི་བར་དུ་སྙིང་སྟོབས་དང་བཟོད་བསྲན་བསྐྱེད་དགོས། བློ་སེམས་གཞན་མི་མང་ཁ་མང་གི་རྗེས་སུ་མི་རྒྱུག་པར་ཐབས་དང་ཡུན་གྱིས་བསྒྲུབ་དགོས། མཐར་བྱ་བ་དེ་ལེགས་ན་ལེགས་ཚོད་འཛིན། ཉེས་རུང་བློ་འགྱོད་དང་ལེ་ལན་མེད་པར་རྐྱེན་ཐེག་དགོས། ལར་བྱ་བ་ཐམས་ཅད་བརྟག་དཔྱད་མཁས་པས་འགྲུབ་པ་དང་། བསོད་ནམས་ཤུགས་ཀྱིས་འགྲུབ་པ་གཉིས་ལས་མེད་པས། རང་ཉིད་འདི་ཕྱི་གཉིས་ཀའི་བདེ་ཐབས་སྐྱིད་ཐབས་ལ་འཕྱུག་པ་མེད་པ་ནི་དཀོན་མཆོག་གསུམ་གྱི་ཞིང་ལ་ཚོགས་བསགས་པ་འདི་ཁོ་ན་ཡིན་ཏེ། འབད་རྩོལ་རི་བོ་ཙམ་ཞིག་བྱེད་པ་བས། བསོད་ནམས་མེ་སྟག་ཙམ་ཞིག་བསགས་ན་དགའ། ཟེར་བ་རེད། བསོད་ནམས་ཤུགས་ཀྱིས་དོན་འགྲུབ་པ།། ཉི་མའི་འོད་བཞིན་ལྟོས་པ་མེད།། འབད་པའི་ཤུགས་ཀྱིས་དོན་འགྲུབ་པ།། མར་མེའི་འོད་བཞིན་ཀུན་ལ་ལྟོས།། ཞེས་གསུངས་པ་རེད། མཁོས་དམན་རྣམས་ནས་ཁ་སྐྱིད་འདོད་འཕྱོར་འདོད་མི་ཆེ་ཞིང་། ཟས་ངན་དུ་བ་ཆང་རག་དང་། སྤྱོད་ངན་ཤྭ་རྒྱན་འགྱེད་པ་སོགས་མ་རབས་མགོ་སྟོང་གི་བྱ་བ་མི་བྱེད་པར། རང་གི་ནོར་རྫས་རྩོལ་སྒྲུབ་ཉིན་རྫི་མཚན་སྲུང་ཚག་དམ་ཞིབ་པར་བྱས་ཏེ་བོར་བརླག་དང་དོན་མེད་ཆུད་ཟོས་སུ་མ་སོང་བར་བསགས་དགོས། ཁྲེལ་མེད་ལ་གཡར་སྐྱི་མི་རུང་། ནོར་མེད་ལ་ཚོང་བཞག་མི་རུང་། སྤྱིར་བརྐུ་དང་གཡོ་སྒྱུ་ཕྲག་དོག་གིས་ནོར་བཙལ་ན། མཐར་ནོར་རྫས་ཀྱི་མི་ཚད་རང་གི་སྲོག་ཀྱང་བརླག་བྱེད་དུ་འགྲོ་བ་ཡིན། ལར་རང་ལ་སྔོན་བསགས་ཞིག་མེད་ན་འབད་རྩོལ་ཁོ་ནས་ཡར་མི་ཞོག་སྟེ། ནོར་བསགས་པས་མི་སོག་བསོད་ནམས་བསགས་པས་སོག། གོས་གྱོན་པས་མི་འཛད་དབང་ཐང་ཟད་ཉིན་ཟད།། མི་ན་བས་མི་འཆི་དུས་ལ་བབ་ཉིན་འཆི།། ཟེར་བ་རེད། འབྱོར་ལྡན་རྣམས་ནས་རང་ནོར་རང་ལ་དབང་ཡོད་དུས་རབ་དམ་པའི་ཆོས་ཕྱོགས་སུ་གཏོང་གང་ཐུབ་བྱེད། འབྲིང་གཞན་ལ་ཕན་ཅི་ཐོགས་བྱ། ཐ་མ་རང་གི་ཁ་རྒྱབ་སྐྱིད་པོ་རེའི་བེད་ཆེད་དགོས་ཏེ། དེ་མིན་ནམ་ཞིག་རྒྱུ་རྫས་ཐམས་ཅད་བསྐྱུར་ནས་གཅེར་བུ་ལག་སྟོང་དུ་འགྲོ་རན་དུས་ཕྱིས་ཚར་བ་རེད། སེམས་བསམ་པ་ལ་མུན་པ་རུབ་ན་རྒྱུ་ནོར་རྫས་རི་རབ་ཙམ་ཡོད་ཀྱང་མི་ཕན་ཟེར་བ་ཡིན། སྤྱིར་སེམས་རྒྱུད་འཇམ་ཡང་རང་ཚུག་མ་ཤོར། བཟང་ངན་གང་བྱུང་ལ་དགའ་སྡུག་མ་སྔ། ལར་བཟང་བྱས་ངན་བྱས་ལ་ཁྱད་པར་ཡོད་དགོས། གཏམ་ཐོས་ཚད་གོ་ཚད་ཁ་ནས་བཤད་མི་རུང་སྟེ། གཏམ་ཅི་དྲན་བཤད་ན་སྨྱོན་པ་ཡིན།། ཟས་གང་མཐོང་ཟ་ན་ཁྱི་ཕག་ཡིན།། ལས་གང་དྲན་བསྒྲུབ་ན་མགོ་སྟོང་ཡིན།། ཟེར་བ་རེད། ཆུ་བྲག་དགྲ་རྐུན་གཅན་གཟན་སོགས་ལ་ཕོད་མ་འཛུག གནོད་པ་ཆུང་ཡང་དོགས་ཟོན་གྱིས། ཕན་ཐོགས་ཆུང་ཡང་ངོས་ལེན་གྱིས། བཟང་ངན་སུ་ལའང་ངན་བཤད་ལྐོག་ལབ་མ་བཏང་། ཁ་ཉུང་ལ་ཁོག་ཡངས་པོར་གྱིས། དམིགས་བསལ་གལ་ཆེན་ཐབས་མེད་བྱུང་ན་མ་གཏོགས་རྫུན་མ་སྨྲ་བར་དྲང་པོར་ཤོད། ཁས་ལེན་མ་མང་བར་སྨྲས་ཚད་མི་རྫུན་པར་གྱིས། བཟང་པོ་ལ་རྒྱུ་ཚེགས་གང་ལ་ཐུག་ཀྱང་ཕོད་པ་ཞིག་གྱིས། ངན་པ་ལ་རྒྱུ་མཚན་གོ་བར་ཤོད་ལ་གཉའ་རེངས་སུ་མ་འཇུག རྒྱུས་མེད་ལ་ཞེ་ས་དང་ཟས་མགྲོན་གྱིས་ངོ་བསུས་ལ་ནོར་རྫས་དང་སྙིང་གཏམ་རང་རྒྱུས་མ་ཤོར། རྒྱུས་ཡོད་ལ་ཕན་གང་ཐོགས་གྱིས་ལ་གློ་ཁྲེལ་དང་མནའ་རྫུན་མ་ཤོར། གཞན་རྒུད་དུས་དང་ཉེས་དུས་སྨ་ཕབ་དང་སྨད་ར་མ་གཏོང་། རང་དར་དུས་དང་བརྒྱགས་དུས་རང་མཐོང་དང་ཁེངས་སེམས་མ་ཆེ། བླ་དཔོན་གཉན་པོ་དང་སྔགས་པ་བན་བོན་སོགས་ལ་དོ་མ་བདོ། མི་བློ་མང་དང་དགའ་སྡུག་སྐྱེན་པའི་རྗེས་སུ་མ་འབྲང་། བཤད་ཚད་བདེན་དུ་མ་འཛིན། གནོད་ཚད་དགྲ་རུ་མ་ལྟ། མཐུན་ཀྱང་སྙིང་གཏམ་མ་བཤད། མཁོན་ཀྱང་སྐྱོན་མཚང་མ་འབྲུ། ཕར་སོང་མེད་པའི་མི་ལ་རེ་བ་མ་ཆེ། ཚུར་ཕན་ཐོགས་པའི་མི་ལ་ཕྱི་ཐག་མ་ཐུང་། རྒྱུས་མེད་སུ་ལའང་བློ་མ་གཏོད། མང་པོའི་ནང་དུ་གཏམ་མ་མང་། གཅིག་པུར་འདུག་དུས་ལག་མ་མང་། ནམ་དང་ནམ་ཡང་བྱ་བ་མ་མང་། བློ་གཏད་ཅན་གྱི་གྲོགས་པོ་མ་བསླུ། གཞན་ནོར་ལ་འདོད་རྔམས་མ་ཆེ། བྱ་བ་གང་ལ་ཡང་རང་རང་གི་ཚད་ལྟར་ཚོད་ཟིན་དགོས། བྱ་བའི་གྲུབ་དོན་དཔྱད་དགོས། གྲོགས་ཀྱི་སེམས་འཛིན་དགོས། མིའི་སེམས་རྒྱུད་གོ་དགོས། ལོངས་སྤྱོད་ལ་བེད་ཆོད་དགོས། སེར་སྣ་མེད་ཀྱང་ཚགས་དམ་ཞིབ་དགོས། མི་གཞི་འཇམ་ལ་བསྒྱུར་དུ་མེད་པ་ཞིག་དགོས། རྒྱུད་དྲང་ཞིང་ཚོད་དཔོག་པ་ཞིག་དགོས།

མུར་འགོད།

日期: 2012-07-18

来自: ཨ་མའི་གླེབས་རིལ།

主题: དགེ་བཅུའི་སྲོལ་གྱི་རྣམ་གཞག

༆ ། དགེ་བཅུའི་སྲོལ་གྱི་རྣམ་གཞག་བཞུགས་སོ། །
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།

གསུམ་པ་དགེ་བཅུའི་སྲོལ་གྱི་གལ་ཆེ་བའི་རང་བཞིན་ནི།
སྲོག་མི་གཅོད་པ་དང་རྐུ་མི་བྱེད་པ་སོགས་འདི་རྣམས་གསད་བྱ་སེམས་ཅན་དང་རྒྱུ་ནོར་གྱི་བདག་པོ་དེ་རྣམས་ཀྱི་ཆེད་རྐྱང་པ་ཙམ་ཞིག་ཡིན་པར་མི་བསམ་སྟེ། འདི་རང་ཅག་གི་མི་རིགས་འདིའི་རིན་ཐང་གི་ལྟ་བ་ཡིན། མི་རིགས་ཀྱི་གཤིས་རྒྱུད་མཚོན་བྱེད་ཀྱི་མཚོན་རྟགས་ཡིན། མི་རིགས་ཧྲིལ་པོའི་ཀུན་སྤྱོད་བཟང་ངན་གྱི་ཚད་འཛིན་བྱེད་ཀྱི་ཚད་གཞི་ཡིན། མི་རིགས་གཞན་པ་རྣམས་ཀྱི་གདེང་འཇོག་འཐོབ་བྱེད་ཀྱི་ཡོན་ཏན་ཡིན། ལོ་ཆིག་སྟོང་ལྷག་གི་རིང་ལ་མི་རབས་ནས་མི་རབས་བརྒྱུད་དེ་བྱུང་བའི་རིག་གནས་ཡིན། དེང་སང་རིག་གནས་ཞེས་པ་དེ་གླེག་བམ་ནང་དུ་ཡོད་པའི་ཡིག་ཚོགས་ཙམ་ཞིག་ལ་ངོས་འཛིན་མི་བྱེད་དེ། མི་རིགས་དེའི་བསམ་བློ་དང་ཀུན་སྤྱོད་དང་ཡུལ་སྲོལ་དང་གོམས་གཤིས་ཐམས་ཅད་རིག་གནས་ཞེས་བྱ། གཞན་འཚེ་བ་སྤང་བ་དང་གཞན་ཕན་སྒྲུབ་པའི་མི་རིགས་ཀྱི་བསམ་བློའི་ཕུག་ནོར་ཡིན། མི་རིགས་ཧྲིལ་པོའི་མིའི་གཞི་སྤུས་ཇེ་བཟང་དུ་གཏོང་བར་བྱེད་པའི་བསམ་སྦྱོར་ཡིན། གལ་ཏེ་འདི་འདྲ་བའི་བསམ་པ་དང་སྤྱོད་པ་ཁྱད་པར་བ་དང་ལྡན་ན་མིའི་ལུས་སེམས་ལས་ཕྱི་རོལ་དུ་གྱུར་པའི་ལོངས་སྤྱོད་དེ་ཙམ་མ་འབྱོར་ནའང་འཛམ་གླིང་མི་རིགས་ཀྱི་ཁྲོད་ནས་མི་རིགས་ལེགས་པོར་རྩི། གལ་ཏེ་ཡོན་ཏན་འདི་རྣམས་མེད་ན་ཕྱིའི་ལོངས་སྤྱོད་དང་ལག་སྩལ་བཟང་པོ་ཡོད་ཀྱང་མི་རིགས་དེའི་ལོངས་སྤྱོད་དང་ལག་སྩལ་ལ་ཡིད་སྨོན་ནམ་དགའ་ཞེན་བྱེད་མཁན་ཡོད་ཀྱི། མི་རིགས་དེ་ཉིད་ལ་ཡིད་སྨོན་དང་དགའ་ཞེན་བྱེད་མཁན་མེད་དེ། ཤན་པ་དང་རྔོན་པ་དང་རྐུན་མ་དང་ཁྲམ་པའི་མི་རིགས་ཤིག་ཏུ་གྱུར་ན། དེ་འཛམ་བུ་གླིང་གི་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་ཇི་ལྟར་ཚུད། ཆབ་སྲིད་ཀྱི་དབང་ཤུགས་ཇི་འདྲ་ཞིག་གི་འོག་ཏུ་གནས་ཀྱང་འདྲ། དཔལ་འབྱོར་གྱི་དབུལ་ཕྱུག་ཇི་ལྟ་བུ་ཞིག་ཡིན་ཡང་རུང་། དུས་ནམ་ཡང་མི་རིགས་རང་གི་ཡ་རབས་ཀྱི་གཤིས་ཀ་བཟང་པོ་མི་འདོར་བ་འདི་ལས་གལ་ཆེ་བ་མེད་དེ། དཔེར་ན། མི་ཞིག་ལ་མཚོན་ན། གཟུགས་བྱད་མཛེས་པ་དང་། རིག་གནས་ཀྱི་ཡོན་ཚད་མཐོ་བ་དང་། འབྱོར་བ་རྒྱས་པ་སོགས་ཀྱང་དགོས་མོད། གཙོ་བོ་མི་གཞི་བཟང་བ་ཁོ་ན་གལ་ཆེ་བ་ཡིན། གལ་ཏེ་མི་གཞི་མ་བཟང་ན། གཞན་པ་དེ་རྣམས་ཐམས་ཅད་ཚང་ཡང་། མི་དེ་ལ་སེམས་གཏིང་ནས་གྲོགས་པོ་བྱེད་འདོད་མཁན་མེད། གལ་ཏེ་མི་གཞི་བཟང་ན་དེ་རྣམས་ཐམས་ཅད་མེད་ཀྱང་མི་རྣམས་ཀྱིས་གདེང་འཇོག་དང་སེམས་ཁུར་བྱེད་པ་མངོན་སུམ་ཡིན། མི་རིགས་ཤིག་ལ་མཚོན་ནའང་དེ་འདྲ་བ་ཡིན་པ་ཅེས་ཀྱང་ཤེས་དགོས། གལ་ཏེ་མི་རིགས་རང་གི་གཤིས་ཀ་དེ་མ་བརླག་པར་གྱུར་ན། དེ་ནས་བྱ་སྤྱོད་ཐམས་ཅད་རིམ་གྱིས་འཕྱུགས་ནས་འགྲོ་བ་ཆོས་ཉིད་ཡིན། མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུའི་ངང་དུ་གནས་པ་འདི་བོད་མི་རིགས་སྤྱིའི་ཡ་རབས་ཀྱི་གཤིས་ཀ་ཡིན། མ་འོངས་པར་བོད་མི་རིགས་ཀྱི་རིན་ཐང་ལྟ་བ་དང་གཤིས་ཀ་བཟང་ངན་གང་དུ་འགྱུར་བ་ལ། ད་ལྟ་ཡར་འགྲོ་མར་འགྲོའི་ས་འཚམས་ལྟ་བུ་ལ་སླེབས་ནས་འདུག ཕྱི་ལོ་༢༠༢༥ཙམ་ནས་བོད་ཀྱི་མི་རབས་རྙིང་པ་རྣམས་ལས་རེ་ཟུང་མ་གཏོགས་མཇུག་རྫོགས་པར་འགྱུར། མི་རབས་གསར་པ་འདིའི་གཤིས་ཀ་ཅི་འདྲ་ཞིག་ཏུ་འགྱུར་མི་རིགས་ཀྱི་རིན་ཐང་ལྟ་བའི་སློབ་གསོ་དང་ལག་ལེན་ལ་རག་ལས། མིའི་གཤིས་ཀ་འདི་ལྷན་སྐྱེས་སུ་བྱུང་བའང་ཡོད་མོད། ཕལ་ཆེར་སློབ་གསོ་དང་ཁོར་ཡུག་གི་དབང་དུ་འགྲོ། སློབ་གསོ་ཞེས་པ་འདི་ཁ་ནས་བཤད་རྒྱུ་རྐྱང་བ་མིན། ལུས་ཀྱི་སློབ་གསོ་ཞེས་པ་ཁ་ནས་མ་བཤད་ཀྱང་ལུས་ཀྱི་བྱ་སྤྱོད་ལ་བརྟེན་ནས་གཞན་གྱི་རྒྱུད་ལ་ཤུགས་རྐྱེན་བཟང་པོའམ་ངན་པ་ཐེབས་པར་འགྱུར་བ་དེའང་སློབ་གསོ་ཡིན། འདི་ཁྱད་པར་དུ་བྱིས་པ་རྣམས་ལ་ཤུགས་རྐྱེན་ཤིན་ཏུ་ཆེ། དེས་ན་བོད་ཀྱི་ཕ་མ་རྣམས་ཀྱིས་ཤན་པ་དང་རྔོན་པ་དང་ཁྲམ་པ་སོགས་ཀྱི་བྱ་བ་བསྒྲུབས་ནས་འཚོ་ཐབས་བྱས་ན་བོད་ཀྱི་མི་རབས་གསར་པ་འདིའི་གཤིས་ཀ་གཞི་རྩ་ནས་བརླག་པར་འགྱུར་བ་གདོན་མི་ཟའོ། །
གསོད་པ་དང་རྐུ་བ་དང་མགོ་སྐོར་བ་ལ་སོགས་པ་འདི་རྣམས་སྲིད་ཁྲིམས་ལ་སྐྲག་ནས་བྱེད་མི་ཕོད་པ་ཙམ་མ་ཡིན་པར་འདི་དག་བྱས་ན་མི་རུང་སྙམ་པའི་འདུ་ཤེས་ཤིག་ཡོད་དགོས། དེ་ཡོད་ན་དེ་ལྟར་མི་བྱ་བ་འདི་མི་རིགས་དེའི་རིགས་གནས་སམ་ཀུན་སྤྱོད་ཀྱི་ཚད་གཞི་ཉིད་དུ་འགྱུར་བ་ཡིན་པས་འདིའི་སྲོལ་རྒྱུན་བརྟན་པོ་དང་ཡོངས་ཁྱབ་ཏུ་ཆགས་པ་ཞིག་དགོས་ཤིང་། དེ་བྱུང་ན་རང་གཞན་ཐམས་ཅད་ལ་ཚེ་འདི་ཕྱི་གཉིས་ཀར་ཕན་པ་རྒྱ་ཆེན་པོ་ཡོད། མི་རིགས་གང་ཞིག་ཡིན་ཡང་བྱ་བ་ངན་པ་འདི་རྣམས་ལ་མངོན་ལྐོག་མེད་པར་རང་བཞིན་གྱིས་འཛེམ་པ་ཞིག་གྱུར་པ་ཡིན་ན། མི་རིགས་དེ་ཤིན་ཏུ་ཡ་ང་བ་དང་འཇིགས་སུ་རུང་བའི་གནས་སུ་གྱུར་པ་ཡིན་ཏེ། ཕྱི་ཚུལ་ཇི་ལྟ་བུ་ཞིག་ཡིན་ཡང་དོན་ལ་དམུ་རྒོད་གདུག་རྩུབ་གཡོ་རྒྱུ་ཅན་གྱི་མི་རིགས་ཤིག་ཏུ་སོང་བས། འཛམ་བུ་གླིང་ན་མི་རིགས་དེ་ལ་བརྩི་བཀུར་དང་ཡིད་ཆེས་དང་མཛའ་གཅུགས་བྱེད་མཁན་མེད། ཡ་རབས་དང་ཕན་སེམས་དང་དྲང་བདེན་ཅན་གྱི་མི་རིགས་ཤིག་ལ་འཛམ་གླིང་གི་མི་རྣམས་ཀྱིས་ཡིད་སྨོན་དང་གདེང་འཇོག་དང་ལེན་སོགས་བྱེད་པ་ཡིན་ལ། ཡ་རབས་ཀྱི་རིག་གནས་འདི་ལ་བརྟེན་ནས་རང་རེའི་མི་རིགས་འདི་མ་འོངས་པར་བདེ་ཐང་གི་ངང་དུ་འཚོ་གནས་བྱ་དགོས་ཤིང་། རིག་གནས་འདི་ལྟ་བུ་ཞིག་ཡོད་པ་དེ་མི་རིགས་འདི་ཡུན་ནས་ཡུན་དུ་ས་ལྒང་གི་ངོས་སུ་འཚོ་ཞིང་གནས་དགོས་པ་དང་གནས་ཐུབ་པའི་རྒྱུ་མཚན་གཙོ་བོའང་ཡིན། རིག་གནས་འདིའི་དྲོད་དང་འོད་འཕྲོ་བས་དྲོད་ཀྱིས་རང་ཉིད་བདེ་ཞིང་འོད་ཀྱིས་གཞན་ལ་ལམ་སྟོན་པས་རང་གཞན་གཉིས་ཀ་ལ་གལ་ཆེ། འོད་ཀྱིས་ཚེ་འདིར་བདེ་ཞིང་ཟེར་གྱིས་ཚེ་ཕྱི་མ་གསལ་བས་འདི་ཕྱི་གཉིས་ཀ་ལ་མཁོ་བ་ཡིན། ཁྱད་པར་དུ་ད་ལྟ་འཛམ་བུ་གླིང་གི་མི་ཕལ་མོ་ཆེ་ཞིག་རང་འདོད་དང་དངོས་སྲེད་ཀྱི་དབང་དུ་སོང་ནས་གཞན་ཕན་དང་དྲང་བདེན་སོགས་མི་ཆོས་ཟང་པོ་རྣམས་ཉིན་རེ་ལས་ཉིན་རེ་ཇེ་དཀོན་ཏུ་འགྲོ་བཞིན་པའི་སྐབས་འདིར་རང་རེའི་རིག་གནས་འདི་སྔར་བས་ཀྱང་རིན་ཐང་ཇེ་ཆེར་འགྲོ། འཛམ་གླིང་གི་གནས་ཚུལ་འདི་འདྲ་ཞིག་གི་འོག་ཏུ་ལུགས་སྲོལ་འདི་རྒྱུན་འཁྱོངས་དང་དར་སྤེལ་བྱེད་ཐུབ་པ་ནི་རང་རེའི་གཟི་བརྗིད་དུ་འགྱུར་ལ། རང་རེའི་མི་རིགས་འདི་གཞན་ཕན་གྱི་བྱ་བ་ལ་གཙུགས་སུ་འཛིན་པ་དང་། རྒྱུ་འབྲས་དྲང་བདེན་གྱི་ལམ་ལ་མཐོང་ཆེན་བྱེད་པ་དང་། ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་ལག་ལེན་དུ་འདེབས་པ་དང་། གཞན་ལ་གནོད་པ་སྤངས་པའི་སྒོ་ནས་རང་གི་འཚོ་ཚིས་བསྒྲུབ་པ་གཞི་རྩར་འཛིན་མཁན་ཞིག་ཏུ་བྱུང་ན་འཛམ་གླིང་གི་མི་རིགས་རྣམས་ཀྱི་གྲལ་དུ་མགོ་བོ་གཟེངས་སུ་བཏེགས་ནས་འགྲོ་ཆོག་པ་ཞིག་འོང་བ་ཡིན། དེས་ན་དགེ་བ་བཅུའི་སྲོལ་ཞེས་པ་འདི་མི་རིགས་ཀྱི་སྤུས་ཀ་དང་འབྲེལ་ནས་ཡོད་པ་མ་ཟད། མི་རིགས་ཀྱི་སྲོག་རྩ་དང་ཡང་འབྲེལ་བ་དམ་པོ་ཡོད་པས་ཤིན་ཏུ་གལ་ཆེ་བའི་རང་བཞིན་ཅན་ཞིག་ཡིན་ནོ། །
བཞི་པ་དགེ་བཅུའི་སྲོལ་གྱི་དམིགས་བསལ་ནུས་པ་ནི།
འདི་ལ་བཞི་སྟེ། ལུས་ངག་གི་མི་དགེ་བ་བདུན་པོ་འདི་རྣམས་ཅི་རིགས་པ་ཞིག་ནི་རྒྱལ་ཁབ་ཀྱི་ཁྲིམས་ཀྱིས་ཀྱང་འགོག་པ་ཡིན་མོད། འོན་ཀྱང་ལས་འབྲས་རྒྱུས་དང་ཚེ་སྔ་ཕྱི་ལ་ཡིད་ཆེས་པའི་མི་རིགས་ཤིག་ལ་མཚོན་ན། འདི་གཉིས་ལ་ནུས་པ་ཐོན་ཚུལ་མི་འདྲ་བ་ཡོད་དེ། དང་པོ་སྔོན་འགོག་གི་ནུས་པ། འཇིག་རྟེན་པའི་ཁྲིམས་གང་ཡིན་ཡང་ཁྲིམས་དང་འགལ་བ་བྱས་ཟིན་པའི་རྗེས་སུ་ཁྲིམས་ཆད་ཀྱི་ཕྱིར་དུ་ནོར་འཕྲོག་པ་དང་བཙོན་དུ་འཇུག་པ་དང་སྲོག་གཅོད་པ་སོགས་བྱེད་མོད། འོན་ཀྱང་དེའི་ཚེ་བྱ་བ་ངན་པ་དེ་དག་བྱས་ནས་རང་གཞན་གཉིས་ཀ་ལ་གནོད་པ་བསྒྲུབས་ཟིན་པས་མང་པོ་ཞིག་ལ་ཕྱིར་བཅོས་སུ་མེད། གང་ཟག་དེས་ཀྱང་ཁྲིམས་འགལ་བྱས་ཟིན་པས་འགྱོད་པ་སྐྱེས་ཀྱང་བྱ་ཐབས་བྲལ། དགེ་བཅུའི་སྲོལ་དེ་དང་མི་འདྲ་སྟེ། སྲོག་མི་གཅོད་པ་དང་རྐུ་མི་བྱེད་པ་སོགས་སྔོན་དུ་དམ་བཅའ་བའམ་སྡོམ་པ་བླངས་ནས་སྔོན་འགོག་བྱེད་པ་ཡིན་ཏེ། འཇིག་རྟེན་པའི་གཏམ་དཔེ་ལ་ཆུ་མ་བྱུང་གོང་ནས་ཆུ་རགས་དང་རླུང་མ་བྱུང་གོང་ནས་རླུང་རགས་ཞེས་པ་ལྟ་བུ་ཡིན་པས་གཞན་གྱིས་འདོན་ཐབས་མེད་པའི་ནུས་པ་ཞིག་འདིས་ཐོན་པ་ཡིན་ནོ། །
གཉིས་པ་མངོན་ལྐོག་གི་ནུས་པ་ནི། རྒྱལ་ཁབ་གྱི་ཁྲིམས་དང་འགལ་བ་ནི་ཚེ་འདིར་གཞན་གྱིས་ཤེས་ན་ཆད་པ་འོང་གིས། མ་ཤེས་ན་ཁྲིམས་འགལ་གྱི་ཉེས་པ་ཇི་འདྲའི་ཆེན་པོ་ཞིག་བྱས་ཀྱང་ཚེ་ཕྱི་མ་ལ་རྒྱལ་ཁྲིམས་ཀྱི་ཆད་པ་འཕོག་ཐབས་མེད་པས་མངོན་ལྐོག་གཉིས་ཀ་ལ་སྲུང་བའི་ངེས་པ་མེད། དགེ་བཅུའི་སྲོལ་དང་འགལ་ན་ནི་ཚེ་འདིར་གཏན་ནས་མ་ཤེས་ཀྱང་ཚེ་ཕྱི་མར་ཆད་པ་འཕོག་ངེས་ཡིན་པས་མངོན་ལྐོག་གཉིས་ཀའི་དུས་སུ་སྲུང་བར་བྱེད་དོ། །
གསུམ་པ་ཁྲིམས་འཛིན་པ་ལ་འབྲེལ་བ་གཞག་ས་ཡོད་མེད་ཀྱིས་མི་འདྲ་བ་ནི། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ་བྱས་ཀྱང་སྐབས་འགར་ཁྲིམས་འཛིན་མི་སྣ་དག་གི་འབྲེལ་བ་སྣ་ཚོགས་པ་ལ་བརྟེན་ནས་ཆད་པ་མི་གཅོད་པའམ་བཅད་ཀྱང་ཅུང་ཟད་ཙམ་ལས་མི་གཅོད་པ་ཤིན་ཏུ་མང་པོ་ཡོད། ལས་རྒྱུ་འབྲས་དང་འགལ་ན་ནི་དེ་འདྲའི་འབྲེལ་བ་བཙལ་ས་ཅི་ཡང་མེད་པས་དང་པོ་ནས་གཟབ་པར་བྱེད་པ་ཡིན་ནོ། །
བཞི་པ་ཁྲིམས་ཆད་ལྕི་ཡང་མི་འདྲ་བ་ནི། རྒྱལ་ཁབ་ཀྱི་ཁྲིམས་ལ་མི་ཞིག་བསད་ནའང་སྤྱིར་བཏང་ལ་ལོ་ཁ་ཤས་ལ་བཙོན་ཁང་དུ་སོང་ནས་ངལ་རྩོལ་བྱ་དགོས་པ་ཙམ་ཞིག་ཡིན། རྒྱུ་འབྲས་ཀྱི་ལུགས་ལ་སྲོག་བཅད་ན་དམྱལ་བར་སྐྱེས་ནས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་མྱང་དགོས་པས་ལྷག་པར་གཟབ་པ་ཡིན་ནོ། །
དེས་ན་ལས་རྒྱུས་འབྲས་ལ་ཡིད་ཆེས་པའི་མི་ཕལ་མོ་ཆེ་ཞིག་ལ་དགེ་བཅུའི་སྲོལ་འདི་ཧ་ཅང་གཉན་པས་ཉེས་སྤྱོད་འགོག་པ་ལ་ཕན་ཐོག་ཤིན་ཏུ་ཆེ། འོན་ཀྱང་མི་རེ་ཟུང་ལ་ནི་རྒྱལ་བའི་བཀའ་ལས་ཀྱང་དབྱུག་པ་བཙན་པ་ཡོད་པས་དེ་དག་ལ་བྱ་ཐབས་མི་འདུག་གོ །

མུར་འགོད།

日期: 2012-07-18

来自: ཨ་མའི་གླེབས་རིལ།

主题: རེ་བའི་ངུ་ངག

བཤད་འདོད་པ་ཞིག་ནི། དྲྭ་ཚུགས་འདི་ལོ་མང་པོ་ཞིག་གི་སྔོན་ནས་བཟོས་སོང་ལ་དེ་དུས་ང་རང་ཧ་ཅང་དགའ་ཡོད། སྐབས་དེར་གཉེན་པོ་གཡུ་རྩེ་ཤེས་རིག་ལྟེ་གནས་དང་། གཉེན་པོ་གཡུ་བརྩེའི་པོད་ཁུག ཁམས་པའི་དྲ་བ་སོགས་གཅིག་ཀྱང་མགོ་ཙམ་ཡང་རྩོམ་མེད། ཡིན་ནའང་ད་ལྟ་དྲྭ་ཚུགས་དེ་འདྲ་མང་པོ་ཞིག་ཡར་རྒྱས་ཕུན་སུམ་ཚོགས་པ་ཞིག་སོང་ཡོད། འོན་ཀྱང་
༼རྨ་རྒྱལ་སྦོམ་ར་མགོ་ལོག་བོད་པའི་དྲྭ་ཚུགས་༽དབུ་བརྙེས་ནས་བཟུང་འགུལ་བསྐྱོད་ཙམ་ཡང་མེད་པ་འདི་གནད་དོན་གང་ཞིག་ལ་ཐུག་པ་ཡིན་ནམ། ཁྱེད་མགོ་ལོག་སང་ངོ་མི་ཚ་གིའམ།

日期: 2012-07-18

来自: ཨ་མའི་གླེབས་རིལ།

主题: ལུགས་གཉིས་འབྱེད་པའི་ཀེ་ཏ་ཀ

༆ ། ལུགས་གཉིས་འབྱེད་པའི་ཀེ་ཏ་ཀ་བཞུགས་སོ། ། ༤༽
དཔལ་སྤྲུལ་རིན་པོ་ཆེ་ནས།
རྒན་པོས། འོ་བློ་དང་ལྡན་པ་ཁྱོད་དེ་བཞིན་དུ་ཞིབ་པར་འདྲི་དགོས་ཏེ། རྣ་ཐོས་ཙམ་གྱིས་གོ་རྟོགས་དཀའ། ཉོན་དང་མཐོ་དམན་བར་གསུམ་སུ་ཡིན་རུང་ཐོག་མར་བཟང་ངན་བརྟག་དགོས། མི་ལ་རབ་འབྲིང་ཐ་གསུམ་ཡོད། རབ་ཀྱིས་ཡུལ་ཁམས་སྡེ་འབངས་ཀུན་གྱི་སྤྱི་དོན་བྱེད་ཅིང་རང་དོན་ཞོར་བྱུང་དུ་འགྲུབ་ནས་འོང་། འབྲིང་གིས་གཞན་ལ་མི་གནོད་པར་རང་དོན་སྨོན་རྒྱུ་ཡོད་པ་ཞིག་འགྲུབ་ནས་འོང་། ཐ་མས་གཞན་ལ་གནོད་པ་སྐྱེལ་བཞིན་རང་དོན་ཁོ་ན་ཙམ་བསྒྲུབ་ཀྱང་ཇི་བཞིན་འགྲུབ་དཀའ། གལ་སྲིད་མི་ངན་འགའ་ཞིག་གིས་ཁྲེལ་དང་ངོ་ཚ་ཁྱད་དུ་བསད་དེ་རང་དོན་ཨུ་ཚུག་སྦར་བཅང་གིས་བསྒྲུབ་ནས་གཏམ་ངན་མི་ཁ་དང་བཅས་ཏེ་འགྲུབ་ཙམ་འོང་བ་ཡང་ཡོད། འོ་དེ་རེ་རེ་ལའང་རབ་འབྲིང་ཐ་གསུམ་ཡོད་དེ། ལར་ཆོས་དང་འཇིག་རྟེན་གཉིས་ཀ་ལ་རབ་འབྲིང་ཐ་གསུམ་རེ་ཕྱེ་རྒྱུ་ཡོད། དེང་སང་བསྟོད་ན་ཨ་སྔོན་གནམ་གྱི་དཀྱིལ་རེད། སྨད་ན་དོག་མོ་སའི་གཏིང་རེད། དེ་མིན་རང་རང་གི་ས་ནས་འཇོག་མི་ཤེས་པ་འདི་ཁོག་པ་ཆུང་བའི་སྐྱོན་རེད། ལར་རྒྱུས་མེད་མི་ལ་བསྟོད་ར་མ་སྔ། རྒྱུས་ཡོད་མི་ལ་དགའ་སྡུག་མ་སྔ། ཟེར་བ་རེད། བཟང་པོ་བླ་མ་མི་དཔོན་ཚོ་ལ་ཡང་སྐྱོན་སྣ་རེ་དང་། ངན་པ་སྤྲང་པོ་ཆོམ་རྐུན་པ་ཚོ་ལའང་ཡོན་ཏན་སྣ་རེ་མེད་མཁན་མེད་ཀྱང་། སྐྱོན་དང་ཡོན་ཏན་གང་ཆེ་དང་གང་མང་བརྟག་དགོས། སྐྱོན་མེད་ཡོན་ཏན་ལྡན་པའི་མི་དཀོན། འཛེར་མེད་དྲང་པོར་སྐྱེས་པའི་ཤིང་དཀོན། རྣོ་མཉེན་ངར་དང་ལྡན་པའི་ལྕགས་དཀོན། ཟེར་བ་རེད། མཁས་པའི་ཁོག གཡོ་ཅན་གྱི་སྒྱུ། བརྫུ་བག་ཅན་གྱི་གཤིས་འདི་ཚོ་གོ་དཀའ་བས་ངོ་ལྐོག་སྣ་ཚོགས་སྒོ་ནས་ཐབས་ཀྱིས་བརྟག་དགོས། དཔྱད་མཁས་ན་གང་རུང་གོམས་ཆ་སྐྱེ་བས་སྐྱིད། བརྟག་མཁས་ན་གང་ཐོས་ཆ་རྒྱུས་ལོན་པས་སྐྱིད། ཟེར་བའི་དཔེ་ལྟར་ཞིབ་པར་མ་བརྟག་ན་གོ་དཀའ། དགྲ་འདྲེ་གཉིས་དང་མ་འཕྲད་ན།། རང་ཚུག་ཅན་དེ་སུ་ཡང་ཡིན།། རྒྱུ་ཚེགས་གཉིས་དང་མ་འཕྲད་ན།། ཁ་བཟང་བ་དེ་སུ་ཡང་ཡིན།། གྱོད་རྐྱེན་ངན་པ་མ་འཕྲད་ན།། ཁ་མཁས་པ་དེ་སུ་ཡང་ཡིན།། སྐྱིད་སྡུག་ཐོག་ཏུ་མ་བབས་ན།། ཨ་མའི་གོ་ཁར་སུ་ཡང་བཟང་།། ཟེར་བ་རེད། བཟང་ངན་གང་ལའང་མྱུར་དུ་ཐག་མི་བཅད་པར་ཞིབ་ཏུ་བརྟག་དཔྱད་བྱེད་དགོས། གོང་གི་དཔོན་པོ་སོགས་གཙོ་བོ་རྣམས་ནི། སྤྱིར་ཁ་ཉུང་། ཁོག་ཡངས། ཚོད་ཟིན། ཚུགས་ཐུབ། བསམ་པ་བཟང་། སྤྱོད་ལམ་ཞིབ་པ་སོགས་ཡོན་ཏན་ཐམས་ཅད་ཚང་བ་དང་། ཁྱད་པར་ཁྲལ་དང་ཁྲིམས་ཀྱི་ཐོག་ལ་རང་འདོད་ཞེ་བཞག གཞན་ངོ་མཐོ་དམན། མི་ངོ་ནོར་ངོ་སོགས་ཀྱི་དབང་དུ་མི་གཏོང་བར་རྒྱུ་འབྲས་དྲང་པོ་ཚད་འཛིན་ཕེར་བ་ཞིག་དགོས། ལར་དཔོན་མེད་ན་འབངས་མགོ་སུ་ཡིས་སྐྱོབ།། འབངས་མེད་ན་རྒྱལ་པོ་སུ་ལ་བྱེད།། དཔོན་དྲང་ན་རྗེ་འབངས་སྐྱིད་ཅིང་བཙན།། འབངས་རྒྱས་ན་རྒྱལ་པོའི་རྒྱན་ཆ་ཡིན།། དཔོན་བཟང་པོས་འབངས་ལ་ཁ་མགོན་མཛད།། འབངས་བཟང་པོས་དཔོན་ལ་རྩི་བཀུར་བྱེད།། དེ་ཡང་ཤིང་གིས་ཤིང་བཏེགས་ན་ཀ་བ་དང་གདུང་མ། མི་ཡིས་མི་བཏེགས་ན་དཔོན་པོ་དང་གཡོག་པོ། ཟེར་བ་ལྟར། རྗེ་འབངས་གཅིག་གིས་གཅིག་ལ་ཕ་དང་བུ་ལྟར་བརྟེན་དགོས། ཕ་ཁུ་ཞང་པོ་རྒན་རབས་རྣམས་ནི། ཁ་ཉུང་ཞིང་གཤིས་འཇམ་པ། བུ་ཚ་རྣམས་ཀྱི་ཐོག་ཏུ་ཁ་མཆུ་བུ་ལོན་སོགས་ཀྱི་ཤུལ་བཞག་ངན་པ་མེད་པ། ལུས་བདེ་སེམས་བདེ་འཆི་ཆོས་རྣམ་དག་ལ་འབད་ཀྱིན་སྡོད་པ་ཞིག་ཡིན་དགོས། ཕོ་སྐྱེས་པ་རྣམས་ནི། བློ་དང་བྱ་བ་ཚོད་ཟིན་པ། དགྲ་བོ་བཙན་པོ་ལ་ཡ་ཐུབ་པ། གཉེན་དང་དམན་པའི་ཚིག་ཐེག་པ། རྒྱུད་འཇམ་ཞིང་ཕྱི་ཐག་རིང་བ། རང་ཚུགས་ནམ་ཡང་མི་འཆོར་བ་ཞིག་དགོས། ཕུ་ནུ་ནང་འཛིང་བྱུང་ན་ཁྲེལ་མེད་རྒྱལ།། བཟའ་ཚང་ནང་འཛིང་བྱུང་ན་བུད་མེད་རྒྱལ།། ཟེར་བ་ལྟར། ཕྱིའི་དགྲ་འདུལ་བ་ལ་དཔའ་ཡང་། ནང་གི་གཉེན་ཉེ་བ་ལ་ཕམ་ཁ་ལེན་གང་ཐུབ་བྱེད་པ་དེ་ཚོ་བུ་བཟང་པོ་ཡིན། བུད་མེད་རྣམས་ནི། ཁ་དང་བློ་སྣ་མི་མང་བར། རང་ཁྱོ་ལྷ་ལྟར་རྩི་བ། གཞན་ཁྱོ་དུག་ལྟར་འཛེམ་པ། ཚག་ཞིབ་གསོག་འཇོག་མཁས་པ། བྲན་གཡོག་སྒོ་ཕྱུགས་སྐྱོང་བདར་ལེགས་པ། སེམས་ཆུང་དམན་ས་འཛིན་ཅིང་། ཁྲེལ་དང་ངོ་ཚ་ཆེ་བ་ཞིག་དགོས། བྲན་གཡོག་སོགས་དམན་པ་རྣམས་ནི། ངན་སེམས་གཡོ་སྒྱུ། ཁ་རྫུན་ལག་བརྐུ། ལྐོག་ལབ་དཀྲུགས་ཤིང་སོགས་མི་བྱེད་པ། སྦྱིན་བདག་ལ་ཤ་ཚ་བ། གོ་ཆེ་ཆོད་ཆུང་ཆོད་གང་ཟེར་ཁ་ལ་ཉན་པ་ཞིག་དགོས། ལར་མཐོ་དམན་བར་གསུམ་སུ་ཡིན་ཡང་བསམ་ངན་གཡོ་སྒྱུ་ཅན། བློ་མང་ཁ་མང་ཚོད་མེད་སྤྲོ་ཐུང་གི་རིགས་སོགས་ངན་པ་རྣམས་ནི་ཐབས་ཀྱིས་སྤངས་དགོས་ཏེ། ཞེ་སྡང་གི་གྲོགས་པོ་མེད་ན་དགའ།། ཤིག་ཚང་གི་དུག་སློག་མེད་ན་སྐྱིད།། ཟེར་བ་རེད། སྤྱིར་གཅིག་ལ་བཟང་ཡང་ཀུན་ལ་མི་བཟང་། གཅིག་ལ་ངན་ཡང་ཀུན་ལ་མི་ངན། སེམས་ཅན་རང་རང་གི་ལས་དང་ལས་ཀྱི་འབྲས་བུ་སྣ་ཚོགས་པའི་དབང་གིས་ཡིན། ལར་དགྲ་ལ་ཡང་སྔོན་ལས་ཀྱི་དབང་གིས་དགྲར་གྱུར་པ་དང་། ཕ་རོལ་པོས་མ་ཤེས་པའམ་ཐབས་མེད་ཀྱིས་དགྲར་གྱུར་པ་དང་། གཞན་གྱིས་དབྱེན་སྦྱོར་རམ་རང་གིས་དཔྱད་མ་ཤེས་པས་དགྲར་བཟུང་བ་སོགས་མང་པོ་ཡོད། དགྲ་ཡང་ཡ་རབས་བསྟེན་ཆོག་པ་ཞིག་ཡིན་ན་བྱམས་པའི་ཚིག་གིས་སེམས་ཕབ་སྟེ་ཐབས་ཀྱིས་གྲོགས་སུ་འགུགས་པ་མཁས་པའི་བྱེད་ལུགས་ཡིན། དགྲ་ངན་པ་མ་རུང་བའི་རིགས་ཞིག་ཡིན་ན་ཁ་འཇམ་ཁོག་གྱོང་ཁྲམ་གཡོ་ཐབས་སྣ་ཚོགས་ཀྱིས་འདུལ་དགོས། དཔུང་ཤེད་བཙན་པོས་འདུལ་བ་ནི་ཀུན་གྱི་སྤྱི་ལུགས་ཡིན། མི་ཐུབ་བཞིན་དུ་ཁས་ལེན་བྱེད་པ་བླུན་པོ་ཡིན་ཏེ། བཤད་མི་ཤེས་ཁ་རོག་བསྡད་ན་མཛེས།། ལས་མི་ཐོན་འགོ་ནས་བསྐྱུར་ན་མཛེས།། དཔའ་མི་ཐུབ་རྒྱང་ནས་བཞག་ན་མཛེས།། ཟེར་བ་རེད།

མུར་འགོད།

日期: 2012-07-11

来自: ཨ་མའི་གླེབས་རིལ།

主题: རེ་བའི་ངུ་ངག

གནམ་མགོ་ལོག ས་མགོ་ལོག་ཟེར་དུས་ངོ་ཚ་མེད་པ་ཞིག་ལབ་ཀྱི་ཡོད་རེད། ད་དུང་ཡང་རྨ་རྒྱལ་སྦོམ་ར་མགོ་ལོག་བོད་པའི་དྲྭ་ཚུགས་འདི་བདག་བྱེད་མཁན་ཞིག་མེད་པ་སེམས་པ་རེ་སྐྱོ།

日期: 2012-07-11

来自: ཨ་མའི་གླེབས་རིལ།

主题: དགེ་བཅུའི་སྲོལ་གྱི་རྣམ་གཞག

༄༅། ། དགེ་བཅུའི་སྲོལ་གྱི་རྣམ་གཞག་བཞུགས་སོ། །
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།
འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
རང་རེ་བོད་གངས་ཅན་གྱི་ལྗོངས་འདིར་དམ་པའི་ཆོས་མ་དར་བའི་གོང་རོལ་དུ་རང་ཅག་གི་མི་རིགས་འདི་གཏུམ་དྲག་ཅན་གྱི་མི་རིགས་ཤིག་ཡིན་པར་བཤད། དམ་པའི་ཆོས་དར་བ་ནས་བཟུང་ལས་རྒྱུ་འབྲས་ཀྱི་རྣམ་དབྱེ་ཤེས། བྱམས་སྙིང་རྗེས་སེམས་རྩ་བརླན། བློ་ཕུགས་དམ་པའི་ཆོས་ལ་གཏོད་པའི་ཡ་རབས་ཀྱི་མི་རིགས་ཤིག་ཏུ་གྱུར། དེ་ཡང་ཆོས་རྒྱལ་སྲོང་བཙན་གྱི་སྐབས་ནས་རིག་གནས་གསར་པ་མང་པོ་དར། ལུགས་སྲོལ་གསར་པའང་མང་པོ་ཞིག་བཙུགས། དེ་རྣམས་ཀྱི་ཁྲོད་ནས་འདིར་དགེ་བ་བཅུའི་སྲོལ་ཞེས་པ་དེ་བསྐྱར་གསོ་བྱ་བའི་སྐོར་ཅུང་ཟད་ཅིག་འཆད་པར་འདོད་དོ། །
འདི་ལ་དོན་ཚན་བརྒྱད་ཡོད་དེ། དང་པོ་དགེ་བཅུའི་སྲོལ་གྱི་བྱུང་བ་བཤད་པ་ནི། ལྷ་ཆོས་དགེ་བ་བཅུའི་སྲོལ་འདི་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་རྒྱ་ཁྱབ་ཆེན་པོའི་སྒོ་ནས་དར་བར་མཛད་པ་ཞིག་སྟེ། བཀའ་ཆེམས་ཀ་ཁོལ་མ་ལས། ད་དགེ་བ་བཅུའི་ཁྲིམས་བཅའ་དགོས། སྔོན་ཡང་ཁྲིམས་མེད་པས་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་མཐར་ཡན། ད་ཡང་ཁྲིམས་མེད་ན་ཉེས་པ་སྣ་ཚོགས་ཀུན་བྱེད་པས། ངའི་དབོན་སྲས་ཞང་བློན་རྣམས་སྡུག་བསྔལ་བར་འགྱུར་བས། ངའི་རྒྱལ་ཁམས་སུ་གཏོགས་པའི་མི་རྣམས་ཀྱིས། སྲོག་མ་གཅོད་ཅིག བཅད་ན་སྟོང་འདོད། མ་རྐུ། བརྐུས་ན་འཇལ་འདོད། མ་རྡུང་མ་འཕྲོག་ཅིག འཕྲོག་ན་འཇལ་འདོད། བྱི་བྱས་ན་བྱི་རིན་འདོད། རྫུན་དང་ཕྲ་མ། ངག་འཁྱལ། བརྣབ་སེམས། གནོད་སེམས། ལོག་ལྟ། ཁྲིམས་དང་འགལ་བའི་ལས་རྣམས་གང་བྱས་ལ། དེ་རྣམས་ཀུན་ལ་ཆད་པ་གང་ཐོབ་གཅོད་བྱ་བ་ལ་སོགས་པ་གསུངས་པས། ཞེས་དང་། མ་ཎི་བཀའ་འབུམ་ལས། སྔོན་གྱི་དུས་ན་བོད་ཀྱི་ཡུལ་འདིར་རྒྱལ་ཕྲན་བཅུ་གཉིས་ཀྱིས་ཁྲིམས་བཅས་པ་མི་དགེ་བར་སོང་ནས་བོད་ཡུལ་དུ་བདེ་བ་མ་བྱུང་བ་ཡིན་ནོ། །
ང་ནི་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པས་བོད་ཁམས་ཐམས་ཅད་དགེ་བ་ལ་འགོད་
པར་བྱའོ། །
ཆོས་ཁྲིམས་མེད་ན་མི་དགེ་བའི་དབང་དུ་གྱུར་ནས་སྡུག་བསྔལ་བའི་རྒྱུ་འབའ་ཞིག་ལ་སྤྱད་པས། འབྲས་བུ་ངན་སོང་གསུམ་དུ་སྐྱེ་བར་འགྱུར་རོ། །
ཞེས་དང་། མདོར་ན་མི་དགེ་བ་བཅུ་པོ་དེ་ངའི་བཀའ་དང་འཁོར་དུ་གཏོགས་པ་རྣམས་ཀྱིས་སྤོངས་ཤིག །
ཅེས་གསུངས་པ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། སྲོང་བཙན་གྱི་ལོ་རྒྱུས་སྐབས། འཛམ་གླིང་གི་ཕྱེད་ལ་ཁ་ལོ་བསྒྱུར། དགེ་བཅུའི་ཁྲིམས་བཙན་བདེ་སྐྱིད་ལྷ་དང་མཉམ་པ་ཡིན་ནོ། །
དེ་ལྟར་འདི་ཕྱི་ཀུན་ཏུ་ཕན་པ་ཡི།། བཟང་པོའི་བཙན་ཁྲིམས་གཉའ་ཤིང་དམ་པར་བསྡམས།། རི་དྭགས་རྣམས་ནི་རྒྱལ་པོའི་དཀོར་ནོར་མཛོད།། ར་ལུག་བེའུ་ལ་སོགས་རང་ཡན་གཏོང་།། ཞེས་སོགས་གསུངས་པའི་ཕྱིར་རོ། །
དེའི་རྗེས་སུ་རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱི་སྐབས་སུ་སྔ་མ་དེ་དག་ཀྱང་དེ་བས་ཇེ་ཟབ་ཏུ་བཏང་བར་མངོན་ཏེ། རྦ་བཞེད་ལས། དུས་འདི་ཕན་ཆད་བཀའ་ཤོག་ཆེན་པོ་བཏང་སྟེ། ཆོས་ཁྲིམས་བཅས། སླན་ཆད་ཆབ་འོག་གི་འབངས་ལས་ཕོ་མིག་མི་འབྱུང་། མོ་སྣ་མི་གཅོད། མཚང་ཅན་མི་དགུམ་པར་གནང་། སྐྱེ་བོ་ཐམས་ཅད་ཀྱིས་རྗེའི་བཀའ་ཉན་ཞིང་རྗེ་འབངས་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་དབུའི་མཆོད་གནས་སུ་བྱས་ནས་ཕྱག་དང་མཆོད་པ་དང་བཀུར་སྟིར་བྱ་བ་སོགས་ཆོས་ཀྱི་བཀའ་ཁྲིམས་ཆེན་མོ་སྩལ་བར་བཀར་བཏགས། ཞེས་གསུངས་པའི་ཕྱིར་རོ། །
བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་གྱུར་པའི་རྗེས་སུའང་ཡུལ་གྲུ་སོ་སོ་ན་དགེ་བ་བཅུའི་སྲོལ་ཆ་ཚང་བའམ་ཐོར་བུ་རིམ་པ་མི་འདྲ་བ་སྣ་ཚོགས་ཡོད་པ་སྔོན་གྱི་ཡིག་ཆ་རྣམས་ན་མང་དུ་མཐོང་རྒྱུ་ཡོད། དེ་ལྟར་ལྷ་ཆོས་དགེ་བ་བཅུ་པོ་འདི་ལ་ལོ་སྟོང་ལྷག་གི་ལོ་རྒྱུས་ཡོད་པས་བོད་མི་ཡོངས་རྫོགས་ཀྱི་སེམས་ལ་བག་ཆགས་ཤིན་ཏུ་ཟབ་མོ་ཐེབས་པར་གྱུར་ཏེ། སྔོན་ཆོས་རྒྱལ་རྣམས་ཀྱི་སྐུ་རིང་ལ་འདི་རྣམས་ཁྲིམས་ཀྱི་རྣམ་པར་ཡོད་ཀྱང་ཕྱིས་རིམ་གྱིས་བོད་ཀྱི་དམངས་ཁྲོད་དུ་ཁྲིམས་ཀྱི་རྣམ་པར་མེད་ཀྱང་། ལུགས་སྲོལ་ལམ་ཀུན་སྤྱོད་ཀྱི་ཚད་གཞི་འཛིན་བྱེད་ལྟ་བུ་ཞིག་ཏུ་གྱུར། འོན་ཀྱང་ཟིང་འཁྲུག་ལོ་བཅུ་སོགས་ཀྱི་ཚེ་ན་སྲོལ་རྒྱུན་རིག་གནས་ཐམས་ཅད་ལ་གཏོར་བཤིག་རྒྱ་ཆེན་པོ་ཕོག་པ་བཞིན་དུ་ཡུལ་སོ་སོའི་དགེ་བཅུའི་སྲོལ་རྣམས་ཀྱང་གཞི་མེད་དུ་གྱུར་ཏོ། །
གཉིས་པ་དགེ་བ་བཅུའི་སྲོལ་གྱི་ངོ་བོ། དགེ་བཅུའི་སྲོལ་ཞེས་པ་དེ་གང་དག་ཡིན་ཞེ་ན། བཀའ་ཆེམས་ཀ་ཁོལ་མ་ལས། མི་དགེ་བ་བཅུའི་ནང་ནས་ཚིག་རྩུབ་མ་གཏོགས་གཞན་ཐམས་ཅད་དངོས་སུ་གསུངས་ཤིང་། ཚིག་རྩུབ་ཀྱང་དོན་གྱིས་འཐོབ་པས་ཤུགས་ལ་བསྟན་པ་དེ་རྣམས་ཡིན། དེ་ཡང་འཇམ་མགོན་མི་ཕམ་རྒྱ་མཚོའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། མི་དགེ་བཅུ་པོ་དུག་འདྲ་སྟེ།། འདིར་གནོད་ཕྱི་མ་སྡུག་བསྔལ་ཀྱང་།། ཞེ་འདོད་ལག་ལེན་འགལ་རྣམས་ལ།། ཆོས་རྒྱལ་རྣམས་ཀྱིས་ཁྲིམས་སུ་མཛད།། མི་གསོད་པ་དང་ནོར་རྐུ་དང་།། ཆུང་མ་འཕྲོག་དང་བྱི་བྱེད་དང་།། རྫུན་གྱིས་བསླུ་དང་ཕྲ་མས་འབྱེད།། དོན་མེད་རྩུབ་མོའི་ཚིག་གིས་གཅོད།། འདི་དག་གནོད་ཚབས་ཆེ་ཆུང་དང་།། སྔར་གྱི་ལན་སྐྱོན་ཡོད་མེད་སོགས།། ཉེས་པའི་འོས་དང་བསྟུན་ནས་སུ།། ཆད་པའི་ལུས་ཀྱིས་བཀག་པར་བྱ།། རགས་པའི་ཉེས་པ་རྣམས་བཀག་པས།། ཕྲ་བ་ཡིད་ཀྱི་ཉེས་པ་རྣམས།། ཤུགས་ཀྱིས་མཐུ་ནི་མེད་བྱས་པས།། དགེ་བཅུའི་ཁྲིམས་སུ་བཅས་ཞེས་བྱ།། ཞེས་གསུངས་པ་ལྟར་སྤྱིར་མི་དགེ་བ་བཅུ་དང་དེའི་ནང་ནས་ཀྱང་གཙོ་བོ་ལུས་ངག་གི་མི་དགེ་བ་བདུན་པོ་དེ་མི་བྱེད་པ་ཡིན་ཏེ། ལུས་ཀྱི་སྒོ་ནས་སེམས་ཅན་གྱི་སྲོག་གཅོད་པ་དང་། རྐུ་འཕྲོག་བྱེད་པ་དང་། གཞན་གྱི་ཆུང་མ་འཕྲོག་པ་གསུམ་དང་། ངག་གི་སྒོ་ནས་རྫུན་ཚིག་འདྲ་མིན་སྣ་ཚོགས་ཀྱིས་གཞན་བསླུ་བ་དང་། མཐུན་པ་རྣམས་ཀྱི་བར་དུ་དབྱེན་ནམ་ཕྲ་མ་བྱས་ཏེ། མཐུན་སྒྲིལ་ལ་གཏོར་བཤིག་བྱེད་པ་དང་། གཞན་གྱི་མཚང་འདྲུ་བ་སོགས་བརྗོད་བྱ་ངན་པ་ཅན་ནམ་ཡ་རབས་ཀྱི་ལུགས་སྲོལ་དང་འགལ་བའི་ཚིག་རྩུབ་མོ་སྨྲས་ཏེ། གཞན་གྱི་སེམས་མི་དགའ་བར་བྱེད་པ་དང་། དོན་མེད་ཀྱི་གཏམ་འཁྱལ་མང་པོས་གཞན་སེམས་ཆགས་སྡང་གིས་འཁྲུག་པར་བྱེད་པ་སྟེ། བདུན་པོ་འདི་ལུས་ངག་གི་མི་དགེ་བ་བདུན་ཡིན་ལ། འདི་རྣམས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ནང་དུ་སྡུག་བསྔལ་ཆེ་ཆུང་སྣ་ཚོགས་པ་སྒྲུབ་པའི་རྒྱུ་དངོས་ཡིན་པས་མི་དགེ་བ་ཞེས་བྱ་བ་ཡིན། ཡིད་ཀྱི་མི་དགེ་བ་གསུམ་སྟེ། གཞན་གྱི་ནོར་རྫས་ལ་སྲེད་ནས་དེ་ཚུལ་དང་མི་མཐུན་པའི་ཐབས་ཀྱིས་ལེན་པར་འདོད་པ་བརྣབ་སེམས་དང་། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་པར་འཛིན་པའི་ལོག་ལྟ་སྟེ། འདི་དག་ལུས་ངག་གི་མི་དགེ་བ་རྣམས་བསྐྱེད་པའི་རྒྱུ་ཡིན་པས་གནོད་ཚབས་ཤིན་ཏུ་ཆེ་བ་ཡིན་ཡང་དངོས་སུ་འགོག་དཀའ། འོན་ཀྱང་ལུས་ངག་གི་མི་དགེ་བ་རྣམས་དངོས་སུ་བཀག་ན་དེའི་ཤུགས་ཀྱིས་དེ་དག་སྟོབས་ཞན་པར་འགྱུར་བས་དགེ་བཅུའི་སྲོལ་བཙུགས་ཞེས་བརྗོད་ན་ཆོག་པ་ཡིན། དངོས་སུ་འགོག་དགོས་རྒྱུ་ནི་སྤྱིར་ལུས་ངག་གི་བདུན་པོ་དང་དེའི་ནང་ནས་ཀྱང་། གོང་དུ། འདི་དག་གནོད་ཚབས་ཆེ་ཆུང་དང་། ཞེས་གསུངས་པ་བཞིན་དུ་གནོད་ཚབས་ཆེ་ཤོས་རྣམས་ཡིན་ནོ། །

མུར་འགོད།

日期: 2012-07-09

来自: ཨ་མའི་གླེབས་རིལ།

主题: ལུགས་གཉིས་འབྱེད་པའི་ཀེ་ཏ་ཀ

༆ ། ལུགས་གཉིས་འབྱེད་པའི་ཀེ་ཏ་ཀ་བཞུགས་སོ། ། ༣༽
དཔལ་སྤྲུལ་རིན་པོ་ཆ་ནས།
ད་འོག་མ་སྐྱོང་ལུགས་ནས་བཤད་ན། རང་བས་ཞན་པ་ཁས་དམན་ཉམ་ཆུང་རྒྱུ་མེད་སྤྲང་པོ་རྣམས་ལ་བརྙས་བཅོས་དམན་ལྡང་ཐུབ་ཚོད་མི་བྱེད་པར་གཏམ་དང་ཟས་གོས་སོགས་ཀྱིས་ཕན་ཅི་ཐོགས་བྱ། གལ་སྲིད་ཕན་མ་ཐོགས་ནའང་ཁ་འཇམ་ཁོག་དྲང་རེ་བྱེད་དགོས། ཁས་དམན་ཐོག་ཏུ་དབང་ཤེད་བསྡིགས་ར་བརྡུང་བཙོག་བྱེད་ནས་མི་དཔའ་བོ་ཡིན་མདོག་ཁ་པོ་བྱེད་པ་དེ་ནི། ལག་པའི་ཐོག་ལ་གྲི་ངན་རྣོ།། སྤྲང་པོའི་ཐོག་ལ་ཁྱི་ངན་བཙན།། ཉམ་ཆུང་ཐོག་ལ་མི་ངན་ལྡང་།། ཟེར་བ་རེད། མཐོ་འདོད་ན་དམན་ས་འཛིན་དགོས། རྒྱལ་འདོད་ན་ཕམ་ཁ་ལེན་དགོས། ཟེར་བ་རེད། ལར་ང་རང་ཚོས་གཞན་གྱི་རྒྱུ་འབྱོར་པ་ཐོབ་མངའ་ཐང་སོགས་ཅུང་ཟད་རེ་མཐོང་ན་ཁ་ལག་པས་བཀབ་སྟེ་ཧ་ལས་འགྲོ་ཁུལ་དང་། དམན་སྤྲང་པོ་ངན་པ་སོགས་མཐོང་ན་མར་ཞབས་སུ་བཅད་ནས་མགོ་མཐོ་མཐོ་བྱེད་ཅིང་ཅུང་ཟད་རེས་མཚར་འགྲོ་བ་དེ་མཐོ་དམན་སྐྱིད་སྡུག་ཆེན་པོ་གོམས་མ་མྱོང་བའི་རྟགས་ཡིན། མཐོ་དམན་བཟང་ངན་གང་མཐོང་ཡང་། སྐྱིད་སྡུག་ལེགས་ཉེས་རང་ལའང་ཡོང་བས། ཧ་ཅང་མཐོ་དགའ་ཅན་དང་། དམའ་སྡང་ཅན་དེ་བྱེད་མི་རུང་། མཐོ་དམན་སྐྱིད་སྡུག་ཕྱུག་དབུལ་ཐམས་ཅད་མི་ཚེ་གཅིག་ལ་རྟག་ཐུབ་པའང་དཀོན་ཏེ། མཐུན་པ་ཡུན་དུ་འགྲིགས་པ་དཀོན།། ཕྱུག་པོ་ཚེ་གཅིག་སྐྱིད་པ་དཀོན།། མཁས་པ་ཉེས་མ་མྱོང་བ་དཀོན།། ཟེར་བ་རེད། ད་མཉམ་པོར་འགྲོ་ལུགས་ནས་བཤད་ན། གཉེན་ཉེ་འབྲེལ། གྲོགས་དགའ་མཐུན། ཡུལ་མི་ཁྱིམ་མཚེས་སུ་ལའང་། བརྐུ་རྫུན་གཡོ་སྒྱུ་དབྱེན་དཀྲུག་ཁྲེལ་མེད་གློ་མེད་ལྐོག་ལབ་འཕྱ་སྨད་སོགས་མི་བྱ་བར་ཀུན་ལ་ཕན་གང་ཐོགས་དང་། བྱ་སྤྱོད་ཅུང་ཟད་རེ་ལ་དགའ་སྡུག་སྐྱེན་པོ་མི་བྱེད་པར་སྐྱིད་ཐེག་སྡུག་ཐེག བཟང་ཤོང་ངན་ཤོང་། སེམས་ལ་གང་དྲན་གྱི་བྱ་བྱེད་མི་མང་བར་བློ་སྣ་གཅིག་གི་ཐོག་ཏུ་བརྟན་པོར་འདུག་དགོས། སུ་ལའང་ཁྲེལ་དང་ངོ་ཚ་མི་འབོར་བར་བསམ་བཟང་གྲོས་མཐུན་ངང་དུ་གནས་དགོས། རང་ས་མི་ལ་བཞག མི་ས་རང་ལ་བཞག་ནས་དཔྱད་རྒྱུ་འདི་གལ་ཆེ། ལར་སུ་ཡིན་ཀྱང་རང་སྐྱོན་འདི་གོ་དགོས། གཞན་སྐྱོན་འཚོལ་བའི་ཐུར་མ་རྣོ་རུང་། རང་སྐྱོན་བལྟ་བའི་མེ་ལོང་ཡོད་པ་ཤིན་ཏུ་དཀོན། རང་གིས་རང་མ་བརྟག་ན་གཞན་ནས་བཤད་མཁན་མི་འོང་། ཚུར་ངོ་གདོང་མཐོང་དུས་ངོ་བསྟོད་བཤད་རུང་། རྒྱབ་ཕར་ཕྱོགས་དུས་ལྐོག་ལབ་བླ་བཙོག་ལས་མེད། གལ་ཏེ་མི་བསམ་བཟང་ཞིག་གིས་སྐྱོན་དངོས་སུ་བཏོན་ཏེ་བཤད་བྱུང་ཡང་དེ་ལ་ཉན་རྒྱུ་ཕར་ཞོག མི་གནོང་ཅན་ཁྲོ། རྟ་རྒྱབ་ཆད་འཕག ཟེར་བ་ལྟར་འཁོན་དུ་འཛིན་ཡོང་། དེང་སང་མི་ཀུན་གྱིས་རང་ཉིད་བཟང་པོ་ཞིག་ལ་ཆ་འཇོག་པ་རེད་དེ། བཟང་ངན་མཁས་པའི་གཞུང་ལུགས་ལ་བལྟས་ནས། རང་གཤིས་འདི་རང་གིས་བརྟགས་ཤིང་རང་རྒྱུད་འདི་རང་གིས་བཅོས་ཤིག་ཨེ་གོ ཞེས་ཟེར་བ་ལ། ཡང་གཞོན་ནུ་བློ་ལྡན་གྱིས། མཐོ་དམན་བར་གསུམ་གྱི་འགྲོགས་ཚུལ་དེ་ལྟར་ཡིན་ན། དེང་སང་དཔོན་པོ་སོགས་རེ་འགས་རང་ཉིད་ཁྲིམས་མཐུན་གྱིས་སྤྱོད་ལམ་ལ་གནས་ཤིང་ལུས་ངག་གིས་ཞབས་ཞུ་ཇི་ཙམ་བསྒྲུབ་ཀྱང་བྱ་སྤྱོད་ཅུང་ཟད་རེ་ཙམ་ཉེས་ན་བརྡུང་བརྡེག་དང་རྒྱུ་རྫས་ཀྱི་ཐོག་ནས་ཆད་པ་ཆེན་པོ་གཅོད་པ་དང་། དེ་བཞིན་དུ་དམན་སྤྲང་པོ། བར་གཉེན་འབྲེལ་སྤུན་མཛའ་གྲོགས་ཚོའི་ནང་ལ་ཡང་ཕར་ཕན་གང་ཐོགས་ཀྱིས་བུ་བཞིན་བསྐྱངས་རུང་། ཚུར་ནོར་རྫས་ཆུང་མ་སོགས་བརྐུ་འཕྲོག་ཁ་བསླུས་ལ་སོགས་དགྲ་བཞིན་དུ་གནོད་སྐྱེལ་མཁན་ཡང་མང་པོ་ཡོང་གིན་འདུག་པས་དེ་ཚོ་ལ་ཐབས་ཇི་འདྲ་བྱེད་དགོས་བཤད་དུ་གསོལ། ཟེར་བ་ལ།

མུར་འགོད།

日期: 2012-07-02

来自: ཨ་མའི་གླེབས་རིལ།

主题: ལུགས་གཉིས་འབྱེད་པའི་ཀེ་ཏ་ཀ

༆ ། ལུགས་གཉིས་འབྱེད་པའི་ཀེ་ཏ་ཀ ༢༽
དཔལ་སྤྲུལ་རིན་པོ་ཆེ་ནས།
ད་ཆོས་ལུགས་ལ་བཀའ་བསྟན་བཅོས་གཞུང་མན་ངག་མཐའ་ཡས་པར་བཞུགས་ཡོད་པས་ངས་ཨེ་ཤེས་མི་ཤེས་བྱས་ཏེ་བཤད་མི་དགོས། ད་ལྟ་མི་ལུགས་མདོ་ཙམ་ཞིག་བཤད་ན། ཐོག་མར་གོང་མ་བཀུར་ལུགས་ལ། མཐོ་དམན་བཟང་ངན་ཐམས་ཅད་ཀྱིས་འདི་ཕྱི་གཉིས་ཀའི་རེ་ས་བླ་མ་དཀོན་མཆོག་གསུམ་ལས་མེད་པས། སྐུ་གཟུགས་གླེགས་བམ་སཱཙྪ་མཆོད་རྟེན་སོགས་སྐུ་གསུང་ཐུགས་རྟེན་གསར་རྙིང་བཟང་ངན་གང་ཡིན་ཀྱང་རུང་དད་པ་རྩེ་གཅིག་གིས་ཞེ་ས་བཀུར་སྟི་ཕྱག་དང་མཆོད་པ་སོགས་བྱེད་དགོས་ཏེ། གང་གིས་མོས་པ་ཡིད་བྱེད་པ།། དེ་ཡི་མདུན་ན་ཐུབ་པ་བཞུགས།། ཞེས་གསུངས་པ་རེད། ཁྱད་པར་དུ་བླ་མ་སེར་མོ་བ་ཆོས་པ་རྣམས་ལ་བཟང་ངན་ལོག་ལྟ་སྐྱོན་བརྗོད་བརྙས་བཅོས་སོགས་བྱེད་མི་རུང་སྟེ། ཤི་བོས་རྣམ་ཤེས་བཅོལ་ས། གསོན་པོས་སྐྱབས་འཇུག་ཞུ་ས། ཡོད་ན་མཆོད་ས། མེད་ན་ཞུ་ས་ཡིན། ཡུལ་དཀོན་མཆོག་གསུམ་ལས་གཉན་པ་ཞིག་སྲིད་པ་འདི་ན་མེད། ཡར་དད་གུས་དང་ཚོས་བསགས་རེ་བྱས་རུང་། མར་ངན་སྨྲས་དང་གནོད་སེམས་རེ་བྱས་རུང་འབྲས་བུ་བསམ་གྱིས་མི་ཁྱབ་པ་ཡོད་པས། ཁོང་རྣམ་པ་ཚོའི་བཟང་ངན་རང་རེ་ཚོ་ལྟ་བུས་དཔྱད་མི་ཤེས་ཏེ། ང་དང་ང་འདྲ་བ་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་བཟུང་མི་རུང་ཞེས་སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས་པ་རེད། རང་གི་མཐོང་སྣང་ལ་མ་དག་པ་རེ་ཡོད་དུ་གྱུར་ནའང་དག་སྣང་དང་དད་གུས་བྱེད་དགོས། རང་གིས་རང་ངན་དུ་མ་འཇུག་དང་། གཞན་ངན་རུང་རང་ལ་མི་གནོད། ལར་དེང་སང་མཐོ་དམན་སྐྱ་སེར་ཕོ་མོ་སུ་ཡིན་ཀྱང་རུང་། གཞན་སྐྱོན་ཞིག་བཙལ་ནས་བཤད་རྒྱུ་ཨེ་རྙེད་མི་རྙེད་བལྟ་གིན་འདུག་པ་དེ་ལས་ཐུ་བའི་སྐྱོན་ཞིག་ཆོས་དང་འཇིག་རྟེན་གཉིས་ཀའི་ལུགས་ལ་མེད། གཞན་སྐྱོན་མ་ཡིན་རང་སྐྱོན་ཡིན། མེ་ལོང་ངོས་ལ་གཟུགས་ཤར་འདྲ།། འོ་དེ་འདྲ་གཞན་སྐྱོན་བཤད་སྐབས་མི་བསམ་ཤེས་ཞིག་ཡིན་ན། བཤད་དུས་ཉན་ཉན་འདྲ་ཡང་གཏིང་ན་ཞེ་ཁྲེལ་ཡོང་སྟེ། ཁོས་བཤད་ལུགས་ལ་བལྟས་ན། ཚུར་འཁོར་གྱི་ཀ་ལི། ཕར་འཁོར་གྱི་རོགས་ལི་ཞིག་རེད་སྙམ་པ་འཆར་ཡོང་། དེས་ན་གཞན་སྐྱོན་མ་བརྟག་རང་གི་སྐྱོན་ལ་བརྟག གཞན་མཚང་མ་འབྲུ་རང་གི་མཚང་ནས་བྲུས་གསུངས་པ་རེད། གཞན་ཡང་གོང་གི་དཔོན་པོ་རྒྱལ་བློན་གཙོ་བོ་ཡུལ་མི་རྒན་རབས་ཕ་མ་སློབ་དཔོན་གྲོགས་མཆེད་ཐམས་ཅད་ལ་ཞེ་ས་བཀུར་བསྟི། སྒོ་ཕྱེ་གདན་འདིང་། ཚུར་བསུ་ཕར་སྐྱེལ་སོགས་བྱེད་ནས་དད་དད་གུས་གུས་དང་། རང་དམའ་དམའ་ཞུམ་ཞུམ་བྱེད་དགོས། དེང་སང་རེ་འགས་ཁོང་ཚོ་མཐོན་པོ་དང་མཁས་པ་ཕྱུག་པོ་ཡིན་བསམ་ནས་མི་ཐམས་ཅད་ལ་བརྙས་བཅོས་བྱེད་ཀྱིན་འདུག་པ་དེ་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ཡོན་ཏན་རྒྱུད་ལ་མེད་པའི་མངོན་རྟགས་རང་མཚང་ཕྱི་རོལ་དུ་ཐོན་པ་རེད། ཡོན་ཏན་མེད་པ་ང་རྒྱལ་ཆེ།། སྙེ་མ་སྟོང་པ་མགོ་འཕང་མཐོ།། ཟེར་བའི་དཔེ་ལྟར་དང་། ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་གསུངས་པ་རེད། བཙན་ཕྱུག་བཟང་གསུམ་འཛོམ་པ་ཞིག་ལ་ཆོས་རྒྱལ་ཁྲི་སྲོང་སྡེའུ་བཙན་བས་ལྷག་པ་ཞིག་བོད་ལ་ཡོད་མ་མྱོང་ཡང་། དེས་ཀྱང་སྤྲང་པོའི་ཚུལ་གྱི་རྣལ་འབྱོར་པ་ལ་ཕྱག་དང་བཀུར་སྟི་མཛད། གཞན་ལ་མི་ཆོས་གཙང་མ་བཅུ་དྲུག་གི་བཀའ་ཁྲིམས་བཅས་པ་རེད། དེས་ན་གོང་མ་རྣམས་ལ་ཁ་མིག་ཡར་ལྟ། སྔར་དཔེ་ཕྱི་འཇོག་བྱེད་དགོས་པ་ཡིན། གང་བཟང་བའི་ཡ་རབས་ཀྱི་མི་དེ་རྒྱུད་འཇམ་དུང་ངེ་། སེམས་དྲང་ཤད་དེ། ཁོག་ཡངས་ཁྲོལ་ལེ་བ་ཞིག་ཡོང་།
མུར་འགོད།

日期: 2012-06-28

来自: ཨ་མའི་གླེབས་རིལ།

主题: ལུགས་གཉིས་འབྱེད་པའི་ཀེ་ཏ་ཀ

༆ ། ལུགས་གཉིས་འབྱེད་པའི་ཀེ་ཏ་ཀ་བཞུགས་སོ།། ༡༽
དཔལ་སྤྲུལ་རིན་པོ་ཆེ་ནས།
དེའང་མདོ་སྨད་སའི་ཐིག་ལེ་ཁྲ་མོ་གླིང་དཀར་སྟོད་ཀྱི་ས་ཕྱོགས་སུ་ཁྱིམ་བདག་ཞིག་ལ་བུ་བློ་རིག་རྣོ་ཞིང་གཤིས་བཟང་བ་ཡ་རབས་ཀྱི་རྟགས་ཐམས་ཅད་ཚང་བ་གཞོན་ནུ་བློ་ལྡན་ཟེར་བ་ཞིག་ཡོད། ཁོ་ཆུང་ངུའི་དུས་ནས་ཕ་ཤི་སྟེ་བཟང་པོའི་ཁ་ད་སློབ་མཁན་མེད་པའི་རྐྱེན་གྱིས་ཡུལ་མི་གྲོགས་ངན་འགའ་ཞིག་གི་རྗེས་སུ་འབྲངས་ནས་བརྐུ་རྫུན་གཡོ་ཁྲམ་སོགས་མ་རབས་ཀྱི་སྤྱོད་པ་ལ་ཕྱོགས་ནས་ཡོད་པའི་ཚེ། ཉིན་གཅིག་ཕྱི་རོལ་དུ་འཆགས་པའི་ལམ་ཁ་ཞིག་ན། མི་རྒན་སྐྲ་དང་སྨ་ར་དཀར་པོ་ལག་ན་མཁར་དབྱུག་རིང་པོ་ཞིག་ཐོགས་ནས་གོམས་པ་འདར་ལྡེམ་ལྡེམ་བྱས་ཏེ་འོངས་པ་ཞིག་དང་འཕྲད། དེར་གཞོན་ནུས་མི་རྒན་ལ་བལྟས་ཏེ་ཁྲེལ་རྒོད་ཅིག་བྱས་ནས་འདི་སྐད་སྨྲས། ཧ་ཧ། མགོ་ལ་ཚར་ཞྭ་མ་གྱོན་ཡང་།། དགུན་འཁྱག་བ་མོ་འདི་ན་མེད།། ལྕང་དཀར་དབྱུག་པ་མ་བཟུང་ཡང་།། སྒོ་ཁྱི་བཙན་པོ་འདི་ན་མེད།། ལྡེམ་ལྡེམ་གོམས་པ་མ་སྤོས་ཡང་།། བྲོ་གར་འཁྲབ་ས་འདི་ན་མེད།། མི་རྒན་ས་ཕྱོགས་གང་ནས་ཡིན།། ད་ནངས་ཡོང་བ་གང་ནས་ཡོང་།། དོ་ནུབ་འགྲོ་བ་གང་དུ་འགྲོ།། མ་གསང་དྲང་པོའི་གཏམ་ལན་ཤོད།། ཅེས་སྨྲས་པས། རྒན་པོས་ཚུར་གཞོན་ནུ་ལ་མིག་འབུར་ཚུགས་སུ་བལྟས་ནས། ཧ་ཧ། གོམས་པ་སྤོ་སྟངས་ཁྲེལ་ལུགས་ལ།། ལོ་ཆུང་སྣང་མཐོ་ཅན་ཞིག་འདྲ།། ཁ་བརྒྱགས་རྩེད་མོ་མཁས་ལུགས་ལ།། མ་རབས་བློ་རིག་ཅན་ཞིག་འདྲ།། མགོ་ནག་རྒས་པ་འཕྱ་ལུགས་ལ།། ཕ་མེད་གྲོགས་ངན་ཅན་ཞིག་འདྲ།། རྒས་པ་རྡོ་རྗེའི་བྲག་ལ་ཡོད།། གྲ་རྒས་དམར་ཡག་སྟག་ལ་ཡོད།། བཟང་ངན་ཕ་གཅིག་བུ་ལ་ཡོད།། གཞོན་ནུ་ཤ་རྒྱས་ཁྲག་རྒྱས་དུས།། ཁྱོད་བས་མཛེས་ཤིག་ང་ཡང་ཡིན།། ཁ་མིག་དབང་པོ་གསལ་བའི་དུས།། ཁྱོད་བས་མཁས་ཤིག་ང་ཡང་ཡིན།། རང་ཡུལ་ཕ་ཁྱིམ་ཡོད་པའི་དུས།། ཁྱོད་བས་དྲག་ཅིག་ང་ཡང་ཡིན།། ང་ས་ཆ་མདོ་ཁམས་སྒང་ནས་ཡིན།། ད་ནངས་འཁོར་བའི་གྲོང་ནས་འོངས།། དོ་དགོངས་ཐར་པའི་གླིང་དུ་འགྲོ།། ཞེས་ཟེར་བ་ལ། གཞོན་ནུའི་བསམ་པར་འདིས་བཤད་ཚུལ་ལ་ཉན་ན་རྒན་པོ་མཁས་པ་ཞིག་རེད་འདུག་སྙམ་ནས། ཀྱེ་རྒན་པོ་འདིར་དར་ཅིག་སྡོད་ལ་གཏམ་ཞིག་ཤོད་དང་སྨྲས་པས། རྒན་པོ་ན་རེ། གཏམ་ཅི་ཞིག་སྨྲ། ཆོས་ཀྱི་གཏམ་ནི་ངས་མི་ཤེས། འཇིག་རྟེན་གྱི་གཏམ་ལ་ནི་ཁྱེད་རང་གིས་མི་ཉན། དེ་བས་རྒན་པོ་འགྲོ་ལམ་དུ་སོང་ན་དགའ་ཟེར་བ་ལ། གཞོན་ནུས། འོ་ན་ཁྱེད་ཀྱིས་གང་བཤད་པ་དེ་ལ་བདག་གིས་ངེས་པར་ཉན་ནོ་ཞེས་ཁས་བླངས་པ་ན། དེར་རྒན་པོ་དལ་གྱིས་བསྡད་ནས་ན་རེ། འོ། ད་ཆོས་དང་འཇིག་རྟེན་གྱི་གཏམ་མང་པོ་ངས་ཤེས་ཡང་མི་ཤེས། ཤེས་རུང་དེང་སང་སྙིགས་མའི་སྐྱེ་བོ་ཐམས་ཅད་མ་རབས་སྡིག་སྤྱོད་ཅན་གྱི་རྗེས་སུ་ཞུགས། རང་འདོད་གཡོ་སྒྱུ་ཁོ་ནས་དུས་འདའ། གཞན་ལ་གནོད་སེམས་ཤ་སྟགས་འཆང་ཞིང་ལོག་པར་སྤྱོད། བཟང་པོ་བས་ངན་པ་བྲིན་དུས། དྲང་པོ་བས་ཁྲེལ་མེད་རྒྱལ་དུས། དྲིན་ཆེན་ལས་གསར་གྲོགས་འདམ་དུས། སྟེང་དཔོན་གྱི་བཀའ་ཁྲིམས་འཕྱུག འོག་འབངས་ཀྱི་བྱ་སྤྱོད་འཕྱུག ཚེ་ཕྱི་མ་ཕར་ཞོག་དང་། ཚེ་འདིའི་བྱ་སྤྱོད་ལའང་ཁྲེལ་མེད་བློ་མེད་གང་ཐུབ་བྱེད་མཁན་ལ་ཕོ་རྒོད་པོ་ཟེར་ཞིང་བསྟོད་ར་གཏོང་། ལེགས་སྤྱད་བཟང་པོའི་བྱ་བཞག་ལ་བློ་འདྲི་གྲོས་བསྟུན་བྱེད་མཁན་ཞིག་ཡོད་ན་ངན་པར་རྩི་བ་ཙམ་དུ་མ་ཟད། མི་ལུགས་ཀྱི་བསླབ་བྱ་སློབ་རྒྱུ་ཡོད་པ་ཙམ་ཡང་གོ་མ་མྱོང་བའི་དུས་ངན་འདིར། ང་འདྲ་བས་བཤད་པ་ལ་དགོས་པ་མེད་ཀྱང་། ད་ཁ་མི་མང་ཀ་མེད་རོགས་ཀྱིས་དྲི་ནན། ཝ་མི་བརྒྱལ་ཀ་མེད་འདྲེ་ཡིས་འགྲམ་ལྕག ཁྱི་མི་ཟུག་ཀ་མེད་རྐུན་མས་ནག་འབུར། ཟེར་བ་ལྟར་ཁྱོད་ཀྱིས་འདྲི་དུས་ངས་བཤད་དགོས་ཏེ། དྲིས་ན་བཤད་དགོས། བསླབ་ན་སློབ་དགོས་ཟེར་རྒྱུ་དེ་རེད། ད་མདོ་ཙམ་ཞིག་བཤད་ན། དམ་པའི་ཆོས་ལུགས་ཟེར་བ་དེ་ཐོག་མར་སུས་སྟོན་ན་བླ་མ་དགེ་བའི་བཤེས་གཉེན་ཞིག་གིས་སྟོན་ལ། ཕུགས་རྒྱལ་བའི་བཀའ་ལ་གཏུག་དགོས། བར་དུ་སོ་བྱང་སྔགས་གསུམ་གྱི་རྩ་བ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་སྒོམ་སོགས་སྒོ་གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ་རེ་ཡོད་པས་རང་རང་གི་རྒྱུད་ཚོད་ལྟར་ཉམས་སུ་ལེན་དགོས། མཐར་རང་རྒྱུད་ཀྱི་ཉོན་མོངས་པའི་རྩ་བ་ཆད་ནས་སངས་རྒྱས་འཐོབ་ཐབས་ལ་དམ་པའི་ཆོས་ལུགས་ཐམས་ཅད་དེར་འདུས་པ་ཡིན། འཇིག་རྟེན་མི་ལུགས་ཟེར་བ་དེ། ཐོག་མར་སུས་སྟོན་ན་ཕ་མ་རྒན་རབས་སོགས་ཀྱིས་སྟོན་ལ། ཕུགས་སྔོན་བྱོན་དམ་པ་རྒྱལ་བློན་བྱང་སེམས་རྣམས་ཀྱི་ལུགས་ཀྱི་བསྟན་བཅོས་ལ་གཏུག་དགོས། བར་རྒྱལ་བློ ན་འབངས་གསུམ་མཐོ་དམན་ཕྱུག་དབུལ་ཐམས་ཅད་ཀྱིས་རང་རང་གི་ཚད་ལྟར། གོང་མ་བཀུར་ལུགས། འོག་མ་སྐྱོང་ལུགས། མཉམ་པོར་འགྲོ་ལུགས་ཐམས་ཅད་རང་ཚོད་དང་མཐུན་པ་ཞིག་ལག་ཏུ་ལེན་དགོས། མཐར་ཚེ་འདིར་བདེ་ཞིང་སྐྱིད་ལ་ཕྱི་མ་ཐར་པའི་ལམ་སྣེ་ཟིན་ཐབས་ཡོང་བ་དེར་འཇིག་རྟེན་མི་ལུགས་ཐམས་ཅད་འདུས་པ་ཡིན།
མུར་འགོད།

日期: 2012-06-19

来自: ཨ་མའི་གླེབས་རིལ།

主题: ཞི་ཞིང་བདེ་བའི་མན་ངག་འདྲ་མཉམ།

༆ ། འཛམ་གླིང་ཞི་ཞིང་བདེ་བའི་མན་ངག་འདྲ་མཉམ་གྱི་འཚོ་གནས་བརྗོད་པ།
མཁན་ཚུལ་ཁྲིམས་བློ་གྲོས་ནས།
དེ་ལྟར་ལོ་བཞི་བརྒྱ་ཙམ་ཞིག་གི་རིང་ལ་ཨ་ཧྥེ་རི་ཁའི་མི་མང་གི་མི་ཚེའི་རང་དབང་ལ་བཙན་ཤུགས་བརྗོད་མི་ཤེས་པ་ཙམ་ཞིག་བྱས་པས་དུས་རབས་ཉི་ཤུ་པར་མ་སླེབས་བར་དུ་ཧྥེ་གླིང་གི་མི་གྲངས་ཇེ་མང་དུ་ཡེ་ནས་མ་སོང་བར་མ་ཟད་མི་རིགས་ཉུང་ངུ་མང་པོ་རྒྱུན་ཆད་པར་གྱུར། དཔལ་འབྱོར་དང་སྤྱི་ཚོགས་ལ་གཏོར་བརླག་ཚད་ལས་འདས་པ་ཞིག་ཐེབས་པར་གྱུར་ཏོ། །
དེ་ལྟ་བུའི་མུན་ནག་གི་དུས་སྐབས་རྒྱ་ཆེ་ལ་ཡུན་རིང་བ་འདི་མཇུག་རྫོགས་ནས་ད་ལྟ་ཡན་ལོ་བརྒྱ་དང་ལྷག་ཅིག་སོང་མོད། མི་རྣམས་ཀྱིས་རང་གི་རིགས་ལས་གཞན་པ་རྣམས་ལ་དེ་ལས་ཀྱང་བརྒྱ་འགྱུར་གྱིས་ལྷག་པའི་མནར་གཅོད་བྱེད་པ་ནི་ད་དུང་དུའང་མ་བཏང་ཞིང་གཏོང་བར་ཡང་མི་འདོད་ལ། དེ་ལ་གོང་བཞིན་ཁྲིམས་དང་རིགས་པས་རྒྱབ་སྐྱོར་བྱེད་པ་ནི་ཤིན་ཏུ་མི་འོས་ཏེ། དུད་འགྲོ་ཉམ་ཆུང་རྣམས་ལ་རང་དབང་གི་འཐབ་རྩོད་བྱེད་ཐུབ་མཁན་མེད་ཀྱང༌། ཉམ་ཆུང་ལ་བཙན་དབང་བྱེད་པའི་ངན་གོམས་དེའི་དབང་གིས་མཐར་མིའི་རིགས་རང་ཉིད་སྔར་ཡང་ཕུང་བར་གྱུར་ལ་ཕྱིས་ཀྱང་གདོན་མི་ཟ་བར་ཕུང་བར་འགྱུར་རོ། །
དེ་ལྟ་བས་ན་འགྲོ་བ་ཆེ་ཕྲ་དང་རིགས་གང་ཞིག་ཡིན་ཡང་རུང་སྟེ། མདོར་ན་སྲོག་གམ་ཚོར་བ་ཡོད་པ་ཞིག་ཡིན་ཕྱིན་ཆད་དེའི་ཚེ་སྲོག་དང་འཚོ་གནས་ལ་ལྷག་པར་དུ་བརྩི་བསྲུང་དང་གཅེས་འཛིན་དང་ལྷག་བསམ་རྣམ་དག་བྱེད་པའི་ཡ་རབས་ཀྱི་གོམས་གཤིས་བཟང་པོ་ཞིག་ཆགས་སུ་འཇུག་པ་ནི་ཤིན་ཏུ་གལ་ཆེ་སྟེ། འདི་ནི་མིའི་རིགས་རང་ཉིད་དང་ས་སྟེང་ཐམས་ཅད་ཞི་བདེ་འོང་བའི་རྩ་བའི་མན་ངག་མེད་ཐབས་མེད་པ་ཡིན། འགྲོ་བ་ཐམས་ཅད་ཀྱི་སྲོག་ལ་གཅེས་སྲུང་བྱེད་པ་ནི་དོན་ལ་མིའི་རིགས་རང་ཉིད་ཀྱི་སྲོག་བསྲུང་བའི་ཐབས་རྨད་དུ་བྱུང་བའང་ཡིན་པས་ན་འཛམ་གླིང་ཞི་ཞིང་བདེ་བ་ཞིག་བསྐྲུན་པར་འདོད་ན་ཐོག་མ་ཁོ་ནར་རང་ལས་ཁས་དམན་པའི་ཉམ་ཆུང་དུད་འགྲོ་རྣམས་ལ་བྱམས་དང་སྙིང་རྗེའི་སྒོ་ནས་དེ་དག་གི་ལུས་སྲོག་ལ་གཅེས་སྐྱོང་བྱ་བ་ནས་གཞི་འཛུགས་དགོས། གོམས་གཤིས་དེ་ལེགས་པོ་ཞིག་ཆགས་ཐུབ་ན། མཐར་རང་གི་ཁེ་ཕན་གྱི་ཆེད་དུ་དུད་འགྲོའི་སྲོག་ལའང་སྣང་མེད་མི་བྱེད་ན། མིའི་སྲོག་ལ་སྨོས་ཅི་དགོས། དེས་ན་མི་གཅིག་པུ་མ་ཡིན་པར་ས་སྟེང་གི་སྲོག་ཆགས་ཡོངས་རྫོགས་ལ་ཞི་བདེ་དང༌། འདྲ་མཉམ་དང༌། རང་དབང་དགོས་པ་འདི་ལ་རྒྱལ་སྤྱི་དང་རྒྱལ་ནང་དུ་ཁྲིམས་གསར་འཛུགས་དང༌། འདིའི་སྐོར་གྱི་སློབ་གསོ་དང་དྲིལ་བསྒྲག་སོགས་ནི་མེད་ཐབས་རྩ་བ་ནས་མེད་པའི་བྱ་བ་དག་ཡིན་ནོ། །
ཁ་ཅིག་གིས་ང་ཚོས་ད་དུང་མིའི་འཚོ་གནས་ལའང་དོ་དམ་ནན་པོ་ཞིག་བྱ་རྒྱུ་མ་བྱུང་ན་དུད་འགྲོའི་འཚོ་གནས་ལ་ག་ལ་འོང་ཞེས་སྙམ་ཡང༌། དེ་ནི་སྲོག་ཆགས་ལ་རིགས་རུས་ཀྱི་དབྱེ་བ་ཕྱེས་ནས་ཚེ་སྲོག་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་པའི་གདུག་སེམས་ཤིན་ཏུ་མ་རུངས་པ་དེས་ཀུན་ནས་བསླངས་པའི་སྤྱོད་པ་ཡིན་པས་འདི་ལྟ་བུའི་བསམ་སྤྱོད་ལ་ཤིན་ཏུ་གཟབ་དགོས་སོ། །
དེ་ལས་གཞན་དུ་དེང་སང་ཚན་རིག་ལག་རྩལ་ལ་བརྟེན་ནས་རྫས་ངན་གྱི་སྦྱོར་བས་མཚོན་ཆའི་རིགས་ཡ་ང་བ་དག་བཟོ་སྐྲུན་བྱས། རང་ལ་ཁེ་ཕན་ཅུང་ཟད་བྱུང་ཚེ་གཞན་གྱི་འཚོ་བ་དང་ཚེ་སྲོག་གང་ལའང་བསམ་བློ་སྤུ་ཙམ་ཡང་མི་གཏོང་བའི་བསམ་ངན་དང་སྤྱོད་ངན་འདིས་མཐར་རང་གཞན་གཉིས་ཀ་ཕུང་ཁྲོལ་མི་བཟད་པ་ལ་གདོན་མི་ཟ་བར་སྦྱོར་བར་འགྱུར་རོ། །
མདོར་ན། མི་རྣམས་ཀྱིས་སྲོག་ཆགས་གཞན་དག་ངན་གསོད་སྣ་ཚོགས་པ་བྱས་ཏེ། ཇི་ལྟར་འདོད་པ་བཞིན་དུ་བཟའ་ཆོག་སྙམ་པའི་ཚུལ་མིན་གྱི་འདུ་ཤེས་མ་རུངས་བ་འདི་ལ་གཏིང་ནས་བསྒྱུར་བཅོས་ཡང་དག་པ་ཞིག་མ་བྱུང་གི་བར་དུ་མི་རྣམས་ལ་ཞི་ཞིང་བདེ་བ་ཞིག་འོང་བའི་དུས་མེད་པས་འདི་ལ་ཆོས་ལུགས་ཀྱི་འདུས་སྡེ། སྤྱི་ཚོགས་ཀྱི་ཚོགས་པ། ལྷག་བསམ་རྣམ་པར་དག་པ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱིས་རང་དང༌། གཞན་དང༌། སྐྱེ་འགྲོ་ཐམས་ཅད་ལ་བདེ་སྐྱིད་ཀྱི་ལོངས་སྤྱོད་བསྐྲུན་པའི་ཕྱིར་དུ་ཐུགས་ཁུར་གཟབ་བཞེས་དང༌། འབད་འབུངས་ཅི་རིགས་པ་རེ་ལེགས་སྐྱེས་སུ་དབུལ་བར་བྱ་དགོས་སོ། །
ཞེས་པ་འདི་ཡང་བོད་རབ་རྒྱན་ཤིང་སྤྲེལ་ལོའི་དབྱར་ཟླ་ར་བའི་ཚེས་སུམ་ཅུ་ཉིན་གསེར་ལྗོངས་བླ་མ་རུང་དུ་ཚུལ་ཁྲིམས་བློ་གྲོས་སུ་འབོད་པས་བྲིས་པ་དགེ་བར་གྱུར་ཅིག། །།
༦༽

日期: 2012-06-12

来自: ཨ་མའི་གླེབས་རིལ།

主题: ཞི་ཞིང་བདེ་བའི་མན་ངག་འདྲ་མཉམ།

༆ ། འཛམ་གླིང་ཞི་ཞིང་བདེ་བའི་མན་ངག་འདྲ་མཉམ་གྱི་འཚོ་གནས་བརྗོད་པ།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ནས།
དང་པོ་མི་ནག་རྣམས་འཛིན་པའི་ཚེ་ན་ས་ཆ་དེ་གའི་རྒྱལ་པོ་དང་ཚོ་དཔོན་སོགས་ལ་མེ་མདའ་དང་མངར་ཆང་སོགས་ཚོང་རྫས་ཕྲན་བུ་རེ་བྱིན་ནས་མི་ཉམ་ཆུང་རྣམས་བྲན་གཡོག་ཉོ་ཚོང་བྱེད་པའི་ཚོང་པ་རྣམས་ཀྱི་ལག་ཏུ་སྤྲོད་བཅུག་པ་དང༌། ཚོ་བ་ཕན་ཚུན་ནང་དུ་འཁྲུག་པ་བསླངས་ནས་ཕར་ཕྱོགས་བཟུང་བ་རྣམས་བྲན་ཚོང་པ་ལ་སྤྲོད་པ་དང༌། གཞན་ཡང་ཡོ་རོབ་པ་རང་ཉིད་ཐད་ཀར་སོང་སྟེ་གྲོང་ཚོ་བཅོམ་ནས་མི་རྣམས་བཟུང་སྟེ་འགྲོ་བ་ཅི་རིགས་པ་བྱེད། སྐམ་སའི་ཕྱོགས་སོ་སོ་ནས་མཚོ་འགྲམ་བར་ཁྲིད་ནས་འགྲོ་སྐབས་སུའང་མནར་གཅོད་དཔེ་མེད་པ་བྱེད་དེ། མི་ནག་རྣམས་མི་འབྲོ་བའི་ཕྱིར་དུ་རྐང་ལྕགས་ལྗིད་པོ་རྒྱག་པ་དང༌། མི་གཉིས་རེ་མཉམ་དུ་ལྕགས་ཐག་གིས་སྦྲེལ་བ་དང༌། ཕྲག་པ་ཕུག་ནས་དེའི་ནང་ལྕགས་སྐུད་དྲངས་ནས་མཉམ་དུ་སྦྲེལ་བ་དང༌། གླང་ཆེན་མཆེ་བ་དང༌། གཅན་གཟན་ལྤགས་པ་དང༌། སྦྲང་རྩི་སོགས་དངོས་རྫས་ལྕི་མོ་ཁུར་དུ་འཇུག་པ་དང༌། འཁྱེར་འོས་པའི་ཚོང་རྫས་མ་རྙེད་པའི་ཚེ་ན་རྡོ་ཆེན་པོའམ་བྱེ་སྒྱེ་ཆེན་པོ་ཁུར་དུ་བཅུག་སྟེ། ཉིན་རེ་བཞིན་མུ་གེས་མི་ཤི་ཙམ་གྱི་ཟས་ཅུང་ཟད་རེ་བྱིན་ནས་དེད་དེ་འགྲོ གལ་ཏེ་བྲན་ཚོང་པ་ཚོའི་ངག་ལ་མི་བརྩི་བའི་རྣམ་པ་ཅུང་ཟད་མཐོང་ཚེ་རྡུང་རྡེག་ཚད་མེད་བྱེད་པ་དང་གསོད་པར་ཡང་བྱེད་དོ། །
འགྲོ་མི་ཐུབ་པ་རྣམས་ལམ་བར་ནས་མཚོན་དང་དབྱུག་པས་བརྡེགས་ནས་འཕྲལ་དུ་གསོད།
ནུབ་རྒྱ་མཚོ་ཆེན་པོའི་འགྲམ་གྱི་གྲུ་ཁར་འབྱོར་བའི་ཚེ་ན། དེ་ན་ཡོ་རོབ་པ་རྣམས་ཀྱིས་ནག་བྲན་ཉོ་ཚོང་བྱ་བའི་ཚོང་ར་དང་མཁར་རྫོང་སོགས་མང་པོ་བསྐྲུན་ཅིང་དམག་དཔུང་གི་སྲུང་སྐྱོབས་པའང་ཡོད་པས་དང་པོ་བཙོན་དུ་བཅུག འཚོང་བའི་ཚེ་ན་གོས་ཐམས་ཅད་ཕུད་ནས་ཡོ་རོབ་གྱི་ཡུལ་སོ་སོར་འཁྱེར་མཁན་གྱི་བྲན་ཚོང་པ་གཞན་རྣམས་ལ་གཟུགས་པོ་བརྟག་དཔྱད་བྱས་ནས་འདེམ་དུ་འཇུག གཟུགས་པོ་ལ་སྐྱོན་མེད་པ་རྣམས་བྲན་ཚོང་པ་དེ་རྣམས་ཀྱིས་ཉོ་བར་བྱེད། དེ་འཕྲོས་ཐམས་ཅད་གསོད་པ་སོགས་ཀྱིས་རང་དགར་མེད་པ་བྱེད། བྲན་ཚོང་པས་ཉོས་པའི་མི་ནག་རྣམས་ཀྱི་བྲང་ངམ་དཔུང་པའི་ཤའི་ཐོག་ཏུ་མི་ནོར་བའི་ཕྱིར་ལྕགས་བསྲེགས་ཀྱི་ཐམ་ཀ་བརྒྱབ་ནས་གྲུ་གཟིངས་ཀྱི་ཁ་མ་གང་བར་དུ་བཙོན་དུ་བཅུག་ནས་འཇོག གཟིངས་ཀྱི་ཁ་གང་བར་སོགས་པ་ན་གཟིངས་རེའི་ནང་དུ་མི་ནག་ཤིན་ཏུ་མང་པོ་བརྫངས་ནས་འཁྱེར། ཧྥེ་གླིང་ནས་མེ་གླིང་དུ་འགྲོ་བ་ལ་མགྱོགས་ནའང་གཟའ་འཁོར་བདུན་བརྒྱད་ཙམ་རེ་འགོར། གྲུ་ནང་དུ་ཧ་ཅང་དོག་ལ་གཙང་སྦྲ་མེད་པས་ལམ་བར་དུ་འགོས་ནད་སྣ་ཚོགས་པ་མཆེད། དེ་ཚེ་མི་ནག་སུ་ཞིག་ལ་ནད་ཕོག་པ་མཐོང་ཡང་གཞན་དག་ལ་ནད་མི་འགོ་བའི་ཕྱིར་དུ་གསོན་པོར་རྒྱ་མཚོའི་ནང་དུ་འཕེན། དཔེར་ན། ༡༨༧༤ལོར་ནག་བྲན་འཁྱེར་བའི་གྲུ་གཟིངས་ཤིག་གི་ནང་ནས་ནད་པ་༡༣༢གསོན་པོར་རྒྱ་མཚོའི་ནང་དུ་འཕངས་པ་ལྟ་བུ་ཡིན། གཞན་ཡང་ལུས་སྟོབས་ཞན་པ་ངལ་རྩོལ་མི་ཐུབ་པར་གྱུར་པ་དག་ཀྱང་རྒྱ་མཚོར་འདོར། དེའི་ཕྱིར་ནག་བྲན་འཁྱེར་བའི་གྲུ་གཟིངས་དག་གི་རྗེས་སུ་རྒྱུན་དུ་ཉ་མི་ཟན་རྣམས་ཀྱིས་དེད་ནས་འགྲོ གལ་ཏེ་ལམ་བར་དུ་ནག་བྲན་དག་གིས་བྲན་ཚོང་པའི་ངག་ལ་མི་ཉན་པ་བྱུང་བ་རྣམས་ལ་ལྕག་གིས་གཞུ་བ་དང༌། མིག་འབྲུ་བ་དང༌། སྙིང་འབྱིན་པ་དང༌། རྐང་ལག་གཅོད་པ་སོགས་མནར་གཅོད་དཔེ་མེད་པ་བྱེད། དེའི་དབང་གིས་ནག་བྲན་མང་པོ་མཚོ་ནང་དུ་ལྕེབས་ནས་རང་སྲོག་གཅོད། དེའི་ཕྱིར་ནག་བྲན་གཅིག་མེ་གླིང་དུ་འབྱོར་བ་ལ་སྐམ་ས་དང་མཚོ་ཐོག་ནས་ནག་བྲན་ལྔ་རེ་ཤི་བར་འགྱུར། མེ་གླིང་སོགས་སུ་འབྱོར་བ་ན་བྲན་ཚོང་པ་རྣམས་ཀྱིས་སླར་ཡང་མི་ནག་དག་མ་བུ་དང་ཁྱོ་ཤུག་སོགས་ཁ་ཕྲལ་ནས་བྲན་གཡོག་བདག་པོ་དག་ལ་བྲན་གཡོག་གི་ཕྱིར་དུ་བཙོངས་ནས་ཁེ་ཤིན་ཏུ་ཆེན་པོ་རྙེད། དེ་ཡང་དཔེར་ན་མ་བུ་གཉིས་མཉམ་དུ་ཚོང་སྟེགས་ཐོག་ཕུད་དེ་ཉོ་མཁན་ལ་འདེམ་དུ་བཅུག་པས་བདག་པོ་ཐ་དད་པ་དག་གིས་ཕྱུགས་ཉོ་བ་བཞིན་དུ་སོ་སོར་ཉོས་ཏེ་ཁྲིད་ནས་འགྲོ་བས་མ་བུ་དང་ཁྱོ་ཤུག་མཉམ་གནས་བྱ་ཐབས་མེད། བྲན་གཡོག་བདག་པོ་དག་གིས་ནག་བྲན་རྣམས་ལ་དུད་འགྲོ་ལས་ཀྱང་སྡུག་པའི་དཀའ་སྡུག་མྱང་དུ་འཇུག་སྟེ། ཉིན་རེ་ལ་དུས་ཚོད་བཅོ་བརྒྱད་དམ་བཅུ་དགུ་ཙམ་རེའི་རིང་ལ་ངལ་རྩོལ་བྱེད་དགོས། ཁ་ཟས་ཐེངས་གཉིས་རེ་ལས་བཟའ་རྒྱུ་མེད། དེ་ཡང་དུས་ཚོད་སྐར་མ་བཅུ་ནས་བཅོ་ལྔ་ཙམ་གྱི་ཡུན་ལ་ཚར་དགོས། རྟག་པར་བྲན་གཡོག་བདག་པོའི་ལས་ཀ་ལ་ལྟ་རྟོག་བྱེད་པ་དག་རྗེས་སུ་འབྲངས་ནས་ལས་ཀ་ཅུང་ཟད་རེ་མ་གྲུབ་ཀྱང་ལྕག་གིས་གཞུས་པ་སོགས་ཀྱི་སྡུག་བསྔལ་ཧ་ཅང་ཆེ་བས་ནག་བྲན་སུམ་ཆ་གཅིག་ཐོག་མའི་ལོ་གསུམ་གྱི་ནང་དུ་འཆི་བར་འགྱུར། ཕལ་མོ་ཆེ་ཞིག་མྱུར་བ་རྣམས་ལོ་བདུན་དང་དལ་བ་རྣམས་ལོ་བཅུ་ཙམ་གྱིས་འཆི་བར་འགྱུར། བུད་མེད་རྣམས་ལ་ཕྲུ་གུ་བཙས་པ་ན་ཁྱི་ཕྲུག་དང་ཕག་ཕྲུག་འཚོང་བ་བཞིན་དུ་བླངས་ནས་འཚོང་བར་བྱེད་པས་བུད་མེད་མང་པོ་སེམས་སྡུག་གིས་ཉིན་འགའ་རེའི་རྗེས་ནས་འཆི་བ་དང༌། འགའ་རེ་སྡུག་དྲགས་ནས་ལྕེབས་ཏེ་ཤི་བར་གྱུར། ཕྲུ་གུ་དག་བྲན་བདག་གིས་ཉོས་ནས་ཁྱེར་བ་ན་མ་རྣམས་ཀྱིས་ང་དང་ཕྲུ་གུ་མཉམ་དུ་ཉོ་རོགས་གྱིས་ཞེས་རྗེས་སུ་རྒྱུག་པ་ན་རྡུང་རྡེག་ཚབས་ཆེན་གཏོང༌། བུད་མེད་རྣམས་ལ་ཕྲུ་གུ་ཇི་ལྟར་མང་པོ་བཙས་པ་དེ་ལྟར་བྲན་གཡོག་བདག་པོ་དག་དགའ་སྟེ། ཕྲུ་གུ་གཞན་ལ་བཙོངས་ནས་ཁེ་ཟུར་བ་རྙེད་པའི་ཕྱིར་རོ། །
མ་རྣམས་ཀྱིས་རང་གི་ཕྲུ་གུ་གཞན་གྱི་བྲན་གཡོག་ཏུ་གྱུར་ནས་ཚེ་གང་པོར་སྡུག་བསྔལ་དྲག་པོ་མྱོང་བ་ལས་ཆུང་ངུ་ནས་ཤི་ན་དགའ་སྙམ་སྟེ། སྡུག་ཐུག་ནས་རང་གི་བུ་རང་གིས་གསོད་པ་དང༌། མ་བུ་མཉམ་དུ་ལྕེབས་ནས་འཆི་བར་བྱེད། མི་དཀར་པོའི་རིགས་དེ་རྣམས་ཀྱིས་ནག་བྲན་འདི་རྣམས་ལ་ནོར་རྫས་ཀྱི་འདུ་ཤེས་ཁོ་ན་མ་གཏོགས་མིའི་འདུ་ཤེས་ཡེ་ནས་མི་འཇོག ཅུང་ཟད་མ་དགའ་ཚེ་རང་དགར་རྡུང་རྡེག་དང་གསོད་པར་བྱེད། ནག་བྲན་རྣམས་ཀྱི་མི་ཚེའི་བདེ་འཇགས་ལ་ཁྲིམས་ཀྱིས་སྲུང་སྐྱོབས་རྩ་བ་ནས་མི་བྱེད་པར་མ་ཟད། སྤྱི་ལོ་༡༦༦༡ལོར་ཝེར་ཅི་ཉི་ཡའི་མི་སེར་སྤེལ་ཡུལ་གྱི་གྲོས་ཚོགས་ཀྱིས་ནག་བྲན་རྣམས་ཇི་སྲིད་འཚོའི་བར་དུ་བྲན་གཡོག་ཡིན་པར་ཁྲིམས་སུ་བཅས། དེའི་སྟེང་དུ་ཧི་ལན་གྱི་སྨན་རམས་པ་འགའ་རེས་མི་ནག་གི་རིགས་རྣམས་སྤྲ་དང་ཉེ་བ་ལས་མི་དང་མི་ཉེ་ཞིང་ལུས་པོ་དང་ཤེས་རབ་གཉིས་ཀའི་ཆ་ནས་ཡོ་རོབ་པ་ལས་དམན་ཞེས་མི་ནག་ཐམས་ཅད་རིགས་དམན་པའི་གྲས་སུ་བཞག་སྟེ། རང་བཞིན་གྱིས་ཁོང་ཚོ་ལ་བྲན་གཡོག་བྱེད་དགོས་པའི་རིགས་ཡིན་པར་བྱེད་དེ། མི་ཉམ་ཆུང་རྣམས་ལ་བཙན་དབང་དེ་ཙམ་ཞིག་བྱས་ནས་ད་དུང་དེ་ལ་ཁྲིམས་དང་རིགས་པས་རྒྱབ་སྐྱོར་བྱེད་པ་ནི་ཆེས་ཡིད་ཕམ་པའི་གནས་སོ། །
མུར་འགོད། ༥

日期: 2012-06-06

来自: ཨ་མའི་གླེབས་རིལ།

主题: ཞི་ཞིང་བདེ་བའི་མན་ངག་འདྲ་མཉམ།

༆ ། འཛམ་གླིང་ཞི་ཞིང་བདེ་བའི་མན་ངག་འདྲ་མཉམ་གྱི་འཚོ་གནས་བརྗོད་པ།
མཁན་ཚུལ་ཁྲིམས་བློ་གྲོས་ནས།
དེ་ལྟར་སྲོག་ཆགས་ཉམ་ཆུང་རྣམས་ཀྱི་ཚེ་སྲོག་ལ་ཇི་མི་སྙམ་དུ་བཙན་དབང་བྱེད་པ་འདི་ཁྲིམས་མཐུན་ལུགས་མཐུན་ཡིན་ན། གལ་ཏེ་བརྟག་པ་མཐའ་བཟུང་གི་དབང་དུ་བྱས་ཏེ། ནམ་ཞིག་ན་ས་ལྒང་འདིའི་ངོས་སུ་མིའི་རིགས་ལས་ཆེས་སྟོབས་དང་ཤེས་རབ་ཆེ་བའི་སྲོག་ཆགས་ཀྱི་རིགས་ཤིག་གསར་དུ་བྱུང་ནས་མིའི་རིགས་ལ། ད་ལྟ་མི་རྣམས་ཀྱི་དུད་འགྲོ་ལ་བྱེད་པ་བཞིན་དུ་མནར་གཅོད་སྣ་ཚོགས་པ་བྱས་ན། དེ་ཁྲིམས་མཐུན་དང་ལུགས་མཐུན་ཨེ་ཡིན། གལ་ཏེ་མིན་ནོ་ཞེ་ན། དེ་སུའི་ཁྲིམས་དང་མི་མཐུན་པ་ཡིན། མིའི་རིགས་ཀྱི་ཁྲིམས་དང་མི་མཐུན་ནོ་ཞེ་ན། མིའི་རིགས་ཀྱི་ཁྲིམས་ནི་རང་རིགས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པ་ཙམ་ཞིག་ཡིན་པས་དེ་དང་མ་མཐུན་ཡང༌། སྲོག་ཆགས་གསར་བྱུང་དེ་རྣམས་ཀྱིས་ཁོང་ཅག་གི་ཁྲིམས་དང་མཐུན་པ་ཡིན་ཞེས་འདོད་ན་ཅི་བྱེད། དེའི་ཚེ་མི་རྣམས་ཀྱིས་སྔར་རང་གིས་དུད་འགྲོ་རྣམས་
ཀྱི་ཚེ་སྲོག་དང་རང་དབང་ལ་ཁྱད་གསོད་བྱས་པ་དེ་ཁྲིམས་དང་ལུགས་ལ་མི་མཐུན་པའི་གདོལ་སྤྱོད་ཡ་ང་བ་ཞིག་ཡིན་པར་གནོང་འགྱོད་དང་བཅས་པའི་སྒོ་ནས་ངོས་ལེན་མི་བྱེད་ཀ་མེད་ཡིན། འོན་ཀྱང་དེའི་ཚེ་ཐམས་ཅད་འཕྱིས་ཟིན་པ་རེད། དེས་ན་མིའི་རིགས་ཀྱི་ཁྲིམས་ཀྱིས་ད་ལྟ་ནས་སྲོག་ཆགས་ཐམས་ཅད་ལ་སྲུང་སྐྱོབ་བྱེད་དགོས། དེའི་རྒྱུ་མཚན་དུ་ཚེ་སྲོག་ཡིན་པའི་ཕྱིར་དང༌། སྲོག་ཆགས་ཡིན་པའི་ཕྱིར་ཞེས་སྤྱིར་ཚེ་སྲོག་ཡིན་ན་རིན་ཐང་དང་བྲལ་བ་ཡིན་ཞེས་བརྗོད་དགོས་སོ། །
གལ་ཏེ་དུད་འགྲོའི་སྲོག་ནི་རིན་ཐང་དང་བྲལ་བ་མ་ཡིན་ནོ་སྙམ་ན། དུད་འགྲོ་རྣམས་ལ་རིན་ཐང་དང་བྲལ་བ་ཡིན་ནོ། །ཁོང་ཚོ་ལ་ལྟོས་ན་རིན་ཐང་དང་བྲལ་བ་ཡིན་ཡང་མིའི་རིགས་ལ་ལྟོས་ན་རིགས་དམན་པ་ཡིན་པས་དེའི་སྲོག་ལ་བསྲུང་སྐྱོབ་བྱ་བའི་རིན་ཐང་མེད་དོ་ཞེ་ན། དེ་ལྟར་རིགས་ཀྱི་ཐོག་ནས་དབྱེ་བ་བྱས་ཏེ། མིའི་རིགས་ཀྱི་སྲོག་ཡིན་པའི་ཕྱིར་ཞེས་སྲུང་སྐྱོབ་བྱེད་དགོས་པ་དང༌། དུད་འགྲོའི་རིགས་ཀྱི་སྲོག་ཡིན་པའི་ཕྱིར་ཞེས་སྲུང་སྐྱོབ་བྱེད་མི་དགོས་པར་འཛིན་པ་ནི་ཕོངས་རྒུད་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། འཛམ་བུ་གླིང་གི་ལོ་རྒྱུས་ཐོག་ཏུ་བྱུང་བའི་གཡུལ་འགྱེད་དང་མནར་གཅོད་ཡ་ང་བ་ཐམས་ཅད་སྤྱིར་ཚེ་སྲོག་གི་རིན་ཐང་ལ་མི་བསམས་པར་རིགས་རུས་ཀྱི་དབྱེ་བས་ཚེ་སྲོག་གི་རིན་ཐང་མཐོ་དམན་འབྱེད་པའི་ཕྱོགས་ལྷུང་གི་བསམ་པ་ངན་པ་འདིའི་དབང་གིས་བྱུང་བ་ཤ་སྟག་ཡིན་ཏེ། གོམས་གཤིས་ངན་པ་འདི་རིམ་གྱིས་མཐུ་བརྟས་ནས་ཁོ་བོ་ཅག་རིགས་མཐོན་པོའམ་དཔའ་བོའམ་ལྷའི་རིགས་སོགས་ག་གེ་མོ་ཞིག་ཡིན་པས་གཞན་རྣམས་ལ་དབང་སྒྱུར་བ་པོ་ཡིན་ཞེས་མི་རྣམས་ནང་ཕན་ཚུན་དུའང་བཙན་པོ་རྣམས་ཀྱིས་ཉམ་ཆུང་ཚོའི་འཚོ་གནས་དང་རང་དབང་གི་ཐོབ་ཐང་ལ་ཅི་མི་སྙམ་དུ་བཙན་དབང་བྱེད་ཅིང་དེའང་ཁྲིམས་མཐུན་ལུགས་མཐུན་ཡིན་པར་བཟུང་སྟེ། རང་ལ་ཁེ་ཕན་ཅུང་ཟད་ཡོད་པ་མཐོང་ཚེ་རང་གིས་ཐུབ་པའི་མི་རྣམས་ཀྱི་ཚེ་སྲོག་ལའང་དུད་འགྲོ་རྣམས་ཀྱི་ཚེ་སྲོག་བཞིན་དུ་བརྩི་བསྲུང་དང་གཅེས་འཛིན་མེད་པར་སྣང་མེད་དུ་རྡོག་རྫིས་བྱས་ཏེ། ས་སྟེང་ཐམས་ཅད་འཁྲུག་ཟིང་དང་སྡུག་བསྔལ་གྱིས་ཁྱབ་པ་ནི་བཟློག་ཏུ་མེད་དེ། དཔེར་ན། མི་རིང་བའི་སྔོན་དུ་ཨ་ཧྥེ་རི་ཁའི་མི་ནག་རྣམས་ཡོ་རོབ་སོགས་ཀྱིས་བྲན་དུ་བཀོལ་ཏེ་སྒོ་ཕྱུགས་ཁོ་ན་བཞིན་དུ་མནར་གཅོད་བྱས་པ་ལྟ་བུ་ཡིན་ཏེ། དེ་ཡང་སྤྱི་ལོ་༡༤༥༡ལོ་ནས་༡༨༧༠ལོའི་བར་དུ་ལོ་བཞི་བརྒྱ་ལྷག་ཅིག་གི་རིང་ལ་ཡོ་རོབ་སོགས་ནུབ་ཕྱོགས་པ་རྣམས་ཀྱིས་ཨ་ཧྥེ་རི་ཁའི་མི་ས་ཡ་མང་པོ་བཙན་ཤུགས་ལ་བརྟེན་ནས་བྲན་གཡོག་གི་ཕྱིར་དུ་ཁྱེར་ཏེ། དེ་ཡང་སྤྱི་ལོ་༡༩༧༨ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུབ་རྒྱ་མཚོ་ཆེན་པོའི་ཐོག་གི་མི་ནག་བྲན་གཡོག་ཉོ་ཚོང་གི་སྐོར་ལ་བགྲོ་གླེང་ཚོགས་པ་འཚོགས་པའི་སྐབས་མཁས་པ་འགའ་རེས་ཨ་ཧྥེ་རི་ཁའི་གླིང་ནས་མི་ནག་རྣམས་བཟུང་སྟེ་ཕྱོགས་སོ་སོར་ཁྱེར་བ་བསྡོམས་ན་མི་བྱེ་བ་གཅིག་དང་ས་ཡ་ལྔ་ནས་བྱེ་བ་གསུམ་གྱི་བར་ཡོད་ཟེར། ལོ་བཞི་བརྒྱ་དེའི་རིང་ལ་ཧྥེ་གླིང་གི་སྐམ་ས་ནས་མི་ནག་རྣམས་བཟུང་ནས་རྒྱ་མཚོ་ཆེན་པོའི་འགྲམ་གྱི་གྲུ་ཁ་རྣམས་སུ་དེད་ནས་འོང་བའི་ལམ་བར་དང༌། ནུབ་རྒྱ་མཚོ་ཆེན་པོའི་ཐོག་ཏུ་གྲུ་གཟིངས་ནང་ནས་མེ་གླིང་དང་ཡོ་རོབ་རྣམས་སུ་སྐྱེལ་བའི་ལམ་བར་དག་ནས་ཤི་བ་སོགས་ཐམས་ཅད་བགྲངས་ན་ཨ་ཧྥེ་རི་ཁའི་མི་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ཤི་བར་གྱུར་ཅེས་ཟེར་ཏེ། མཁས་པ་འགའ་རེ་དུང་ཕྱུར་གཅིག་དང༌། ལ་ལས་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ཙམ་ཤི་བར་གྱུར་ཅེས་ཀྱང་ཟེར་རོ། །

མུར་འགོད། ༣

条目: 49 - 60 共 161

ངེད་དྲ་ཚིགས་ལ་ཕེབས་པར་དགའ་བསུ་བྱེད

བོད་ཀྱི་ལོ་རྒྱས་དང་རིག་གནས་ནི་་ཆས་ཕུན་སུམ་ཚོགས་པའི་འཛམ་གླིང་གི་ནོར་བུ་ལྟ་བུ་ཡིན།

 

གསར་འགྱུར།

2009-11-21 19:25

ཚན་རྩལ།

  བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སི་ནི་བོད་རང་སྐྱོང་ལྗོངས་ཚན་རྩལ་ རྣམ་པའི་ཁེ་ལས་ཤིག་ཡིན་ལ།ཀུང་སིའི་ཁོངས་མི་དག་ཡང་ཆེད་ལས་ལག་རྩལ་རྩེར་སོན་པ་དང་ མི་རིགས་དང་རིག་གནས་ལ་བློ་དཀར་ཞིང་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པའི་འདུ་ཤེས་ཟབ་པས།  རྒྱུན་དུ་བོད་ཡིག་མཉེན་ཆས་གསར་སྤེལ་དང་།བོད་ཡིག་གློག་རྡུལ་ཐོན་ར
2009-11-21 17:17

བརྡ་སྤྱོར།

  དུས་རབས་གསར་བའི་ནང་དུ་འཛམ་གླིང་གི་རྒྱལ་ཁབ་མང་པོ་དང་། མི་རིག་མང་པོས་རང་རང་གི་མཐུན་མིན་རིག་གནས་བདག་དམ་དང་འཕེལ་རྒྱས་སུ་གཏོང་ཅི་ཐུབ་བྱེད་པའི་སྒང་འདིར་ང་ཚོས་ཀྱང་ཕྱི་རུ་ངོམས་རིན་ཡོད་པ་དང་། གོང་དུ་སྤེལ་ལུགས་ཡོད་པའི་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་ཞིག་སྟེ། རྩམ་དྲི་དང་འོ་དྲི་མ་ཡལ་བའི
2009-11-10 15:06

༼ གངས་རྒྱན་ཞོགས་གླང ༽སྙན་ངག་གྱེར་འདོན།

གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པའི་.pptx (553,2 kB)
2009-11-04 18:40

གསར་འགྱུར

crdb.webnode.comངེད་དྲ་ཚིགས་ནི་བོད་མི་རིགས་ལ་ཞབས་ཞུ་ཁོ་ན་སྒྲྲིབས་པའི་ན་གཞོན་འགའ་ཡིན།ཁྱེད་ཀྱིས་རང་མི་རིགས་ ལ་ཞབས་ཞུ་ཞིག་སྒྲིབས་དགོས་འདོད་ཡོད་དམ།
2009-11-03 04:11

དྲ་ཚིག་གི་གནས་ཚུལ་སྤེལ་བ།

༢༠༠༨ལོར་ང་ཚོའི་མགོ་ལོག་ས་ཁུལ་སྐབས་དང་བོའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲན་རྩོལ་བྱ་འགུལ་སྤེལ།ད་ལོའི་འཆར་གཞི་ལ་༢༠༠༩ལོའི་ཟླ་༡༡པའི་ཚེས་༡༤ཉིན༼གངས་རྒྱན་ཞོགས་གླིང༽ཞིས་པའི་ཁུལ་ཡོངས་ཀྱི་སྙན་ངག་གྱེར་འདོན་དང་༢༠༠༩ལོའི་ཟླ་༡༡པའི་ཚེས་༢༨ཉིན་ཁུལ་ཡོངས་ཀྱི་སྐབས་གཉིས་བའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲ

站内搜索

联系人

ཉི་མའི་བུ་རྒྱུད ཆེས་མཐའ་མཇུག་གི་གཙང་ས། རྨ་ཡུལ་མཐོང་བ་ཀུན་སྨོན། 13897556557


གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་
གྱི་ཚིག་མཛོད་ཆེན་མོ།

www.tibettl.com/blog/
བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སིས་གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་སློབ་སྦྱོང་འཕྲུལ་ ཆས་2009ལོའི་ཟླ་10བའི་ཚེས་5ཉིན་ཚོང་རྭར་དགྲམ་རྒྱུ་ཡིན་པས།རྣམ་པ་ལྷན་རྒྱས་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་མངགས་ཉོ་གནང་བར་ཐུགས་རྗེ་ཞུའོ།

民意调查

གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་ཆེན་མོ།

ཧ་ཅང་བཟང་པོ་འདུག (59)
53%

བཟང་རྒྱུ་མེད། (53)
47%

总票数: 112