འདི་ན་་ཤེས་རིག་གི་འོད་སྟོང་འབར་ཞིང་ཞི་བདེ་ཡིས་དར་ཆ་སྒྲེང་ཡོད

Photo Gallery: 主页

/album/photo%20gallery%3a%20%e4%b8%bb%e9%a1%b5/a7216888581-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a41538676037-gif/
/album/photo%20gallery%3a%20%e4%b8%bb%e9%a1%b5/a55a0dd809f39f1936d81196a-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a92054217948-jpg/

སྐད་དང་ཡི་གེ

日期: 2012-09-04

来自: ཨ་མའི་གླེབས་རིལ།

主题: དུས་ཀྱི་ཟླ་འོད།

༄༅། ། པེ་ཅིན་སློབ་ཆེན་མཚན་ཉིད་རིག་པའི་ཚན་ཁག་གི་དྲི་བ་དང་དྲིས་ལན།
ཡུལ། པེ་ཅིན་སློབ་ཆེན་མཚན་ཉིད་རིག་པའི་ཚན་ཁག
དུས། ༢༠༡༠ལོའི་ཟླ༦པའི་ཚེས༢༤ཡི་སྔ་དྲོ།
མི་སྣ། མཁན་བསོད་ནམས་དར་རྒྱས།
࿄༡༽ དྲི་བ། ང་ནི་པེ་ཅིན་སློབ་ཆེན་གྱི་གྲངས་རིག་ཚན་ཁག་གི་འབུམ་རམས་པ་ཞིག་ཡིན། ང་ལ་དྲི་བ་ཞིག་ཡོད་པ་ནི་ཆོས་འཁོར་གཉིས་པ་དང་ཆོས་འཁོར་གསུམ་པ། ནང་བསྟན་ཆོས་ལུགས་སུ་གཞུང་བཀའ་པོད་ཤིན་ཏུ་མོད་པོ་ཡོད་པ། ཁྱེད་ཀྱིས་བསྒྱུར་གནང་མཛད་པའི་གཞུང་པོད་དང་། འཆད་ཁྲིད་བརྩམས་ཆོས་ཀྱང་ཁལ་དུ་འགེལ་ཆོག་པའི་གླེགས་བམ་ཧ་ཅང་མང་པོ་ཞིག་ཡོད་འདུག ཡིན་ཡང་ངེད་ཚོ་སྤྱིར་བཏང་གི་ཁྱིམ་པ་དག་ལ་མཚོན་ན་ཆེད་དུ་ཐོས་བསམ་གྱི་གོ་སྐབས་མེད་པས། ཁྱེད་ཀྱིས་འཐུས་ཚང་བའི་གླེགས་བམ་རེ་གཉིས་ཅིག་འོས་སྦྱོར་བྱས་ཏེ། ངེད་ཅག་ལ་ནང་བསྟན་གྱི་དབུ་མ་ཆེན་པོའི་ལྟ་བ་ལ་ངེས་ཤེས་འདྲོངས་ཐུབ་པ་ཞིག་བྱས་ན་ཆོག་གམ།
࿉ ལན།༽ངས་ད་ཅིའང་བཤད་པ་རེད། ཆོས་འཁོར་གཉིས་པའི་ཕྱོགས་ལ་རིམ་གྱིས་དབུ་མ་རྩ་ཤེས་ཀྱི་གཞུང་བསླབ་དགོས་པ་རེད། དུས་ཚོད་ཡོད་པ་ཡིན་ན་རྙིང་མའི་མི་ཕམ་རིན་པོ་ཆེས་བརྩམས་པའི། དབུ་མ་རྒྱན་གྱི་འགྲེལ་བའི་ནང་། དབུ་སེམས་གྲུབ་མཐའི་བཞེད་ཚུལ་གྱི་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་དང་། ཀུན་རྫོབ་ཏུ་སྒྱུ་མ་རྨི་ལམ་ལྟ་བུའི་སྣང་བ་ཡིན་པ་དེ་ཇི་ལྟར་ལམ་དུ་འཁྱེར་ཚུལ་གསལ་བར་བཀྲལ་ཡོད། དེའི་ཕྱིར་ཆོས་འཁོར་གཉིས་པའི་དོན་ལ་ཇི་ལྟར་ངེས་ཤེས་བསྐྱེད་པ་ལ། ཐོག་མར་གཞུང་འདི་གཉིས་ལ་ཐོས་བསམ་བྱེད་དགོས། ཆོས་འཁོར་གསུམ་པ་ལ་རྒྱུད་བླ་མ། ཆོས་དབྱིངས་བསྟོད་པ་སྦྱང་རྒྱུ་བྱུང་ན་རབ་ཡིན། །
རྒྱུད་བླ་མའི་ཕྱོགས་ལ་མི་ཕམ་རིན་པོ་ཆེ་ཡིས་བརྩམས་གནང་མཛད་པའི་འགྲེལ་བ་དང་། ཇོ་ནང་པའི་ཕྱོགས་ནའང་འགྲེལ་བ་གྲགས་ཆེ་བ་ཞིག་ཡོད། ཆོས་རྗེ་ཡིད་བཞིན་ནོར་བུས་ཀྱང་། སྐུ་ཚེའི་མཇུག་ཏུ་རྒྱུད་བླ་མའི་གཞུང་ཐེངས་གཉིས་གསུངས་མྱོང་སྟེ། ཐེངས་དང་པོར་ཕུན་སུམ་ཚོགས་པའི་ངང་མཇུག་གྲུབ་སོང་། འོན་ཀྱང་ཐེངས་གཉིས་པ་འཆད་པའི་བར་མཚམས་ནས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། ཉེ་ཆར་ང་ཚོའི་སློབ་གླིང་གི་བཤེས་གཉེན་རྣམས་ཀྱིས་ཀྱང་གཞུང་འདི་འཆད་ཁྲིད་བྱེད་ཀྱིན་ཡོད། གཞུང་དེ་ཡིས་ཆོས་འཁོར་གསུམ་པའི་དགོངས་དོན། ཤིན་ཏུ་གསལ་བར་རྟོགས་ཐུབ་པ་ཡིན། གསང་བ་སྔགས་ཀྱི་ཕྱོགས་ནས། ཁྱོད་ལ་གལ་ཏེ་ཐུན་མིན་གྱི་དབང་ལུང་ཐོབ་ཅིང་སྔོན་འགྲོ་སྦྱང་བའི་གོ་སྐབས་ཡག་པོ་ལྡན་ན། གཟོད་རིམ་གྱིས་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་འགྲེལ་བ་ཤིང་རྟ་ཆེན་མོ་དང་། སྒྱུ་འཕྲུལ་དྲྭ་བའི་སྤྱི་དོན་འོད་གསལ་སྙིང་པོར་སློབ་སྦྱོང་བྱས་ན། མན་ངག་འདི་དག་དངོས་གནས་ཆེས་ཁྱད་པར་དུ་འཕགས་པ་ཞིག་ཡིན། ང་རང་ཉིད་ལ་མཚོན་ན། དབུ་མའི་ཆོས་སྐོར་ལ་ཧ་ཅང་དད་པ་ཡོད་ཅིང་། རྫོགས་པ་ཆེན་པོའི་མན་ངག་ལ་དེ་ལས་ཀྱང་དད་པ་ཕུར་ཚུགས་སུ་ཆགས་ཡོད། རྒྱུ་མཚན་ཅིའི་ཕྱིར་ན། ནང་བསྟན་གྱི་གཞུང་ལུགས་ནི་རྒྱ་མཚོའི་གཏིང་དང་ནམ་མཁའི་མཐའ་ལྟར་ཟབ་ཅིང་རྒྱ་ཆེ་བ་ཡིན་པས། མི་ཚེ་ཐུང་ཐུང་གཅིག་ལ་ཐམས་ཅད་རྟོགས་རྒྱུ་ཤིན་ཏུ་དཀའ་བར་འདུག་མོད། རང་ཉིད་ཀྱི་དད་པ་དང་། བླ་མའི་བྱིན་རླབས་ཀྱི་རྒྱུ་རྐྱེན་འདི་དག་འཛོམས་པར་གྱུར་དུས། སེམས་ཀྱི་གདོད་མའི་ངོ་བོ་ཚེགས་ཆུང་བའི་ངང་རྟོགས་འགྲོ་ཀི་རེད། འདི་ནི་འུ་ཅག་མགོ་འཐོམས་སེམས་ཅན་དག་གི་ངོས་ཐད་ནས་བརྗོད་ན། ཆེས་ཤིན་ཏུ་རྩ་ཆེན་པོ་ཞིག་ཡིན། ལར་མི་ཚེ་ཡི་ལོ་ངོ་བཅུ་ཕྲག་ཁ་ཤས་སྐད་ཅིག་ཏུ་ཤོར་འགྲོ་བ་ཡིན་པས། དེ་ཡི་བར་མཚམས་སུ་རབ་ན་ཐར་བ་འཐོབ་པའི་གདེང་ཚོད་ལྡན་པ་དང་། ཐ་ནའང་ཐར་བའི་ས་བོན་འདེབས་ཐུབ་པར་བྱེད་རྒྱུ་ནི་ཆེས་གལ་གནད་ཆེན་པོ་ཞིག་ཏུ་འདོད།
࿄ ༢༽ དྲི་བ། ང་ནི་ཕྱི་འབྲེལ་སློབ་གླིང་ནས་སློབ་མཐར་ཕྱིན་པའི་ཞིབ་འཇུག་སློབ་བུ་ཞིག་ཡིན། ངས་དབུ་མ་རྒྱན་གྱི་རྩ་འགྲེལ་སློབ་སྐབས། མི་ཕམ་རིན་པོ་ཆེ་ཡིས་དབུ་མ་ལ་ཁས་ལེན་ཡོད་མེད་འདི་ནི། དབུ་མའི་དོགས་གནད་ཆེན་པོ་ཡིན་པར་ཡང་ཡང་གསུངས། ཁྱེད་ཀྱིས་འཆད་ཁྲིད་གནང་སྐབས་ཡང་ནན་གྱིས་དཀའ་གནད་འདི་ནི་ཆེས་གལ་ཆེན་པོ་ཡིན་པར་བརྗོད་འདུག འོན་ཏེ་མི་ཕལ་ཆེ་བས་དེ་ནི་གཙོ་གལ་ཆེ་བ་ཡིན་པ་ཤེས་ཀྱིན་མེད་པ་འདྲ། འདིའི་ཐད་ནས་ཁྱེད་ཀྱིས་སློབ་སྟོན་ཞིག་གནང་ན་ཅི་འདྲ་རེད།
࿉ ལན།༽ དབུ་མ་ལ་ཁས་ལེན་ཡོད་མེད་ནི་དབུ་མ་རྒྱན་འགྲེལ་གཅིག་པུའི་ནང་གསུངས་པ་ཙམ་མིན་པར། ད་དུང་ངེས་ཤེས་སྒྲོན་མེའི་གཞུང་གི་རྩ་བའི་དྲི་བ་གཅིག་གི་བསྟན་དོན་ཡིན། ཅི་ཞིག་ལ་དེ་ཡང་ནས་ཡང་དུ་ནན་གྱིས་གསུང་དགོས་པ་རེད་ཅེ་ན། དེ་ནི་སྔོན་བོད་ཡུལ་དུ་དབུ་མའི་གྲུབ་མཐའ་ཤིན་ཏུ་དར་ཞིང་རྒྱས་པའི་སྐབས་དགེ་ལུགས་པ་དང་། རྙིང་མ། ས་སྐྱ་པ་སོགས་ཀྱི་མཁས་པ་མང་པོ་ཞིག་གིས། འདི་ལ་མི་མཐུན་པའི་ལྟ་བ་བཟུང་སྟེ་ཕན་ཚུན་རྩོད་པ་ཁ་ཤས་བྱུང་བ་རེད། མི་ཕམ་རིན་པོ་ཆེ་ཡིས་གཟོད་གཞུང་མང་པོའི་ནང་། ཡང་ནས་ཡང་དུ་གནད་འགག་འདི་ལ་དོགས་སེལ་དང་འགྲེལ་བཤད་བྱས་པ་རེད། དོན་དངོས་སུ་དབུ་མ་ལ་ཁས་ལེན་ཡོད་མེད་ནི། དབུ་མ་པར་ཆེས་མཐར་གཏུགས་ན་འཛིན་པ་ཡོད་མེད་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། ང་ལ་ཁས་ལེན་མེད་པས་ན།། ང་ནི་སྐྱོན་མེད་ཁོ་ན་ཡིན།། ཞེས་གསུངས། དེ་ནི་ཁོང་གིས། དབུ་མ་རྩ་བ་ཤེས་རབ་ཀྱི་ནང་། ཆོས་ཐམས་ཅད་གཏན་ལ་དབབ་སྐབས་ཡོད་པའི་ཁས་ལེན་ཡང་མེད་ལ། མེད་པའི་ཁས་ལེན་ཡང་མེད་པས་གནས་ལུགས་ཡེ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། འདི་འདྲའི་ལྟ་བ་ལ་སྐྱོན་ཅི་ཡང་མེད་པ་རེད། དེང་གི་དངོས་ལུགས་རིག་པ་དག་གི་འདོད་ཚུལ་ནི། བྱ་དངོས་ཀྱི་ཆེས་ཆུང་བའི་རྩོམ་གཞི་ནི་ཁཱར་ཁུའམ་ནུས་ཁྱམས་རེད། ཐེག་པ་ཆུང་ངུས་རྡུལ་ཕྲན་རྫས་གྲུབ་ཡོད་པ་ཁས་ལེན་པ་དང་། སེམས་ཙམ་པའི་གྲུབ་མཐས་ཀུན་གཞིའི་རྣམ་ཤེས་མི་སྟོང་བ་ཁས་ལེན་པ། དབུ་མ་རང་རྒྱུད་པའི་འདོད་ཚུལ་ནི། ཐ་སྙད་ཙམ་དུ་ཆོས་ཐམས་ཅད་རང་མཚན་གྱིས་གྲུབ་པར་འདོད་པ་ཡོད། སྤྱིར་བཏང་དེ་དག་གིས་ནི་ཚིག་ཙམ་དུ་ཁས་ལེན་བྱས་པ་ཙམ་རེད་མ་གཏོགས། དངོས་སུ་བརྟག་དཔྱད་བྱས་ན་དེ་ཡི་ངོ་བོ་རྩ་བ་ནས་གྲུབ་མེད་པ་ཡིན། དེའི་ཕྱིར། ཆོས་ཐམས་ཅད་ཀྱི་གནས་ལུགས་ནི་སྒྲ་ཚིག་དང་རྣམ་རྟོག་གིས་མཚོན་མི་ཐུབ་པས། མདོ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། ། ཞེས་གསུངས་ཡོད་པ་རེད། གལ་སྲིད་ཁྱོད་རང་གསང་སྔགས་ཀྱི་ཆོས་ལ་གོ་བ་ཏོག་ཙམ་ཡོད་མཁན་ཞིག་ཡིན་ན། མན་ངག་གི་སྒོ་ནས་སེམས་ལ་བརྟག་དཔྱད་བྱེད་སྐབས། དོན་འདིའང་ཧ་ཅང་གོ་སླ་བོར་འགྱུར། ཁྱོད་ཀྱིས་ལྟོས་དང་། སེམས་ཀྱི་རང་བཞིན་ཡོད་པར་འགྲུབ་མི་ཐུབ་པ་དང་། དེ་མེད་པ་ཡིན་ཟེར་ན། ད་དུང་གསལ་གསལ་རིག་རིག་གི་ངོ་བོ་འདི་ཡོད་པས། འདི་ཙམ་སྨྲ་བསམ་བརྗོད་ལས་འདས། དེ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་ལ། བདེར་གཤེགས་སྙིང་པོ་དང་དེ་བཞིན་གཤེགས་པའི་གདོད་མའི་རང་ཞལ་ཡང་ཟེར། དེས་ན་མི་ཕམ་རིན་པོ་ཆེའི་གསུང་རྩོམ་མང་ཆེ་བའི་ནང་དོགས་གནད་འདི་ཤིན་ཏུ་རྩལ་འདོན་མཛད་ཡོད། དབུ་མ་པ་ལ་གནས་སྐབས་གང་དུ་ཁས་ལེན་ཡོད་པ་དང་། གནས་སྐབས་གང་དུ་ཁས་ལེན་མེད་པ། དབུ་མ་རང་རྒྱུད་པ་དང་། ཐལ་འགྱུར་བའི་བར་ལ་རྣོ་ངར་ལྡན་པའི་རིགས་ལམ་གྱི་རྩོད་པ་མང་པོ་བྱས་ཡོད། འདི་དག་ཤེས་པར་བྱས་པ་ལ་བརྟེན་ནས་རིམ་གྱིས་སེམས་ཀྱི་ངོ་བོ་ཅི་ཡང་མེད་པ་རྟོགས་ཐུབ། ཅི་ཡང་མེད་པ་དེ་ཡང་། སྟོང་རྐྱང་ཙམ་མ་ཡིན་པར་ཧ་ཅང་ཟབ་མོ་རྣམ་པར་རྟོག་པ་ལས་འདས་པ་ཞིག་ཡིན། དེ་ལྟ་མ་ཡིན་པར་གནས་ལུགས་དེ་རྣམ་རྟོག་གི་ཡུལ་ཡིན་ན། ང་ཚོ་སོ་སྐྱེ་ཚང་མས་ངོ་གསལ་བོར་ཤེས་པས་འཇིག་རྟེན་འདིར་དམ་པའི་སྐྱེ་བོ་དང་། རྟོགས་པ་བརྙེས་པའི་སྐྱེ་བོ་མེད་པར་འགྱུར་བ་ཡིན།
࿄ ༣༽ དྲི་བ། ང་ནི་པེ་ཅིན་སློབ་ཆེན་སློབ་གསོ་རིག་པའི་གླིང་གི་སློབ་བུ་ཞིག་ཡིན། ངས་ཁྱེད་ལ་འདྲི་བར་འདོད་པ་ནི་དགོན་པའི་དགེ་འདུན་པའི་སློབ་གསོའམ། ནང་བསྟན་སློབ་གླིང་གི་སློབ་གསོ་དང་། དེང་གི་སྤྱི་ཚོགས་ཀྱི་སློབ་གྲྭའི་སློབ་གསོ་བསྡུར་ན། ཁྱེད་ཀྱི་དགོངས་ཚུལ་ལ་དེ་དག་ལ་ཐུན་མིན་གྱི་ཁྱད་ཆོས་གང་ཞིག་ཡོད། འདི་གཉིས་ཀྱི་བར་ན་ཕན་ཚུན་མིག་ལྟོས་དང་སློབ་སྦྱོང་བྱེད་ས་ཅི་འདྲ་ཡོད།
࿉ ལན།༽ ཧ་ཅང་ཡག་པོ་རེད། འུ་བུ་ཅག་སློབ་གསོའི་ལས་ཀ་གཉེར་མཁན་ཞིག་ཡིན་པས། གནད་དོན་འདི་ལ་སེམས་ཁུར་ཆེན་པོ་གནང་དགོས་པར་འདོད། ད་ཅིའང་བཤད་པ་རེད། ང་ནི་གྲྭ་བ་ཞིག་ཡིན་པས་ལོ་དུ་མ་ཞིག་གི་རིང་ལ་དགེ་རྒན་གྱི་བྱ་བ་མུ་མཐུད་དུ་བྱས། རེད་དེ། ངེད་ཅག་དགེ་རྒན་བྱེད་རྒྱུ་ནི་ཁྱོད་ཅག་དང་ཅུང་ཙམ་མི་མཐུན་པ་རེད། དེ་ཁྱོད་ཚོའི་ཟླ་ཕོགས་དང་། ཆ་རྐྱེན། སྙན་གྲགས་སོགས་གང་ཅིའི་ཐད་ནས་ངེད་ཅག་ལས་ཁྱད་དུ་འཕགས་པ་རེད། ངེད་ཅག་ནི་རི་སུལ་ཞིག་ཏུ་ཆེས་སྟབས་བདེ་བའི་འཚོ་རྟེན་ལ་གཞི་བཅོལ་ནས་མི་ལོ་ཉི་ཤུ་ལྷག་གི་སློབ་གསོའི་འགན་འཁྲི་གྲུབ་པ་ཡིན། འོན་ཏེ། ང་ཚོའི་དོན་གཉེར་ནི་དཔེ་ཁྲིད་བྱེད་པ་ལ་བརྟེན་ནས་རྒྱུ་ནོར་འཐོབ་འདོད་དང་། སྙན་གྲགས་འཐོབ་འདོད་མ་ཡིན་པར། དེ་ལས་ལྡོག་སྟེ་འབྱུང་འགྱུར་ལ་ཟབ་ཅིང་རྒྱ་ཆེ་བའི་ནང་ཆོས་འདི། རྗེས་རབས་པར་བརྒྱུད་སྤྲོད་ཨེ་ཐུབ་པའི་རེ་འདོད་ཙམ་ཡིན། འདི་ནི་ལྷག་པར་དུ་དོན་སྙིང་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་ཅི་ཡིན་ན། མིའི་རིགས་ཀྱི་འཕེལ་རྒྱས་ནི་དཔལ་འབྱོར་དང་། དམག་དོན་གྱི་སྟེང་དུ་མངོན་གྱུར་བྱུང་དགོས་པ་ཙམ་མ་ཡིན་པར། དེ་ལས་ཀྱང་གཙོ་བོ་ནི་མི་རྣམས་ཀྱི་བསམ་བློ་མཐོར་འདེགས་བྱུང་ཡོད་མེད་ལ་བལྟ་དགོས་པ་ཞིག་ཡིན། དགོན་པའི་དགེ་འདུན་པའི་སློབ་གསོ་ནི་བསམ་བཟང་དང་། གཞན་ཕན། རང་དོན་མི་སེམས་པ་ཞིག་ཡིན། འདི་འདྲའི་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་དང་ཤིན་ཏུ་མི་མཐུན་པ་ཡོད་སྲིད། ངས་སྔོན་མར་སློབ་ཆུང་དང་། སློབ་འབྲིང་། མཐོ་འབྲིང་། སློབ་ཆེན་སོགས་ཀྱི་ཁྲིད་དེབ་མང་ཆེ་བར་བལྟས་མྱོང་། འོན་ཀྱང་དེའི་ནང་ཆེས་མང་པོ་ཞིག་ནི་དཔེར་ན་ཞི་མི་ཆུང་ཆུང་ཅི་འདྲ་ཡིན་པ། ཁྱི་གུ་ཆུང་ཆུང་ཅི་འདྲ་ཡིན་པ་སོགས་གཏམ་རྒྱུད་སྐོར་ཙམ་བཤད་ཡོད། གཞན་བསམ་བློའི་ཀུན་སྤྱོད་ཀྱི་ནང་དོན་ཧ་ཅང་ཉུང་བས། འདི་ནི་ཆེས་བློ་ཕམ་སྐྱེ་དགོས་པ་ཞིག་ཏུ་འདུག དེ་བས། མཐོ་རིམ་སློབ་ཆེན་ཞིག་ཡིན་ན་ངེས་པར་དུ་གནའ་མིའི་༼སློབ་མའི་བསླབ་བྱ།༽(弟子规)དང་། ༼ཡིག་འབྲུ་གསུམ་པའི་མདོ།༽(三字经)༼ཡིག་འབྲུ་སྟོང་གི་གཞུང་།༽(千字文)སོགས་ལ་སྦྱངས་ཏེ་སློབ་མའི་ཀུན་སྤྱོད་དང་བསམ་བློ་མཐོར་འདེགས་བྱེད་པར་གཙིགས་ཆེན་མཛད་དགོས། དེ་དང་ཆབས་ཅིག་ཏུ་ང་ཚོའི་དགེ་འདུན་གྱི་སྡེ་འམ། ནང་བསྟན་སློབ་གླིང་དག་ལའང་མཐོ་རིམ་སློབ་གྲྭའི་ཚན་རྩལ་ཤེས་བྱ་སློབ་པར་བྱེད་རྒྱུ་དགོས་པར་འདུག འདི་དག་ནི་གཙོ་ཁྲིད་དུ་འཛིན་དགོས་པ་མ་ཡིན་ཡང་། འོས་འཚམས་ཀྱིས་རྒྱུས་ལོན་བྱས་ན་ཡག་པོ་ཡོད་པ་རེད། དེ་འདྲ་མ་ཡིན་པར་གྲྭ་བ་དང་བླ་མ་སྐྱེས་ཆེན་མང་ཆེ་བས་དེང་སྐབས་འབྱུང་བཞིན་པའི་གནད་དོན་གཙོ་བོ་སྟེ། ཚན་རྩལ་མཐོན་པོས་ནང་བསྟན་གཞུང་ལུགས་ར་སྤྲོད་པ་དང་། མིའི་རིགས་ལ་ཕན་པའི་ཁོར་ཡུག་སྲུང་སྐྱོབ། དགེ་ལས་སོགས་ཀྱི་གོ་དོན་གང་ཡང་མི་ཤེས་པར། ཉིན་གང་བོར་བློ་གཅིག་སེམས་གཅིག་གིས། འོད་དཔག་མེད་ཀྱི་མཚན་ཁོ་ན་འདོན་པ་སོགས་བྱས་ན། འདི་ལྟ་བུའི་སྣ་མང་རིག་གནས་དང་། མཉམ་ལས་རང་བཞིན་ཅན་དང་། ལྷག་པར་དུ་འགྲན་རྩོད་ཛ་དྲག་ཤིན་ཏུ་ཆེ་བའི་སྤྱི་ཚོགས་ཀྱི་ནང་དུ། ནང་བསྟན་དར་སྤེལ་གཏོང་བ་ཆེས་དཀའ་བར་འདུག ཉིན་འགའི་སྔོན་ལ་ངེད་ཚོ་རྫོང་མཁར་ཞིག་ཏུ་ཤེས་ཡོན་པ་ཁ་ཤས་དང་། བླ་མ་དགེ་འདུན་པ་སྐོར་ཅིག་སྐོང་ཚོགས་བྱས་ཏེ་བགྲོ་གླེང་མཛད། རེབས་དེའི་ཚོགས་འདུ་བརྒྱུད་ནས་ཚོགས་མི་མང་པོ་ཞིག་ལ་གོ་རྟོགས་གསར་བ་སྐྱེས་སོང་། དེ་ཡང་དགོན་ཁག་ལ་ལའི་གྲྭ་པར་དུས་རྒྱུན། དེང་རབས་ཀྱི་ཤེས་བྱ་ལ་རྒྱུས་ལོན་མེད་པས། ཐེངས་འདིར་རྒྱལ་ཕྱི་ནང་གི་བྱ་བ་གལ་གནད་དག་ཐོས་པས་རང་ཉིད་ཀྱི་མཐོང་རྒྱ་ཆེ་རུ་བསྐྱེད་པར་གྱུར། དེ་བཞིན་མཐོ་རིམ་སློབ་གྲྭའི་ཤེས་ཡོན་པར་འཇིག་རྟེན་གྱི་རིག་གནས་ཆ་ཤས་ཙམ་ཤེས་ཀྱང་། ཀུན་སྤྱོད་སྐོར་དང་ནང་བསྟན་རིག་པའི་སློབ་གསོའི་ཕྱོགས་ལ་གཏན་ནས་གོ་ཐོས་མེད་ཅིང། ཐ་ན་སློབ་མའི་བསླབ་བྱ་ཙམ་ཡང་བསླབས་མ་མྱོང་བས། སྐབས་དེར་མི་རེ་རེ་བཞིན་ཕན་ཚུན་ལ་བརྟེན་ནས་སློབ་སྦྱོང་དང་། དགེ་ལེན་སྐྱོན་སེལ་གྱིས་ཚད་གཞི་མི་མཐུན་པའི་ཕན་པ་ཅི་རིགས་ཐོབ་སོང་། དེ་བས། དེང་སྐབས་ཀྱི་སློབ་གྲྭ་པ་དག་གིས་ཆོས་ལུགས་ལ་ཞིབ་འཇུག་བྱེད་པ་ཤིན་ཏུ་དོ་གལ་ཆེ་བ་ཞིག་ཡིན། གོ་ཐོས་ལྟར་ན། ཁྱོད་ཚོའི་ཆོས་ལུགས་ཚན་ཁག་གི་དགེ་རྒན་དང་། སློབ་མ་རྣམས་ཀྱིས་དད་མོས་སམ། དགའ་ཕྱོགས་ཀྱིས་ཚན་རྩལ་ཤེས་བྱ་སློབ་པ་དང་མཉམ་དུ། ཡུན་རིང་པོར་བློ་རྩེ་གཅིག་སྒྲིམ་གྱིས་ནང་ཆོས་ལ་ཞིབ་འཇུག་བྱེད་རྒྱུ་ནི། མི་ཚེ་ཡི་ངོས་ཐད་ནས་བརྗོད་ན་ཤིན་ཏུ་རིན་དོད་ཆེ་བ་ཞིག་ཏུ་སེམས། ང་རང་ཉིད་ཀྱི་ངོས་ཐད་ནས་ལབ་ན། འཚོ་གཞེས་ཀྱི་རིང་ལ། ནང་བསྟན་དར་སྤེལ་བྱེད་པར་རྒྱུ་རྐྱེན་འཛོམས་པར་གྱུར་ན་མི་གཅིག་ལས་ཉན་མཁན་མེད་ནའང་། ཉིན་རེར་སློབ་ཁྲིད་བྱེད་པའི་བསམ་པ་ཡོད། རྒྱུ་མཚན་ཅི་ཡིན་ན། དེ་བས་བསམ་བློའི་ཁྱབ་སྤེལ་དང། ཉམས་མྱོང་བརྗེ་རེས་འདི་ཆེས་དོན་སྙིང་ལྡན་པ་ཞིག་ཡིན་པར་སེམས།
࿄ ༤༽ དྲི་བ། ང་ནི་པེ་ཅིན་སློབ་ཆེན་གྱི་མཚན་ཉིད་སྡེ་ཁག་གི་འབུམ་རམས་པ་ཞིག་ཡིན། ད་ལན་ཁྱོད་ཀྱིས་ནང་བསྟན་གྱི་ཆེས་གལ་འགངས་ཆེ་ས་ནི་གཞན་ཕན་རེད་གསུངས་བྱུང་། ཡིན་ནའང་ནང་པའི་ཆོས་གཞུང་ལས་རང་གཞན་གཉིས་ཕན་གསུངས་ཡོད་པས། ཁྱེད་ཀྱིས་རང་ཕན་གཞན་ཕན་བར་གྱི་འབྲེལ་བའི་སྐོར་ཅིག་གསུངས་རོགས།
࿉ ལན།༽ སྤྱིར་བཏང་བྱས་ཏེ་བཤད་ན། རང་ཕན་ལ་རིགས་གཉིས་ཡོད་ཏེ། གཅིག་ནི་གནས་སྐབས་དང་ཅིག་ཤོས་ནི་མཐར་ཐུག་གི་ཕན་པ་རེད། གནས་སྐབས་ཀྱི་རང་ཕན་ནི། དཔེར་ན་སངས་རྒྱས་སྨན་བླའི་མདོ་སོགས་ལས། ཆོས་ལ་བརྟེན་ནས་རྒྱུ་ནོར་འཐོབ་འདོད་བསམ་ན་རྒྱུ་ནོར་འཐོབ་ཅིང་། སྙན་གྲགས་འཐོབ་འདོད་ན་སྙན་གྲགས་འཐོབ་ཅེས་གསུང་པ་ལྟར་ཡིན། ནང་ཆོས་ལས་ཀྱང་རང་ཕན་བྱེད་པ་དེ་མི་འདོད་པ་མ་ཡིན། མཐར་ཐུག་གི་རང་ཕན་ནི་དཔེར་ན་ཐེག་པ་ཆུང་ངུ་ལྟར་ན། གཞན་སེམས་ཅན་ལ་གནོད་པ་མི་བྱེད་པའི་གཞི་རྩའི་སྟེང་། རང་ཉིད་ཀྱི་ཆེད་དུ་བློ་གཅིག་སེམས་གཅིག་གིས་ཐར་བ་དོན་དུ་གཉེར་རྒྱུ་འདིའང་སངས་རྒྱས་ཀྱིས་བཀའ་གནང་མཛད་པ་རེད། ཡིན་ནའང་ཐེག་ཆེན་ལྟར་ན། སེམས་ཅན་གཞན་ལ་ཕན་པ་སྒྲུབ་རྒྱུ་གཙོ་བོར་བཟུང་སྟེ། མཉམ་དུ་རང་ཕན་ཡང་འབད་མེད་ངང་འགྲུབ་ཐུབ་པ་ཡིན། དཔེར་ན་འཇིག་རྟེན་པའི་དགེ་རྒན་ཞིག་ལ་གཞན་ཕན་སྒྲུབ་རྒྱུའི་བསམ་ པ་ཧ་ཅང་རླབས་ཆེན་ལྡན་པར་གྱུར་ན། རང་ཉིད་ལ་མནོ་བསམ་མ་བཏང་ཡང་ཟས་གོས་སོགས་ངང་གིས་འགྲུབ་འོང། དེས་ན་ནང་བསྟན་གྱི་ཐེག་པ་ཆེ་ཆུང་གི་ནང་དུ། རང་དོན་དང་གཞན་དོན་གཙོ་བོར་སྒྲུབ་ཚུལ་གྱི་ཁྱད་པར་ཆེས་གསལ་བོར་བཤད་ཡོད།
࿄ ༥༽ དྲི་བ། རྡོ་རྗེ་གཅོད་པའི་ནང་དུ་ཚིགས་བཅད་འདི་འདྲ་ཡོད་པ་རེད། གང་ཞིག་གནས་པ་མེད་པ་ལས། ། སེམས་ཉིད་རབ་ཏུ་སྐྱེ་བར་འགྱུར། ། ཅེས་གསུངས་པས་ད་སྐབས་ཀྱི་མི་མང་ཆེ་བས་གནས་མེད་ལ་གཙིགས་ཆེན་བྱེད་བཞིན་ཡོད་ཀྱང་། དེས་སེམས་ཉིད་སྐྱེ་ཞེས་པ་ཧ་ཅང་མཐོང་ཆུང་བྱེད་ཀྱིན་ཡོད་འདུག ཁྱེད་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ཕྱོགས་ནས་ང་ཚོ་ལ་གནས་མེད། ཅེས་པ་དང་སེམས་ཉིད་སྐྱེ་ཞེས་པའི་འབྲེལ་བ་ཇི་ལྟར་ཡོད་པ་དང་། གནས་མེད་ལས་སེམས་ཉིད་སྐྱེ་ཞེས་པའི་སེམས་དེ། ཇི་ལྟ་བུའི་སེམས་ཤིག་ཡིན་པའི་དོན་ལ་མཛུབ་སྟོན་གནང་རོགས།
࿉ ལན།༽ ངས་སྔོན་ཆད་རྡོ་རྗེ་གཅོད་པ་ཁྲིད་སྐབས་ཀྱང་བཤད་མྱོང་། གནས་མེད་ཟེར་བ་ནི་སྟོང་ཉིད་ཀྱི་དོན་དེ་ལ་ཟེར། ཆོས་ཐམས་ཅད་སྟོང་ཉིད་ཀྱི་ངང་དུ་གནས་ན་སྟོང་ཉིད་མ་གཏོགས་ཆོས་གཞན་ཅི་ཡང་མེད་པ་དེ་ནི། ཆོས་འཁོར་གཉིས་པའི་དགོངས་དོན་ཡིན། སེམས་ཉིད་སྐྱེ་ཞེས་པའི་དོན་ནི། སྟོང་ཉིད་དང་ལྷན་དུ་གསལ་སྣང་མ་འགག་པའི་དོན་དེ། བདེ་གཤེགས་སྙིང་པོ་འོད་གསལ་བའང་སྟོང་ཉིད་ཀྱི་ངང་ལས་སྐྱེ་བ་ཡིན། དེ་ནི་ཆོས་འཁོར་གསུམ་པའི་དགོངས་དོན་ཡང་རེད། བསམ་གཏན་པའི་བླ་བརྒྱུད་དྲུག་པ་བླ་མ་དཔེ་ལན་གྱིས་ཀྱང་། རྡོ་རྗེ་གཅོད་པ་མཉན་སྐབས་ཅི་ཞིག་ལ་ཚིགས་རྐང་འདི་ཐོས་པའི་སྐད་ཅིག་ལ་རྟོགས་པ་མངོན་དུ་གྱུར་བའི་རྒྱུ་མཚན་ཡང་དེ་ཡིན། དེའི་ཕྱིར། ཚིགས་རྐང་འདི་ཤིན་ཏུ་གལ་འགངས་ཆེ་བ་ཡིན། ཁྱོད་ཚོར་དུས་ཚོད་ཡོད་ན་ངས་རྡོར་གཅོད་བཤད་པའི་འཆད་ཁྲིད་ཟིན་བྲིས་དེ་ལ་ལྟོས་དང་། དེའི་ནང་དེ་ལྟར་བཀྲལ་ཡོད་སྣང་ཤར། དེ་ཡི་ཚིག་སྔ་མས་སྟོང་ཉིད་དང་། ཕྱི་མས་འོད་གསལ་དུ་གཏན་ལ་དབབ་པ་རེད། དེ་ཡང་ང་ཚོས་བཤད་བཞིན་པའི་སྣང་སྟོང་ཟུང་འཇུག་གམ་གསལ་སྟོང་ཟུང་འཇུག་དེ་རེད། སྣང་སྟོང་ཟུང་འཇུག་ཟེར་བའི་སྣང་ཞེས་པ་ནི། སེམས་ཀྱི་ངོ་བོ་འོད་གསལ་བའི་རང་ཞལ་ཡིན་ལ། སྟོང་ཞེས་པ་ནི་དེ་གཏན་ལ་འབེབས་སྐབས་ནམ་ཡང་རྙེད་པ་མེད་པའི་རང་བཞིན་དེ་ཡིན། འདི་གཉིས་ཀྱི་ངོ་བོ་འདུ་འབྲལ་དབྱེ་བསལ་མེད་ཅིང་དབྱེར་མེད་རོ་གཅིག་གི་བདག་ཉིད་ཡིན། ཡིན་ནའང་། སེམས་ཅན་དག་གིས་འདི་ལྟ་བུའི་རང་བཞིན་རྟོགས་ཐུབ་ཀྱིན་མེད་ཀྱང་། རྡོ་རྗེ་གཅོད་པར་མན་ངག་འདི་གསུངས་ཡོད་པས། ཕྱི་རབས་ཀྱི་དམ་པའི་སྐྱེས་བུ་ཆེས་མང་པོས་མདོ་འདི་ཀློག་དུས། སྐབས་འདི་ནས་རིག་པ་ངོ་འཕྲོད་པ་རེད། ཁྱེད་ཅག་གིས་རྡོ་རྗེ་གཅོད་པ་ཚང་མ་བློར་འཛིན་མི་ཐུབ་ནའང་དུས་རྒྱུན་ཚིག་རྐང་འདི་ཀློག་འདོན་བྱས་ན་ལེགས། དེ་ནི་གོ་སླ་བའི་ཚིག་རྐང་ཅིག་ཡིན་མོད་སེམས་ཉིད་ཀྱི་ངོ་བོ་སྟོང་བ་དང་། རང་བཞིན་འོད་གསལ་བ་ཡིན་པ། རྫོགས་པ་ཆེན་པོའི་སྐབས་ནས་གསུངས་པ་ལྟར་ཆ་ཚང་ཞིག་བཤད་ཡོད། འདི་ལྟ་བུའི་གསལ་སྟོང་དབྱེར་མེད་ཀྱི་ངོ་བོ་ནི་ཁྱོད་རང་ལ་རྣམ་རྟོག་སྐྱེས་ཀྱང་རུང་ལ་མ་སྐྱེས་ཀྱང་རུང་། འབྲལ་བ་མེད་པ་ཞིག་ཡིན། འོན་ཀྱང་འདི་ལྟ་བུའི་རྟོགས་པ་ནི། ཇི་སྐད་དུ། མི་ཡིས་ཆུ་ནི་བཏུང་བ་ལྟར།། དྲོད་གྲང་གང་ཡིན་རང་གིས་རྟོགས།། ཞེས་པ་ལྟར་མཐའ་གཅིག་ཏུ་ཡི་གེའི་ལམ་ནས་མཚོན་དགོས་པར་མ་ངེས་སོ་སྙམ།
࿄ ༦༽ དྲི་བ། ང་ནི་པེ་ཅིན་སློབ་ཆེན་མཚན་ཉིད་ཚན་ཁག་གི་སློབ་མ་ཞིག་ཡིན། ཁྱེད་ལ་འདྲི་འདོད་པ་ནི་ཤེས་རབ་སྙིང་པོ་ལས། གཟུགས་ལས་སྟོང་བ་ཉིད་གཞན་མ་ཡིན། སྟོང་བ་ཉིད་ལས་གཟུགས་གཞན་མ་ཡིན། ཞེས་པའི་ཚིག་ཐོག་ནས་བལྟས་ན། ཚིག་རྐང་འདི་གཉིས་ཀྱི་ནང་དོན་ཧ་ལམ་གཅིག་པ་ལྟར་སྣང་ཡང་། མི་མཐུན་པའི་ཚིག་སྦྱོར་གཉིས་ཀྱིས་བསྟན་ཡོད་པས་བསམ་བློ་དང་། ཉམས་ལེན་ཐོག་ནས་ཁྱད་པར་ཆེན་པོ་ཡོད་པར་བསྟན་པ་ཡིན་ནམ།
࿉ ལན།༽ གཟུགས་ལས་སྟོང་བ་ཉིད་གཞན་མ་ཡིན་ཟེར་བ་ནི་གཟུགས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་ཉིད་ཡིན་པར་བསྟན་པ་རེད། འདི་སྐོར་དབུ་མའི་གཏན་ཚིགས་རིག་པས་གཞུང་ལུགས་ཀྱི་སྒོ་ནས་གཏན་ལ་ཕབ་པ་དང་། རྟོགས་པ་བརྙེས་པའི་བླ་མས་མན་ངག་གི་སྒོ་ནས་ངོ་སྤྲོད་པ་ཡོད། དཔེར་ན། རྒྱ་ནག་གི་བསམ་གཏན་པའི་བླ་མ་འགའ་རེས། སློབ་མ་ལ་རྡེག་པ་དང་རྡུང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་དེ་མ་ཐག་རྟོགས་པ་བརྙེས་པ་དང་། གསང་སྔགས་པས་དབང་གི་སྐབས། ཆུ་ཤེལ་ལ་སོགས་ཀྱི་བརྡ་ཐབས་ལ་བརྟེན་ནས་རིག་པའི་རང་བཞིན་ངོ་སྤྲོད་པ་ལྟར་ཡིན། དེའི་སྐབས་སུ་ཧ་ཅང་ལས་སླ་མོའི་སྒོ་ནས་གཟུགས་ཀྱི་ཆོས་ལས། སྟོང་པ་ཉིད་གཞན་མ་ཡིན་པ་ཤེས་འགྲོ་ཀི་རེད། སྟོང་བ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། ཞེས་པ་འདིའི་སྐབས་ཀྱི་སྟོང་པ་ཉིད་ཞེས་པ་ནི་སྟོང་རྐྱང་གི་གནས་ཞིག་ལ་དངོས་པོ་ཅི་ཡང་འཇོག་རྒྱུ་མེད་པ་ལྟར་མ་ཡིན་པར། སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་སྟོང་བ་ཆེན་པོ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་ཟེར་བ་རེད། འདི་འདྲའི་སྟོང་ཉིད་ནི་གཟུགས་ཀྱི་ཆོས་ཐམས་ཅད་ལས་གཞན་མ་ཡིན་ཅིང་། གཟུགས་ཀྱི་ཆོས་རྣམས་ལ་འབྲལ་བ་མེད་པ་གཉིས་སུ་མེད་པའི་རང་བཞིན་ཅིག་ཡིན། འདིའི་རྟོགས་པ་ནི་དབུ་མ་ཆེན་པོ་བ་མ་གཏོགས་པ་འཇིག་རྟེན་པའམ་ཐེག་དམན་པ་དག་གི་སྤྱོད་ཡུལ་གཏན་མ་ཡིན་ནོ།།
དེང་དུས་མི་ཕལ་ཆེ་བས་སྟོང་ཉིད་གཏན་ལ་དབབ་སྐབས། སྟོང་རྐྱང་ཞིག་གི་ཕྱོགས་སུ་ལྷུང་འགྲོ་བཞིན་ཡོད། དཔེར་ན། དཀར་ཡོལ་ནང་དུ་དངོས་པོ་མེད་དུས་དཀར་ཡོལ་ནང་སྟོང་བ་ཉིད་དུ་འདོད་ཀྱང་། མཐར་ཐུག་གི་གནས་ལུགས་ནི་འདི་ལྟ་བུའི་སྟོང་རྐྱང་ཡིན་ན། ངེད་ཅག་གི་རྣམ་རྟོག་གི་དམིགས་བྱར་གྱུར་བས། སངས་རྒྱས་ཀྱིས་དེ་ལ་བསམ་གྱིས་མི་ཁྱབ་པ་ཞེས་ཇི་ལྟར་བརྗོད་པར་བྱེད། དེའི་ཕྱིར་གཟུགས་ལས་སྟོང་བ་ཉིད་གཞན་མ་ཡིན། སྟོང་བ་ཉིད་ལས་གཟུགས་གཞན་མ་ཡིན། ཞེས་པ་འདི་གཟུགས་དང་སྟོང་ཉིད་གཉིས་ལ་ངོ་བོ་ལ་དབྱེར་མེད་རོ་གཅིག་པ་དང་། སེམས་དང་ཕྱིའི་དངོས་པོ་རྣམས་ནི་འུ་བུ་ཅག་གི་འཁྲུལ་བའི་སྣང་བ་ཙམ་དུ་བསྟན་པ་ཡིན། དཔེར་ན། རྨི་ལམ་གྱི་སྐབས་ན་ས་རྡོ་རི་བྲག་དང་བདེ་སྡུག་གི་ཚོར་བ་སོགས་ཡོད་མོད། འོན་ཀྱང་དེ་དག་ཐམས་ཅད་འཁྲུལ་སྣང་ཡིན་པས་ནམ་ཞིག་ཁྱོད་རང་སད་པའི་སྐབས་སུ། རྨི་ལམ་ནང་གི་གཟུགས་དང་། སྟོང་ཉིད་གཉིས་ཁྱད་པར་གང་ཡང་མེད་པ་ཤེས་ཤིང་རྟོགས་འགྲོ་བ་རེད། དེ་བཞིན་དུ་འུ་ཅག་གི་ད་ལྟའི་ཚོར་སྣང་ཐམས་ཅད་དོན་ལ་རྨི་ལམ་དང་གཅིག་མཚུངས་ཡིན་པ་རེད། རྨི་ལམ་གྱི་སྣང་བའི་ཉམས་མྱོང་ལ་བརྟེན་ནས་གཟུགས་ཀྱི་ཆོས་དང་། སྟོང་པ་ཉིད་བར་གྱི་འབྲེལ་བ་ཤེས་པར་གྱུར་ན། དབུ་མའི་ལྟ་བ་ལ་གོ་མྱོང་སྐྱེ་བའི་བསམ་བློ་ཅུང་ཟད་ཚད་མཐོན་པོའི་གནས་སུ་སླེབས་ཐུབ།
࿄ ༧༽ དྲི་བ། དེང་གི་ཚན་རིག་ལག་རྩལ་ཤིན་ཏུ་དར་རྒྱས་ཆེ་བས་འདྲ་བསྐྱེད་ལ་བརྟེན་ནས་ཚེ་སྲོག་གསར་བསྐྲུན་བྱེད་པ་དང་། ཙིག་གུའི་ཀླད་པ་དང་འཕྲུལ་ཆས་ལ་བརྟེན་ནས་འཕྲུལ་མི་བཟོ་བསྐྲུན་བྱེད་ཀྱིན་ཡོད། དེ་འདྲའི་ཚེ་སྲོག་གསར་ཐོན་བྱུང་རྗེས་མཐར་ཐུག་གི་ལས་རྒྱུ་འབྲས་དང་། ཚེ་སྔ་ཕྱི་འཁོར་བའི་སྟེང་དུ་རྩིས་བརྡ་ཅི་ལྟར་རྒྱག་ཐུབ།
࿉ ལན།༽ ཡག་པོ་རེད། ངས་ཁྱོད་ལ་རྩིས་བརྡ་ཞིག་རྒྱག ༼དགོད་སྒྲ།༽
ཉེ་ཆར་འདྲ་བསྐྱེད་སོགས་ཀྱི་སྣང་ཚུལ་ལས་བསྐྱེད་པའི་འགྲོས་དང་བསྟུན། སྐྱེ་དངོས་ལག་རྩལ་ལ་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་པ་རེད། མི་ཕལ་ཆེ་བ་ཞིག་གིས་དེང་སྐབས་མིའི་རིགས་ཀྱིས། འཕྲུལ་ཆས་ཀྱི་མི་བཟོ་ཐུབ་པར་མ་ཟད། ཚེ་སྲོག་ཀྱང་གསར་བཟོ་བྱེད་ཐུབ་བསམ་བཞིན་ཡོད། འོན་ཀྱང་དོན་དངོས་ཐོག་ནས། ནང་བསྟན་པས་ལྟ་བ་དེ་ཁས་ལེན་པ་མ་རེད། རྒྱུ་མཚན་ཅི་ཞེ་ན། དེ་ནི་ཚེ་སྲོག་ཅིག་འབྱུང་བའི་རྒྱུ་རྐྱེན་མེད་དུ་མི་རུང་བ་ནི། བར་དོའི་ལུས་རྟེན་སྔོན་དུ་འགྲོ་དགོས་པ་ཡིན། སངས་རྒྱས་ཀྱིས་མདོ་ལས། འུ་ཅག་གི་མཐའ་སྐོར་འདིར་ཡང་། བར་དོའི་ལུས་རྟེན་མཐའ་དང་། ཚད་མེད་པ་བར་སྣང་གི་ཁམས་དང་། ཆུ་ཡི་ནང་སོགས་གང་ཡོད་པར་གསུངས་ཡོད་པ་ཡིན། དེ་ཡང་ཐེངས་གཅིག་དགྲ་བཅོམ་མ་འགག་པས་མངོན་ཤེས་ཀྱིས་གཟིགས་པས་ཆུའི་ནང་རོལ་དུ། བར་དོའི་ལུས་རྟེན་གྱིས་འཚང་ཁ་བརྒྱབ་སྟེ་གང་ཡོད་པ་མཐོང་སོང་བས། ཆུ་འཐུང་མ་ཕོད་པ་བྱུང་བས་རྗེས་སུ་སངས་རྒྱས་ཀྱིས་ཁོང་ལ། བར་དོའི་ལུས་རྟེན་ནི་གང་ས་གང་དུའང་ཡོད་པས་ཁྱོད་ཀྱིས་དགྲ་བཅོམ་པའི་མངོན་ཤེས་ཀྱིས་བརྟགས་མི་རུང་། ཤའི་མིག་གིས་མཐོང་བ་ལ་བརྟེན་ནས་སྤྱོད་ལམ་གྱི་བླང་དོར་བྱེད་དགོས་ཞེས་གསུངས་པ་ཡིན། སྔོན་ཆད་ང་རང་ཧྲང་ཧེ་ཚན་རྩལ་གླིང་དུ་སོང་སྐབས། ཚོད་ལྟ་ཁང་དུ་ཕྲ་མཐོང་ཆེ་ཤེལ་ལ་བརྟེན་ནས། བགྲང་གིས་མི་ལང་བའི་སྐྱེ་དངོས་མཐོང་སོང་། འདི་ལྟ་བུའི་བརྟག་དཔྱད་བརྒྱུད་ནས། ཤའི་མིག་གིས་མི་མཐོང་བའི་དངོས་པོ་ཡིན་ན་མེད་པ་མ་ཡིན་པར་ངེས་ཤེས་ཟབ་མོ་བདག་ལ་སྐྱེས་སོང་། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་གསུང་ལ་ཕྱིར་མི་ལྡོག་པའི་དད་པ་ལྷག་པར་སྐྱེས་བྱུང། བར་དོའི་ལུས་རྟེན་ཡང་དེ་དང་ནང་བཞིན་རེད། བར་དོའི་སེམས་ཅན་ཡོད་པ་དེ་མི་ཐ་མལ་བས་ཤེས་དཀའ་བ་ཡིན། བར་སྟོང་དག་ཏུ་བགྲང་གིས་མི་ལང་བའི་བར་དོའི་ལུས་རྟེན་འཚང་ཁ་ཤིག་ཤིག་གིས། གང་ཡོད་ལ་རྒྱུ་རྐྱེན་ཚོགས་པའི་སྐབས་སུ་ཕྲ་ཕུང་ག་གེ་མོ་ལ་ཞུགས་ཏེ་ཚེ་སྲོག་བྱུང་བ་ལྟར་སྣང་། རྒྱུ་མཚན་དེ་ལྟ་ན། འདི་ལྟ་བུ་འདྲ་བསྐྱེད་ལག་རྩལ་བཀོད་དེ་སྐྱེས་པའི་སེམས་ཅན་ལ་ངེས་པར་དུ་བར་དོའི་ལུས་རྟེན་སྔོན་སོང་ཡོད་དགོས། དེ་ལྟ་མ་ཡིན་ན། འདྲ་བསྐྱེད་ལག་རྩལ་ལ་བརྟེན་ཡང་ཚེ་སྲོག་གསར་བསྐྲུན་བྱེད་ཐུབ་ཀྱིན་མེད་དོ། །
སྔོན་གྱི་རྒྱའི་ཚན་རིག་པ་དབྱིག་ཀྲི་པོ་(尤智表)ཡིས་བཤད་རྒྱུར། ཚན་རིག་ཇི་ལྟར་འཕེལ་རྒྱས་སོང་ཡང་། ཐ་ན་སེམས་ཅན་གྲོག་སྦུར་ཆུང་ངུ་ཙམ་ཡང་གསར་བསྐྲུན་བྱེད་མི་ཐུབ། དེ་བས། ཚེ་སྲོག་ནི་ཚན་རིག་པས་གསར་གཏོད་བྱེད་ཆོག་པ་ཞིག་མ་ཡིན། ཡིན་ན་ཡང་ཁུ་ཁྲག་དང་དྲོད་ཚད་སོགས་རྒྱུ་རྐྱེན་ལྡན་པར་བྱས་སྐབས་སྟེས་དབང་གིས། བར་དོའི་ལུས་རྟེན་དེ་ལ་ཞུགས་ནས་སེམས་ཅན་གསར་དུ་བྱུང་བའི་སྣང་ཚུལ་ཙམ་དུ་ཟད་དོ།།
࿄ ༨༽ དྲི་བ། མཁན་པོ། ཁྱེད་ཀྱིས་ད་ཅི་གསུངས་པའི་འདྲ་བསྐྱེད་ཀྱི་གནད་དོན་ཐད། ངས་འདྲི་འདོད་པ་ནི། ནང་བསྟན་གྱི་རྟེན་འབྲེལ་བཅུ་གཉིས་ནང་འདྲ་བསྐྱེད་ཀྱི་སེམས་ཅན་ལ་མངལ་སྦྲུམ་པའི་བརྒྱུད་རིམ་ཡོད་དམ།
࿉ ལན།༽ འདྲ་བསྐྱེད་ཀྱི་སེམས་ཅན་མངལ་སྐྱེས་ཀྱི་རྟེན་འབྲེལ་བཅུ་གཉིས་བརྒྱུད་དགོས་པ་མ་ངེས། དེ་མངལ་སྐྱེས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྐྱེད་དགོས་ན། རྟེན་འབྲེལ་བཅུ་གཉིས་ལྡན་ཆོག་པ་ཡིན་ནའང་། དྲོད་གཤེར་སྐྱེས་ཡིན་ཚེ་མངལ་འཇུག་གི་གོ་རིམ་ཡོད་པ་མ་རེད། དཔེར་ན། དབྱར་ཀའི་ས་ལུད་ཀྱི་ནང་དུ་རྒྱུ་རྐྱེན་ཚོགས་དུས་འབུ་སྲིན་མང་པོ་སྣང་ཡོད་པ། འོན་ཀྱང་ས་ལུད་ནི་ཚེ་སྲོག་གསར་གཏོད་ཀྱི་རྒྱུ་ཡིན་པ་ཁྱོད་ཀྱིས་འདོད་ཆོག་པ་མ་རེད། བཅོམ་ལྡན་འདས་ཀྱིས་ཆོས་གཞུང་དུ་སེམས་ཅན་ལ་མངལ་སྐྱེས། སྒོང་སྐྱེས། དྲོད་གཤེར། རྫས་སྐྱེས་བཞི་ཡི་བྱེད་ཐབས་ལས་སྐྱེད་ཆོག་པ་བསྟན་ཡོད་པ། དཔེར་ན། རྒྱལ་པོ་སྤྱི་བོ་སྐྱེས་ནི་མི་ཡི་དབུ་གཙུག་ལས་སྐྱེས་པ་སོགས་འཇིག་རྟེན་དུ་གསང་བ་རྣམ་པ་སྣ་ཚོགས་ཡོད་པས་སངས་རྒྱས་ཀྱིས་ཆོས་གཞུང་མི་འདྲ་བའི་ནང་དུ་ཚང་མར་འགྲེལ་བཤད་བརྒྱབ་ཡོད་པ་རེད། མངལ་སྐྱེས་ཀྱི་བརྒྱུད་རིམ་ཆ་ཚང་བའི་ཕྱོགས་ལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོར་གསུངས་པའི་དགའ་བོ་མངལ་འཇུག་གི་མདོར་ཞིབ་ཅིང་ཕྲ་བར་གསུངས་ཡོད་པ་རེད། ཁྱོད་ཀྱིས་བལྟས་རྗེས་བཅོམ་ལྡན་འདས་ཀྱིས། ལོ་ངོ་༢༥༠༠ཡར་སྔོན་དུ་དེང་རབས་ཀྱི་གསོ་བ་རིག་པས་མི་ཤེས་པ་རྟོགས་ཡོད་པའི་ཚོར་སྣང་སྐྱེད་ཐུབ། རེད་དེ། ང་རང་ནང་བསྟན་པ་ཞིག་ཡིན་པས་ནང་བསྟན་ལ་བསྟོད་བསྔགས་བྱས་པ་མིན། ཁྱོད་ཀྱིས་ཞིབ་ཕྲའི་ངང་བརྟག་དཔྱད་བྱས་ན་གསལ་བོ་རྟོགས་ཐུབ་པ་ཡིན། དེང་སྐབས་གསོ་བ་རིག་པ། སྐྱེ་དངོས་རིག་པ། ད་དུང་ཚན་རིག་པ་གང་ཡིན་ཡང་ཞིབ་འཇུག་བྱེད་སའི་རེག་མཐོང་འཇིག་རྟེན། ཕྲ་མཐོང་འཇིག་རྟེན། ཐ་ན་རྟེན་འབྲེལ་རང་བཞིན་གྱི་སྟོང་ཉིད་ཀུན། ནང་བསྟན་ཆོས་གཞུང་དུ་གསལ་བཤད་བྱས་མེད་པ། ཁོངས་གཏོགས་སུ་གསུང་མེད་པ་ཞིག་མ་ཡིན། དེ་བས། ཀུན་པོས་ནང་བསྟན་ཆོས་ལུགས་ནི་རླབས་ཆེ་བ་ཞིག་ཡིན་པ། ཤེས་ན་འགྲིག་གི་རེད།
࿄ ༩༽ དྲི་བ། རིགས་པའི་རྗེས་འབྲང་གི་སེམས་ཙམ་པས་མཐར་ཐུག་ཀུན་གཞིའི་རྣམ་ཤེས་ཡོད་པར་ཁས་ལེན་པ་དང་། མུ་སྟེགས་གྲངས་ཅན་པས་ཀྱང་བདག་ཤེས་རིག་གི་སྐྱེས་བུ་ཡོད་པར་ཁས་ལེན་པ་འདི་འདྲའི་བདེན་གྲུབ་ཀྱི་འཛིན་སྟངས་ཅན་ལ། མི་ཕམ་རིན་པོ་ཆེ་སོགས་དམ་པ་མང་པོས་ཐར་བ་ཐོབ་པ་མེད་པར་གསུངས། དེ་འདྲ་ཡིན་ཀྱང་། སེམས་ཙམ་པ་དང་མུ་སྟེགས་གྲངས་ཅན་པའི་ཁྱད་པར་གང་གིས་འབྱེད་དགོས་པ་རེད།
࿉ ལན།༽ རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་དང་ཕྱི་རོལ་གྲངས་ཅན་པའི་ཁྱད་པར་མི་འདྲ་བ་ཤིན་ཏུ་མང་པོ་ལོས་ཡོད། མི་ཕམ་རིན་པོ་ཆེས་ཀུན་གཞིའི་རྣམ་ཤེས་བདེན་པར་འཛིན་པ་ལ་ཐར་བ་མེད་གསུངས་པ་ནི། བདེན་འཛིན་འཁོར་བའི་རྒྱུ་ཡིན་གསུངས་པ་ལས། རིགས་པའི་རྗེས་འབྲང་གི་སེམས་ཙམ་པའི་རྨང་གཞིའི་སྟེང་དབུ་མའི་ལྟ་བ་ལ་ཞུགས་པར་བྱས་ན། དེས་ཐར་བ་ཐོབ་པས་དེ་དགག་པ་མ་ཡིན། སྤྱིར་བཏང་བཤད་ན། ཐར་བ་འཐོབ་པར་འདོད་ཚེ་ངེས་པར་དུ། ཆོས་ཐམས་ཅད་སྟོང་ཉིད་ཡིན་པའི་རྨང་གཞི་ལྡན་དགོས། སེམས་ཙམ་པས་ཀུན་གཞིའི་རྣམ་ཤེས་བདེན་པར་བཟུང་བས། འདི་ཙམ་དབུ་མའི་གྲུབ་མཐར་འགལ་ནས་དགག་པ་བྱུང་བ་རེད། འོན་ཀྱང་དེ་ཙམ་གྱིས་ཕྱི་རོལ་མུ་སྟེགས་པ་དང་ཁྱད་པར་མེད་པ་མ་ཡིན་ནོ། །
࿄ ༡༠༽ དྲི་བ། ང་ནི་གཏེར་ལས་སློབ་ཆེན་གྱི་ཞིབ་འཇུག་པ་ཞིག་ཡིན། ང་ལ་དོགས་འདྲི་ཞིག་ཡོད་པས་ཁྱེད་ཀྱིས་བཀའ་སློབ་གནང་རོགས། སྟོང་ཉིད་མངོན་པར་རྟོགས་པའི་དམ་པ་དག སྐྱེ་འཆི་ལ་རང་དབང་འབྱོར་བ་ཡིན་ན་ཅི་ཞིག་ལ་ད་དུང་ཡང་། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་རེ་སྨོན་བྱེད་དགོས་པ་ཡིན་ནམ།
࿉ ལན།༽ བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་པ་ནི་གཞན་དོན་ཕུན་སུམ་ཚོགས་པ་སྒྲུབ་ཐུབ་པ་ལ་ཤིན་ཏུ་བཟང་བས། མྱུར་ལམ་གྱི་ཐབས་ཤིག་རེད། དཔེར་ན། ཁྱོད་སྤྱི་ཚོགས་སྟེང་དུ་ལས་གཉེར་བྱེད་ཚེ་ཐོག་མར་པེ་ཅིན་སློབ་ཆེན་དུ་འགྲོ་བ་ནི་ཆེས་བཟང་བའི་ཟམ་པ་ལྟ་བུ་ཡིན། ཆོས་རྗེ་ཡིད་བཞིན་ནོར་བུས་ཀྱང་འདི་ལྟར་གསུངས་མྱོང་། གལ་ཏེ་ངེད་ཅག་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བའི་གོ་སྐབས་ལྡན་ན། རང་རྒྱུད་ལ་ཡོན་ཏན་ཐམས་ཅད་མྱུར་དུ་ཡོངས་སུ་རྫོགས་པས། སྐབས་དེར། མཐའ་མེད་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་དཀའ་ཚེགས་མེད་པར་འབད་མེད་ལྷུན་གྱིས་འགྲུབ་པར་འགྱུར། དེའི་ཕྱིར་ན་དམ་པའི་སྐྱེས་བུ་རྣམས་ཀྱང་སྐྱེ་འཆི་ལ་རང་དབང་འབྱོར་ཡང་། ད་དུང་བདེ་བ་ཅན་གྱི་ཞིང་ཁམས་དེར་སྨོན་ལམ་བཏབ་སྟེ། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་གཟོད་སེམས་ཅན་མཐའ་མེད་པའི་དོན་སྒྲུབ་བོ། །
࿄ ༡༡༽ དྲི་བ། ང་ནི་ཕྱི་འབྲེལ་དཔལ་འབྱོར་ཉོ་འཚོང་སློབ་ཆེན་གྱི་སློབ་མ་ཞིག་ཡིན། འུ་ཅག་གིས་ཤེས་གསལ་ལྟར་ཐེག་པ་ཆེན་པོ་སློབ་པའི་རྩ་བའི་འགན་འཁྲི་སེམས་ཅན་ལ་ཕན་འདོགས་རྒྱུ་དེ་རེད། ལོ་འདི་དག་གི་རིང་ལ་ཁྱེད་ཀྱིས་ཀྱང་སེམས་ཅན་ལ་ཕན་པའི་ནང་ཆོས་དར་སྤེལ་བཏང་བ་རེད། སློབ་གླིང་དུ་བཞུགས་ནས་འོ་བརྒྱལ་ཇི་ལྟར་མྱང་རུང་། འཁོར་རྣམ་བཞིའི་སློབ་མ་ལ་འཆད་ཁྲིད་གནང་བཞིན་ཡོད། བསྟན་པ་དང་འགྲོ་བའི་དོན་བྱེད་པ་འདིས་ཁྱེད་ཀྱི་སྐུ་ཚེའི་ནང་ཆེས་རིང་བའི་དུས་ཚོད་ངེས་ཅན་ཞིག་བཟུང་ཡོད་འདུག དེ་ལྟར་ན་ངས་འདྲི་འདོད་པ་ནི། ཁྱེད་རང་ཉིད་ཀྱིས་བསྟན་པ་དང་འགྲོ་བའི་དོན་བྱེད་པ་དང་། མི་སྒེར་གྱི་སྒོམ་སྒྲུབ་བར་གྱི་འབྲེལ་བ་དེ་ཇི་ལྟར་དོ་མཉམ་བྱེད་ཀྱིན་ཡོད།
࿉ ལན།༽ ངས་བསྟན་པ་དང་སེམས་ཅན་གྱི་དོན་སྒྲུབ་ཡོད་ཟེར་ན་དཀའ་མོ་རེད་ཀྱང་། དངོས་གནས་སྐྱེ་བ་འདི་ལ། ཐེག་པ་ཆེན་པོའི་ཆོས་དང་བླ་མ་རྣམས་ལ་མཇལ་བའི་སྐལ་བ་ལྡན་པ་ནི། ངའི་མི་ཚེ་འདིའི་ནང་ཆེས་རིན་ཐང་ལྡན་པའི་དོན་ཆེན་ཞིག་ཡིན་པར་སེམས་ཀྱིན་ཡོད། རང་ཉིད་སྔོན་རྒྱལ་ཁབ་འགར་ཐོན་མྱོང་ཞིང་། འཇིག་རྟེན་གྱི་སྙན་པ་དང་རྒྱུ་འབྱོར་ཅུང་ཟད་ཐོབ་མྱོང་ཡང་། ད་སྐབས་ལོ་མང་འདས་རྗེས། རང་ཉིད་ཀྱི་མི་ཚེ་ལ་

日期: 2012-09-03

来自: ཨ་མའི་གླེབས་རིལ།

主题: ཆོས་སྲིད་ཟུང་འཇུག

༆ ། ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་ལས། ༤༽
ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།
སྨྲས་པ། བྲམ་ཟེ་ཇི་ལྟར་ན་ཆོས་དང་ལྡན་པའི་རྒྱལ་པོ་བརླང་བའི་རྣམ་པ་དེ་དག་གིས་སེམས་ཅན་མི་སྲུན་པ་དག་ལ་བྱམས་པའི་སེམས་དང་སྙིང་རྗེའི་སེམས་ཉེ་བར་གཞག་ཅིང་བརླང་བར་སྤྱོད་པ་ཡིན། དེ་སྐད་ཅེས་སྨྲས་པ་དང་། གཅེར་བུ་པའི་བུ་བདེན་སྨྲས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་འདི་སྐད་ཅེས་སྨྲས་སོ། །
རྒྱལ་པོ་ཆེན་པོ་དེའི་སླད་དུ་དོན་འདི་རབ་ཏུ་བསྒྲུབ་པའི་སླད་དུ་དཔེ་གསན་དུ་གསོལ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་བགྱི་ན་ཕས་བུ་མི་སྲུན་པ་ཞིག་བཅོས་པར་འཚལ་ན་བྱམས་པའི་སེམས་དང་སྙིང་རྗེའི་སེམས་ཉེ་བར་གཞག་སྟེ། དགུམ་པ་དང་དབང་པོ་ཉམས་པར་བགྱི་བ་དང་། ཡན་ལག་གཏུབ་པ་མ་གཏོགས་པར་གནོད་པའི་རྣམ་པ་གཞན་གྱིས་བརླང་བར་བགྱིད་དེ། འོན་ཀྱང་དེ་ལ་གཏང་བའི་སེམས་སམ། གནོད་པར་བགྱི་བའི་སེམས་མི་འབྱུང་སྟེ། གཞན་དུ་ན་ཉེས་པ་བཟློག་པ་ཉིད་ཀྱི་ཆེད་དུ་བགྱིས་ཏེ། ཉེས་པ་མ་བྱུང་བ་རྣམས་མི་འབྱུང་བར་བྱའོ་སྙམ་སྟེ་བརླང་བར་བགྱིད་དོ། །
དེ་བཞིན་དུ་རྒྱལ་པོ་ཆོས་དང་ལྡན་པ་ཡང་སྐྱེ་དགུ་རྣམས་ལ་བུའི་འདུ་ཤེས་ཉེ་བར་གཞག་སྟེ། སེམས་ཅན་མི་སྲུན་པ་རྣམས་འཆོས་ན་སྲོག་བཅད་པ་དང་། དབང་པོ་ཉམས་པར་བགྱི་བ་དང་། ཡན་ལག་གཏུབ་པ་མ་གཏོགས་པར་བྱམས་པའི་སེམས་དང་སྙིང་རྗེའི་སེམས་སུ་བགྱིས་ཏེ་བཅིང་པ་དང་། གོ་རར་སྩལ་བ་དང་། བརྡེགས་པ་དང་། བསྡིགས་པ་དང་། སྦྱོ་བ་དང་། བརྒྱད་བཀག་པ་དང་། གནས་ནས་བཀར་བ་དང་། ལོངས་སྤྱོད་འཕྲོག་པ་ལ་སོགས་པ་བརླང་བའི་རྣམ་པ་རྣམས་ཀྱིས་བརླང་བར་བགྱིད་ཀྱང་། དེ་སེམས་ཅན་དེ་དག་ལ་གཏང་བའི་སེམས་སམ་གནོད་པར་བགྱི་བའི་སེམས་མི་འབྱུང་སྟེ། གཞན་དུ་ན་ཉེས་པ་བཟློག་པ་ཉིད་ཀྱི་ཆེད་དུ་བགྱིས་ཏེ། དེ་མ་ལགས་པ་གཞན་རྗེས་སུ་བསླབ་པ་དང་། ཉེས་པ་མ་བྱུང་བ་རྣམས་མི་འབྱུང་བར་བྱའོ་སྙམ་སྟེ། བརླང་བར་བགྱིད་དོ། །
ཞེས་གསུངས་སོ། །
འོ་ན་ཆད་པ་གཅོད་པར་འོས་པའི་ཉེས་པ་ཅན་དེ་ཅི་ལྟ་བུ་ཞིག་ཡིན་ཞེ་ན། ཉེས་པ་རྣམ་པ་ལྔའི་ནང་དུ་བསྡུས་ནས་གསུངས་ཏེ། དང་པོ་ནི། ཡང་དེ་ཉིད་ལས། སྨྲས་པ། བྲམ་ཟེ་མི་སྲུན་པ་དེ་དག་ཇི་ལྟ་བུ་ཡིན་པར་ཤེས་པར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་མདོར་ན་མི་སྲུན་པ་ནི་རྣམ་པ་ལྔར་མཁྱེན་པར་བགྱི་སྟེ། རྒྱལ་པོ་ལ་གནོད་པ་བགྱིད་པ་དང་། གཅིག་ལ་གཅིག་གནོད་པར་བགྱིད་པ་དང་། བཀའ་མི་ཉན་པ་དང་། ལོག་པས་འཚོ་བ་དང་། ལོག་པར་ཞུགས་པ་ལགས་སོ། །
དེ་ལ་རྒྱལ་པོ་ལ་གནོད་པ་བགྱིད་པ་ནི་འགུམས་པ་དང་། འགུམས་སུ་སྩོལ་བ་དང་། དུག་སྩོལ་བ་དང་། ཕྱག་མཛོད་རྐུ་བ་དང་། དོན་མ་རུང་བར་བགྱིད་པ་དང་། བཙུན་མོ་འདྲིད་པ་དང་། བཀའ་ལྟར་མི་བགྱིད་པ་དང་། གསང་མི་ཐུབ་པ་དང་། ཁམས་ཀྱི་དཀྲུགས་མ་བགྱིད་པ་དང་། ཁ་རྒོད་མཆི་བ་དང་། ཁ་ཕྱར་གཏོང་བ་དང་། དེ་ལྟ་བུ་ལ་སོགས་པ་དག་ནི་རྒྱལ་པོ་ཆེན་པོ་རྒྱལ་པོ་ལ་གནོད་པ་བགྱིད་པ་ལགས་པར་མཁྱེན་པར་བགྱིའོ། །
ཞེས་གསུངས་ཏེ། འདི་ནི་རྒྱལ་པོ་བསད་པའམ་གསོད་མ་ཐུབ་ཀྱང་གསོད་པའི་བྱ་བ་བསྒྲུབས་པ་ལ་སོགས་པའོ། །
གཉིས་པ་ནི། ཡང་དེ་ཉིད་ལས། དེ་ལ་གཅིག་ལ་གཅིག་གནོད་པར་བགྱིད་པ་ནི་སེམས་ཅན་འདི་དག་གཅིག་ལ་གཅིག་སྲོག་ལ་རྒོལ་བའམ། ལོངས་སྤྱོད་འཕྲོག་པའམ། མཆིས་བྲང་ལ་བྱི་བོ་བགྱིད་པའམ། སྒྱུའི་དབང་གིས་ཕ་རོལ་སླུ་བའམ། མཛའ་བ་འབྱེད་པའམ། ངག་མི་སྙན་པས་འཐབ་པའམ། ལས་དང་། སྲང་དང་ཚད་སྒྱུ་མས་གཞན་འདྲིད་པའམ། གཅིག་ལ་གཅིག་མི་སྙན་པར་བརྗོད་པའམ། རྒྱལ་པོ་ཆེན་པོ་དེ་ལྟ་བུ་ལ་སོགས་པ་དག་ནི་གཅིག་ལ་གཅིག་གནོད་པ་བགྱིད་པ་ལགས་པར་མཁྱེན་པར་བགྱིའོ། །
ཞེས་གསུངས་ཏེ། འབངས་རྣམས་ཀྱིས་ནང་ཕན་ཚུན་དུ་གསོད་པ་དང་རྐུ་བ་དང་ལོག་གཡེམ་དང་རྫུན་དང་གཡོ་སྒྱུ་སོགས་བྱེད་པའོ། །
གསུམ་པ་ནི། ཡང་དེ་ཉིད་ལས། དེ་ལ་བཀའ་མི་ཉན་པ་ནི་རྒྱལ་པོ་ཆེན་པོ་ལ་རྟེན་པའི་ཁམས་ཀྱི་རྒྱལ་ཕྲན་དང་། རྒྱལ་པོའི་བཀའ་ལྟར་མི་བགྱིད་པ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟ་བུ་ལ་སོགས་པ་དག་ནི་བཀའ་མི་ཉན་པ་ལགས་པར་མཁྱེན་པར་བགྱིའོ། །
ཞེས་གསུངས་ཏེ། རྒྱལ་པོའི་བཀའ་ལ་མི་བརྩི་བའོ། །
བཞི་པ་ནི། ཡང་དེ་ཉིད་ལས། དེ་ལ་ལོག་པས་འཚོ་བ་ནི་སེམས་ཅན་གང་དག་སྡོམ་པ་མ་མཆིས་པ་སྟེ་དེ་དག་ཀྱང་ཤན་པ་དང་བྱ་པ་དང་ཕག་འཚོང་དང་། དེ་ལྟ་བུ་ལ་སོགས་པ་དག་ལགས་པར་མཁྱེན་པར་བགྱིའོ། །
ཞེས་གསུངས་ཏེ། རང་གི་འཚོ་བའི་ཕྱིར་དུ་སྲོག་ཆགས་མང་པོ་གསོད་པར་བྱེད་པའོ། །
ལྔ་པ་ནི། ཡང་དེ་ཉིད་ལས། དེ་ལ་ལོག་པར་ཞུགས་པ་ནི་སེམས་ཅན་གང་དག་ལོངས་སྤྱོད་ལས་ཕྱིར་ལོག་སྟེ་མཚན་མ་ཅན་དུ་གྱུར་པ་རྣམས་ཚུལ་ཁྲིམས་ཉམས་པ་དང་ལྟ་བ་ཉམས་པ་དང་ཆོ་ག་ཉམས་པ་དང་འཚོ་བ་ཉམས་པར་གྱུར་ཅིང་རང་རང་གི་ཆོས་ཡོངས་སུ་བཟུང་བ་རྣམས་ལ་མི་གནས་པ་ལགས་ཏེ་དེ་དག་ནི་རྒྱལ་པོ་ཆེན་པོ་ལོག་པར་ཞུགས་པ་ལགས་པར་མཁྱེན་པར་བགྱིའོ། །
ཞེས་གསུངས་ཏེ། དགེ་སྦྱོང་ཚུལ་ཁྲིམས་ཉམས་པའམ་ལྟ་བ་ཉམས་པ་ཅན་ནོ། །
ཉེས་པ་བྱས་པའི་མི་དེ་རྣམས་ལ་ཆད་པ་གཅོད་ཚུལ་ཅི་ལྟར་བྱ་བའང་དེ་ཉིད་ལས། སྨྲས་པ། བྲམ་ཟེ་རྣམ་པ་གང་གིས་ཇི་ལྟར་ན་ཆོས་དང་ལྡན་པའི་རྒྱལ་པོས་རྒྱལ་པོ་ལ་གནོད་པ་བྱེད་པའི་མི་སྲུན་པ་རྣམས་ཆད་པས་བཅད་པར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ནི་སྐྱོན་བརྗོད་པས་དགག་པའམ། ལོངས་སྤྱོད་དབྲོག་པས་དགག་པའམ། བཅིང་བ་དང་བསྐྲད་པ་དང་སྨད་པས་དགག་པར་བགྱིའོ། །
སྨྲས་པ། གཅིག་ལ་གཅིག་གནོད་པར་བྱེད་པ་ལ་ཇི་ལྟར་ནན་ཏན་དུ་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་བསྡིགས་པ་དང་གནོད་པར་བགྱི་བ་དང་། བརྡེག་པ་དང་། གོ་རར་སྩལ་བ་དང་། སྦྱོ་བ་དང་། ཆད་པས་བཅད་པས་བཟློག་པར་བྱའོ། །
སྨྲས་པ། བཀའ་མི་ཉན་པ་རྣམས་ལ་ཇི་ལྟར་ནན་ཏན་དུ་བྱ། སྨྲས་པ། ཟིལ་གྱིས་མནན་ཏེ་དབང་དུ་བསྒྱུར་བ་ལ་རང་རང་གི་རིས་ནས་བསྐྱོད་པར་མི་བགྱི་བས་བཟློག་པར་བྱའོ། །
དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལྟར་དེ་དག་རང་རང་གི་རིས་ནས་བསྐྱོད་པར་མ་བགྱིས་ན་རྒྱལ་པོའི་བཀའ་དྲིན་གཟོ་ཞིང་འཇིགས་པས་བཀའ་ཉན་པར་འགྱུར་ཏེ། གཞན་བཀའ་མི་ཉན་པའི་སྐབས་ཀྱང་ཡོངས་སུ་ཆད་པར་འགྱུར་ཞིང་ཕྱག་མི་འཚལ་བ་རྣམས་ཀྱང་ཕྱག་འཚལ་བར་འགྱུར་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་སྙན་པར་གྲགས་པའི་སྒྲ་དང་ཚིགས་སུ་བཅད་པ་འབྱུང་བར་འགྱུར་ཞིང་གཞི་དེ་ལས་བསོད་ནམས་ཀྱང་མང་དུ་འཕེལ་བའི་སླད་དུའོ། །
སྨྲས་པ། ལོག་པར་འཚོ་བ་རྣམས་ལ་ཇི་ལྟར་ནན་ཏན་དུ་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་བསྡིགས་ཤིང་ད་ཕན་ཆད་གལ་ཏེ་དེ་ལྟར་བྱེད་ན་ཆད་པ་འདི་དང་འདིས་བཅད་པོ་ཞེས་འཇིགས་པ་བསྟན་པས་དགག་པར་བགྱིའོ། །
སྨྲས་པ། ལོག་པར་ཞུགས་པ་རྣམས་ལ་ཇི་ལྟར་ནན་ཏན་དུ་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་ཡང་དག་པའི་གཉེན་པོའི་ཕྱོགས་ལ་གཟུད་པས་བཟློག་པར་བགྱིའོ། །
རྒྱལ་པོ་ཆེན་པོ་གལ་ཏེ་གང་ཟག་ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པའམ། ཆོ་ག་ཉམས་པའམ། འཚོ་བ་ཉམས་པ་ཞིག་དགེ་འདུན་མཐུན་པས་སྦྱངས་ཏེ་བརྟགས་ནས་བསྐྲད་པར་བགྱིས་པའམ། རང་གིས་ཁས་བླངས་པ་ལས་དགེ་འདུན་གྱིས་བསྐྲད་པར་མི་ནུས་ན། དེ་ལ་ཆོས་དང་ལྡན་པའི་རྒྱལ་པོས་ཡང་དག་པ་ལ་ཡང་དག་པར་རྟོགས་པར་བགྱིས་ཏེ། བཙུན་པའི་ཕྱོགས་ཀྱི་གྲོགས་བགྱིའོ། །
གལ་ཏེ་དགེ་འདུན་གཉིས་མི་མཐུན་པའི་རྩོད་པར་གྱུར་ཏེ། ཚུལ་ཁྲིམས་ཉམས་པའམ། ཆོ་ག་ཉམས་པའམ། ལྟ་བ་ཉམས་པའམ། འཚོ་བ་ཉམས་པ་ལས་བརྩམས་ནས་ཡུས་རྟོད་ཅིང་རྩོད་པ་ཞིག་ཏུ་གྱུར་ན། དེ་ལ་ཆོས་དང་ལྡན་པའི་རྒྱལ་པོས་བདག་ཉིད་ཆོས་ཀྱི་དོན་ལ་མཁས་སམ། མི་མཁས་ཀྱང་རུང་སྟེ། རིས་དེ་ན་ཡ་རབས་སུ་བཏུ་བའི་དགེ་སྦྱོང་ངམ། བྲམ་ཟེ་ཆོས་ཀྱི་དོན་ལ་མཁས་པ་མཆིས་པ་དེ་དག་བསྡུས་ཏེ་རྩོད་པ་དེ་སྦྱང་བར་བགྱིའོ། །
དེ་ལྟར་སྦྱངས་ནས་དེ་ལ་གང་རིགས་པར་སྨྲ་བ་དེའི་ཕྱོགས་ཀྱི་གྲོགས་བགྱི་ཞིང་བསྐྲད་པའམ་ལོག་པ་ལ་བརྩོན་པ་བཟློག་པའི་སླད་དུ་བསྟང་བར་བགྱིའོ། །
ཞེས་གསུངས་སོ། །
གལ་ཏེ་རྒྱལ་པོ་རང་ཉིད་ཀྱིས་ནག་ཉེས་བྱས་ན་རྒྱལ་པོ་རང་ཉིད་ཀྱིས་ལས་རྒྱུ་འབྲས་དང་འབངས་རྣམས་ཀྱི་གླེང་བརྗོད་ལ་འཇིགས་ནས་རྒྱལ་པོ་རང་ཉིད་ཀྱིས་རང་ཉིད་བཅོས་དགོས་པར་གསུངས་ཏེ། དེ་ཉིད་ལས། སྨྲས་པ། བྲམ་ཟེ་རྒྱལ་པོ་ཉིད་མི་སྲུན་པ་ཞིག་ཏུ་གྱུར་ན་དེ་ལ་སུས་ཆད་པས་བཅད་པར་ནན་ཏན་དུ་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་པོ་དེ་ཉིད་ཀྱིས་སོ། །
གལ་ཏེ་རྒྱལ་པོ་བག་མ་མཆིས་པར་གྱུར་ཏམ། སྙིང་རྗེ་མ་མཆིས་པར་གྱུར་ན་དེའི་སླད་དུ་དེས་ཤེས་རབ་ཀྱི་སྟོབས་ལ་བརྟེན་ཏེ་མི་སྙན་པར་འགྱུར་བའི་འཇིགས་པ་དང་། ངན་སོང་གི་འཇིགས་པ་དང་། ཆོས་གཉིས་པོ་འདི་དག་གིས་བག་མ་མཆིས་པ་དང་སྙིང་རྗེ་མ་མཆིས་པ་ལས་བདག་ཉིད་བཟློག་པར་བགྱིའོ། །
ཞེས་གསུངས་སོ། །
རྒྱལ་པོས་རང་གི་ཡུལ་ཁམས་ན་གནས་པའི་ཡུལ་ལྷ་གཞི་བདག་སོགས་མཆོད་བཀུར་བྱ་དགོས་པར་གསུངས་ཏེ། དེ་ཉིད་ལས། སྨྲས་པ། བྲམ་ཟེ་རྒྱལ་པོའི་ཁམས་ན་ལྷ་གང་དག་གནས་པ་དེ་དག་ཆོས་དང་ལྡན་པའི་རྒྱལ་པོས་ཇི་ལྟར་བསྐྱང་བར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་ཡང་དག་པའི་གཏོར་མ་བཤམས་ཏེ་བསྩལ་བར་བགྱིའོ། །
དེ་ལྟར་ན་ཆོས་དང་ལྡན་པའི་རྒྱལ་པོས་སྐྱེ་དགུ་ཐམས་ཅད་བསྐྱང་པར་འགྱུར་རོ། །
མི་སྲུན་པ་ཐམས་ཅད་ཀྱང་ཆད་པས་གཅད་པར་འགྱུར་རོ། །
ཁ་ན་མ་ཐོ་བ་ཡང་མ་མཆིས་པར་འགྱུར་རོ། །
གཞི་དེ་ལས་ཚེ་སླད་མ་པའི་བསོད་ནམས་ཀྱང་མང་དུ་འཕེལ་ལགས་སོ། །
ཞེས་གསུངས་སོ། །

མུར་འགོད།

日期: 2012-08-27

来自: ཨ་མའི་གླེབས་རིལ།

主题: དུས་ཀྱི་ཟླ་འོད།

༄༅།། དུས་ཀྱི་ཟླ་འོད།
མཁན་པོ་བསོད་ནམས་དར་རྒྱས་ཀྱིས་འཆད་ཁྲིད་བྱས།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
ནང་བསྟན་སྟོང་ཉིད་ཀྱི་ལྟ་བ།
ཡུལ། པེ་ཅིན་སློབ་ཆེན་མཚན་ཉིད་རིག་པའི་ཚན་ཁག
དུས། ༢༠༡༠ལོའི་ཟླ༦པའི་ཚེས༢༤ཡི་སྔ་དྲོ།
མི་སྣ། མཁན་བསོད་ནམས་དར་རྒྱས།
མདོ་འཛིན་པའི་མཚམས་སྦྱོར།
དེ་རིང་མཁན་པོ་བསོད་དར་རྒྱས་གདན་འདྲེན་ཞུས་ཏེ་འུ་ཅག་ལ་བོད་བརྒྱུད་ནང་བསྟན་གྱི་བསམ་བློ་འཆད་འཁྲིད་བྱེད་ཐུབ་པ་འདི་ཆེས་ལས་སྐལ་བཟང་པོ་ཞིག་རེད། མཁན་པོ་ལགས་ད་ཐེངས་པེ་ཅིན་སློབ་ཆེན་དུ་ཕེབས་པ་ནི། རྒྱུ་རྐྱེན་ཆེས་ཁྱད་པར་བ་ཞིག་རེད། ཚང་མས་ཤེས་གསལ་བཞིན་བོད་བརྒྱུད་ནང་བསྟན་ལ་ཆེས་ཕུལ་བྱུང་གི་དགེ་མཚན་མང་པོ་ཡོད་པ་དང་། ཁོ་རང་ལ་ཐུན་མིན་སློབ་གསོའི་བསམ་བློ་ཡང་ཡོད་པ་རེད། འོན་ཏེ། དེང་སང་གི་རིག་གཞུང་ལས་རིགས་མི་སྣས་འདིར་ཞིབ་འཇུག་བྱས་ཀྱང་། ད་དུང་སློབ་གསོའི་ཐད་ཆད་ལྷག་ཡོད་པ་སོགས་ཕུན་སུམ་ཚོགས་པ་ཞིག་བྱེད་ཐུབ་མེད་པར་མ་ཟད། ད་དུང་བོད་བརྒྱུད་ནང་བསྟན་དང་། བོད་ཀྱི་རིག་གནས་ལ་ཟབ་ཅིང་གཏིང་མཐུག་པའི་འབྲེལ་བ་ཡོད་ཀྱང་། འདིའི་ཐད་འུ་ཅག་ལ་ཤེས་རྟོགས་མང་པོ་ཞིག་ཡོད་པ་མ་རེད། དེ་ལ། མཁན་པོ་ལགས་ཀྱི་སྒྲུབ་པའི་རྟོགས་པ་ཤིན་ཏུ་མཐོ་བས། གལ་ཏེ་ང་ཚོའི་སློབ་ཆེན་འདི་དག་གི དགེ་རྒན་གྱིས་ནང་ཆོས་འཆད་འཁྲིད་བྱེད་པ་དང་། མི་གཞན་ཞིག་གིས་ནང་བསྟན་ངོ་སྤྲོད་བྱེད་པ་དང་གཏན་ནས་འདྲ་མཚུངས་མ་ཡིན། པེ་ཅིན་སློབ་ཆེན་ནི་སྔར་ནས་ད་བར་དུ་། སྣ་མང་རིག་གནས་ལ་གོང་བཀུར་ཡོད་པ་དང་། ང་ཚོའི་སློབ་མར་རིག་གཞུང་སྟེང་དུ་དཀྱེལ་ཡངས་དང་སྤྲོ་སེམས་ཡོད་པ་ཡིན། དེའི་ཕྱིར་ན་དེ་རིང་མཁན་པོ་ཚང་པེ་ཅིན་སློབ་ཆེན་གྱི་མཚན་ཉིད་ཚན་ཁག་ཏུ་གདན་དྲངས་ནས། གཏམ་བཤད་ཅིག་བྱེད་ཐུབ་པ་ནི་དངོས་གནས་ལས་སྐལ་བཟང་པོ་ཞིག་རེད། ད་ཐེངས་ཀྱི་བཀོད་བསྒྲིགས་འདི་ཚད་མཐོན་པོ་ཞིག་གི་སྟེང་ནས། བོད་བརྒྱུད་ནང་བསྟན་ཞིབ་འཇུག་གི་སློབ་བུ་སྐོར་ཞིག་གིས་སྤྲོ་སེམས་ངང་ནས་མགོ་བརྩམས་པ་རེད། ཁོ་ཚོའི་སྤྲོ་སེམས་ལ་ང་ཚོས་ངེས་པར་དུ་རྗེས་སུ་ཡི་རང་ངང་སྲུང་སྐྱོབ་བྱེད་འོས་པ་རེད། འདིས་ནི་ང་ཚོ་དགེ་རྒན་ཚོ་ལའང་སྐུལ་ལྕག་ཐེངས་གཅིག་བྱས་པ་རེད། ང་ཚོའི་དགེ་རྒན་དག་གིས་ཞིབ་འཇུག་ཕལ་ཆེ་བ་ནི། རྒྱ་བརྒྱུད་ནང་བསྟན་དང་རྒྱ་གར་གྱི་ནང་ཆོས་རེད། དེ་བས་སློབ་མ་ཚོའི་སྤྲོ་སེམས་ཀྱིས་དགེ་རྒན་དག་ལ་འདིའི་ཕྱོགས་ཀྱི་སློབ་སྦྱོང་ཤུགས་སྣོན་བྱེད་པར་སྐུལ་ལྕག་ཐེངས་གཅིག་བྱས་པ་རེད། གཤམ་དུ་འུ་ཅག་དགེ་སློབ་ཚང་མས་མཉམ་དུ་མཁན་པོའི་གསུང་བཤད་ལ་མཉན་རྒྱུ་བྱེད། ཐལ་མོ་བརྡབས་ནས་ཕེབས་བསུ་བྱེད་རོགས།
སྔོན་འགྲོའི་གཏམ།
དེ་རིང་པེ་ཅིན་སློབ་ཆེན་མཚན་ཉིད་ཚན་ཁག་གི་དགེ་རྒན་དང་། སློབ་གྲོགས་ཚོར་མཉམ་དུ་བོད་བརྒྱུད་ནང་བསྟན་ལས་བཤད་པའི་སྟོང་ཉིད་དང་། བདེ་གཤེགས་སྙིང་པོའི་ཕྱོགས་ཀྱི་གནས་ལུགས་ལ། བགྲོ་གླེང་དང་བསྟུན་ཏེ། རང་ཉིད་ཀྱི་བསམ་ཚུལ་མདོར་བསྡུས་ཙམ། ཚང་མའི་སེམས་ཀྱི་ལོངས་སྤྱོད་དུ་དབུལ་རྒྱུ་ཡིན། བདག་རང་ངོས་ནས་བཤད་ན། ཁྱེད་ཅག་དང་ཐོབ་ཐང་མི་འདྲ་ཡང་། རང་ཉིད་ནས་དགེ་རྒན་དང་སློབ་ཁྲིད་པ་བྱས་ཏེ་སློབ་གསོ་གཉེར་བ་དང་། ཆོས་སྤེལ་ནས་ད་བར་དུ་ཧ་ལམ་ལོ་ངོ་ཉི་ཤུ་ལྷག་འདས་སོང་། འདིར་བཞུགས་ཀྱི་སློབ་དཔོན་ཆེན་མོ་དང་། དགེ་རྒན་ཕལ་ཆེ་བ་ཡང་མུ་མཐུད་དུ་གཞན་ལ་དཔེ་ཁྲིད་ཀྱིས་སློབ་གསོ་གཏོང་བ་དང་། རླབས་ཆེན་ཁྱད་འཕགས་ཀྱི་སློབ་གསོའི་ལས་རིགས་བྱ་གཞག་གཉེར་བ་ཤ་སྟག་རེད། དེས་ན་འུ་ཅག་ཕན་ཚུན་བར་ལ་ཐུན་མོང་གི་ཞིབ་བསྡུར་དང་། ཐུན་མོང་གི་སློབ་སྦྱོང་ནི་ངེས་པར་དུ་བྱེད་དགོས་པ་དང་བྱེད་འོས་པ་ཞིག་རེད། ང་རང་པེ་ཅིན་སློབ་ཆེན་དུ་སླེབས་པ་ཐེངས་དང་པོ་ཡིན། འདི་རུ་སློབ་སྦྱོང་གི་སྣང་ཚུལ་ཆེས་བཟང་བ་རྟོགས་སོང་། ལྷག་པར་དུ་བསམ་གཏན་རིག་པའི་ཚན་ཁག རྨོ་སློབ་ཚན་ཁག་སོགས་ཚོགས་པ་མང་པོས་ཆོས་ལུགས་ལ་ཞིབ་འཇུག་བྱས་པ་བཟང་པོ་འདུག དེའི་ཕྱིར་ད་ཐེངས་ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱེད་པ་ནི་ཆེས་དོན་སྙིང་ཅན་ཞིག་རེད། སྤྱིར་མི་དང་མིའི་བར་ལ་ཕན་ཚུན་དགོས་མཁོ་བརྗེ་སྤྲོད་བྱེད་རྒྱུ་ཆེས་གལ་ཆེན་ཞིག་ཏུ་འཁུམས། ང་རང་བོད་ཀྱི་གྲྭ་བ་ཞིག་ཡིན་པའི་ཆ་ནས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་ཞིབ་འཇུག་བྱས་པ་གཞིར་བཞག་ལས། གཞན་རྒྱ་བརྒྱུད་ནང་བསྟན་ཆོས་ལུགས་དང་། ད་དུང་དེང་སྐབས་ཀྱིན་སློབ་ཆེན་ནང་གི རིན་ཐང་ལྡན་པའི་ཚན་རྩལ་ཤེས་བྱ་ལའང་སློབ་སྦྱོང་བྱེད་ཀྱི་ཡོད། ཁྱེད་ཅག་མཐོ་རིམ་སློབ་ཆེན་གྱི་དགེ་རྒན་དང་། སློབ་མ་རྣམས་ཀྱིས་ཀྱང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་། གཞན་པའི་ཆོས་ལུགས་དག་ལ་སློབ་སྦྱོང་དང་ལྟ་རྟོག་བྱེད་དགོས་ངེས་རེད། འདི་ལྟར་ཕན་ཚུན་ལ་རྒྱུས་ལོན་བརྒྱུད་ནས། བཟང་ལེན་སྐྱོན་སེལ་གྱིས་རང་ཉིད་ཀྱི་མི་ཚེའི་ལྟ་བ་དང་། འཇིག་རྟེན་ལྟ་བ་སོགས་ལ་ཆེས་ཕན་ནུས་ཀྱི་རོགས་སྐྱོར་ཡོད་ངེས་ཡིན། དེའི་ཕྱིར་ན་གཤམ་ནས་བསམ་བློ་བརྗེ་རེས་ཀྱི་བརྒྱུད་རིམ་ཁྲོད། ངས་ཕྱོགས་གཅིག་ནས་རང་ཉིད་ཀྱིས་སངས་རྒྱས་ཆོས་ལུགས་ཤེས་པ་ངོ་སྤྲོད་བྱས་པ་དང་བསྟུན་ནས། རྣམ་པ་ཚོས་ཀྱང་སེམས་ནང་གི་དོགས་པ་རྣམས། མི་གསང་བར་དྲི་བ་དང་དྲིས་ལན་བརྒྱུད་ནས་བགྲོ་གླེང་བྱེད་རོགས། ང་ཚོ་ནང་བསྟན་ཆོས་སློབ་པ་འགའ་ཞིག་ལ་གནད་དོན་ཞིག་ཡོད་པ་ནི། དང་ཐོག་ཆོས་སློབ་དུས་དོགས་པ་ཤིན་ཏུ་མང་། ཡིན་ཡང་ནམ་ཞིག་དོན་གཉེར་ལྷོད་དེ་འདྲི་གཞི་ཚང་མ་མེད་སོང་བ་འདྲ་བོ་འདུག་པས། མཐར་ཐུག་ཅི་ཡང་འདྲི་མི་བསམ་པ་རེད། འདི་འདྲའི་སྤྱོད་པ་ནི་དང་ལེན་མི་ཉན་ས་རེད། ཁྱེད་ཅག་པེ་ཅིན་སློབ་ཆེན་གྱི་མཁས་པ་རྣམས་ནི། ཡོན་ཏན་ཆེ་ཞིང་བློ་གྲོས་རབ་ཏུ་རྣོ་བ་ཡིན་པས། ད་ཐེངས་ཀྱི་ཞིབ་འཇུག་དང་། གྲོས་བསྡུར་བརྒྱུད་ནས་མི་རེ་རེར་ཕན་ཐོགས་ཅུང་ཙམ་ཐོབ་པའི་རེ་སྨོན་ཡོད།
༡༽ སྟོང་པ་ཉིད་ལ་སློབ་སྦྱོང་བྱེད་པའི་དགོས་པ།
ཀུན་གྱིས་ཤེས་གསལ་ལྟར། མིའི་རིགས་ལ་དེང་སྐབས་དུས་རབས་ཉེར་གཅིག་པར་དངོས་པོའི་དཔལ་ཡོན། སྔར་བྱུང་མ་མྱོང་བའི་ཚད་མཐོན་པོར་སླེབས་ཡོད་པ་རེད། ལྷག་པར་དུ་དུས་རབས་ཉི་ཤུའི་མཇུག་དང་། དུས་རབས་ཉེར་གཅིག་གི་མགོར་ཚན་རྩལ་དང། དཔལ་འབྱོར་སོགས་འཕེལ་རྒྱས་ཆེས་ཤིན་ཏུ་མྱུར་བ་རེད། འོན་ཀྱང་། འདིའི་ལྟག་རྒྱབ་ཏུ། མི་རྣམས་ཀྱི་མི་ཆོས་ཀུན་སྤྱོད་མར་མར་འགྲིབ་ནས་འགྲོ་བཞིན་ཡོད། སྲོལ་རྒྱུན་རིག་གནས་ཀྱི་ཐད་ནས་བརྗོད་ན། ཁུང་ཙིའི་བསམ་བློ་ནི་སྔོན་རྒྱ་ཡུལ་དུ་གཙོ་རྒྱུགས་ཆེ་བའི་བསམ་བློ་ཞིག་ཡིན་ལ། ཀུན་སྤྱོད་ཀྱི་སྒྲིག་གཞི་ལ་དམན་ལྟ་མི་དགོས་པའི་བཀོལ་ནུས་ཐོན་ཡོད་པ་རེད། ཡིན་ན་ཡང་། ལོ་རབས་དྲུག་ཅུ་བདུན་ཅུའི་སྐབས་རིག་གསར་ཐེངས་གཅིག་གིས། དེ་ལ་ལོ་རྒྱུས་རང་བཞིན་གྱི་རྩ་གཏོར་བྱས་ཟིན། ད་ལྟ་བསམ་བློའི་མིག་རྒྱང་རིང་བ་སྐོར་ཞིག་གིས་དེ་སླར་གསོ་བྱེད་ཀྱིན་ཡོད་ནའང་། དབུགས་རྟ་རྔ་ཙམ་ལས་ལྷག་མེད་པའི་ནད་པ། མགྱོགས་མྱུར་དུ་དྲག་སྐྱེད་ཡོང་དཀའ་བ་ལྟར། མི་འགའ་ཞིག་གི་བརྩོན་པ་ལ་བརྟེན་ནས་མྱུར་སྐྱོབ་བྱེད་དགོས་ན་དཀའ་མོ་འདུག དེའི་ཕྱིར་ཚང་མས་སྲོལ་རྒྱུན་རིག་གནས་ལ་གཙིགས་འཛིན་བྱེད་པ་ཤིན་ཏུ་གལ་ཆེན་ཞིག་རེད། དེ་ལས་ཀུན་སྤྱོད་བཟང་པོ་འདི་དག གཞུང་ལུགས་ཀྱི་སྟེང་ནས་རྟོགས་དགོས་པར་མ་ཟད། ལྷག་པར་དུ་དོན་དངོས་ལག་ལེན་མཐའ་འཁྱོལ་བར་བྱེད་རྒྱུ་ནི་གཙོ་གལ་ཆེ་བ་ཞིག་རེད། དེ་འདྲ་མ་ཡིན་ཚེ་ཁྱོད་རང་ལ་གཞི་རྩའི་མི་གཤིས་ཡག་པོ་ཞིག་མེད་ན་རིག་གནས་ཇི་འདྲ་མཐོ་རུང་། བློ་གྲོས་ཇི་འདྲ་རྣོ་རུང་སྤྱི་ཚོགས་ནང་དུ་སླེབས་ཚེ་གཞན་ལ་འབྲེལ་འདྲིས་དང་བྱ་བ་བསྒྲུབ་རྒྱུ་དཀའ་མོ་རེད། ད་སྐབས་དངོས་པོའི་དཔལ་ཡོན་འཕེལ་རྒྱས་མྱུར་བའི་དུས་རབས་འདིར། མི་རྣམས་ཀྱི་ནང་སེམས་ལ་འདོད་རྔམ་དང་། བསམ་བློའི་གནོན་ཤུགས། ཉོན་མོངས་དང་སྡུག་བསྔལ་ཡང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། འདི་ནི་མི་ཕལ་ཆེ་བས་སྟོང་ཉིད་ལ་སློབ་སྦྱོང་བྱེད་མ་ཐུབ་པ་དང་། འཇིག་རྟེན་ཁྲོད་ཀྱི་དངོས་པོར་ཞེན་འཛིན་ཆེ་དྲགས་ཡོད་པའི་རྒྱུ་མཚན་གྱིས་རེད། དེའི་ཕྱིར་མི་རྣམས་ལ་བདེ་བ་ཐོབ་དགོས་ན། ངེས་པར་དུ་སྟོང་ཉིད་ཀྱི་ལྟ་བ་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་བ་རེད། དེ་འདྲ་མ་བྱས་ཚེ་ཐོག་མཐའ་བར་གསུམ་དུ་འདོད་ཧམ་གྱི་རྗེས་སུ་འབྲངས་ནས། གང་སར་རྒྱུག་པར་བྱེད་ཅིང་ཚེ་གཅིག་ལ་འདོད་ཧམ་གྱི་བྲན་གཡོག་ཏུ་གྱུར་འགྲོ་བ་རེད། སྟོང་ཉིད་ཤེས་འདོད་པ་དག་གིས་རབ་ཡིན་ན་བོད་བརྒྱུད་ནང་བསྟན་ལ་ཐོས་བསམ་བྱེད་པ་གལ་ཆེ། རྒྱུ་མཚན་ནི། མི་ལོ་༢༥༠༠ལྷག་གི་ཡར་སྔོན་ནས་སངས་རྒྱས་ཀྱི་དགོངས་པ་དྲི་མ་མེད་པ་ཆ་ཚང་བ་ཞིག་བོད་དུ་དར་བ་ནས་བཟུང་། ལོ་རྒྱུས་ཀྱི་འཕེལ་འགྲིབ་སྣ་ཚོགས་བརྒྱུད་ཡོད་ནའང་། སྔར་ནས་ད་བར་དུ་ལྷད་མེད་ཆ་ཚང་བ་ཉར་ཚགས་བྱེད་ཐུབ་ཡོད་པ་རེད། རྒྱུ་མཚན་དེ་འདྲའི་དབང་གིས། དེང་སྐབས་ཤར་ནུབ་ཀྱི་མཁས་པ་མང་པོའི་མིག་གི་འོད་མདངས་སམ། ངོ་མཚར་བའི་བློ་ཡིད་ཡང་ཡང་བོད་ཡུལ་གྱི་ཕྱོགས་སུ་བསྐོར་ཡོད་པ་རེད། འོན་ཀྱང་རེ་བ་ཡིན་ན་དེའི་ནང་གི་ཆེས་ཟབ་གནད་དག་འཚོལ་ཞིབ་བྱེད་རྒྱུ་གལ་ཆེ། དེ་ལྟར་ན་ནང་བསྟན་གྱི་བསམ་བློ་མཐར་ཐུག་ནི་ཅི་ཞིག་རེད་ཅེ་ན། དེ་ནི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མདོར་བསྡུས་ན་ཆོས་འཁོར་གསུམ་གྱི་ནང་དུ་འདུ་བ་རེད། ཆོས་འཁོར་དང་པོ་བདེན་བཞིའི་ཆོས་འཁོར། ཆོས་འཁོར་གཉིས་པ་མཚན་ཉིད་མེད་པའི་ཆོས་འཁོར། ཆོས་འཁོར་གསུམ་པ་ལེགས་པར་རྣམ་པར་ཕྱེ་པའི་ཆོས་འཁོར། དེའི་ནང་ནས་ཆོས་འཁོར་གཉིས་པ་མཚན་ཉིད་མེད་པའི་ཆོས་འཁོར་ནས་གསུངས་པའི་དོན་འཐུས་ཚང་བ་ནི། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རེད། དེའི་ནང་དོན་ཧ་ཅང་རྒྱ་ཆེ་ཞིང་གཏིང་ཟབ་མོ་ཡིན་པས། དེ་རིང་དུས་ཡུན་ཐུང་ཐུང་ཞིག་གི་ནང་ལ་སྐད་ཆ་གཉིས་གསུམ་གྱིས་བཤད་ཚར་བ་ཞིག་མ་རེད། ཡིན་ཡང་། དོན་གནད་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་བྱེད།
༢༽ ནང་བསྟན་གྱིས་ཆོས་ཐམས་ཅད་སྟོང་ཉིད་དུ་ཇི་ལྟར་གཏན་ལ་དབབ་ཚུལ། ཁྱེད་ཅག་གིས་ཤེར་ཕྱིན་སྟོང་ཉིད་དཔྱིས་ཕྱིན་པ་ཞིག་ཤེས་པར་འདོད་ན་ཆེས་གལ་ཆེ་བ་ནི། ཐོག་མར་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལ་སློབ་དགོས། གཞུང་འདིར་ཤིན་ཏུ་ཟབ་ཅིང་ཕྲ་བའི་རིགས་པའི་རྣམ་གྲངས་བཀོལ་སྤྱོད་བྱས་ཏེ། ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་ཡོད་པ་རེད། བོད་བརྒྱུད་ནང་བསྟན་ལ་དབྱེ་ན་དགེ་ལུགས། རྙིང་མ་སོགས་མི་འདྲ་བའི་གྲུབ་མཐའ་ཡོད་ནའང་། དོན་དངོས་སྟེང་། གྲུབ་མཐའ་ཚང་མས་གཞུང་འདི་ལ་སྦྱང་བ་དཔྱིས་ཕྱིན་པ་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་ཡུལ་དུ་བོད་ཡུལ་ལྟར། དབུ་མའི་གྲུབ་མཐའ་ལ་རྒྱ་ཆེ་བའི་སྒོ་ནས་ཐོས་བསམ་བྱེད་སྲོལ་མེད་ནའང་། སྔོན་བྱོན་མཁས་པ་དག་གིས་དབུ་མ་རྩ་བ་ཤེས་རབ་དང་། སྒོ་བཅུ་གཉིས་ཀྱི་གཞུང་སོགས་བསྟན་བཅོས་དག་ལ་སློབ་སྦྱོང་བྱེད་ཀྱིན་ཡོད་པ་རེད། སྤྱིར་སྟོང་ཉིད་ལ་སློབ་སྦྱོང་བྱེད་རྒྱུ་ནི་དད་མོས་དང་། བརྩི་བཀུར་ཁོ་ན་ལ་བརྟེན་དགོས་པ་ཞིག་མ་ཡིན་པར། དེ་ནི་རིགས་པས་དཔྱད་པ་ཞིབ་མོ་བྱེད་དགོས་པ་ཞིག་དང་། དབུ་མ་ལ་རིགས་པའི་རྣམ་གྲངས་མང་པོ་ཡོད་ཀྱང་། དེ་དག་ཚུར་བསྡོམས་ན་གཏན་ཚིགས་ཆེན་པོ་ལྔའི་ཁོངས་སུ་འདུ་བས། གཤམ་ནས་འདི་དག་ངོ་སྤྲོད་མདོར་བསྡུས་ཤིག་བྱེད།
༡༽ རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མའི་གཏན་ཚིགས།
གཏན་ཚིགས་འདིས་ཆོས་ཐམས་ཅད་བསྐྱེད་པའི་རྒྱུ་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས། དེ་ཡང་ཆོས་ཐམས་ཅད་རང་ལས་སྐྱེས་པ་མིན། གཞན་ལས་སྐྱེས་པ་མིན། གཉིས་ཀ་ལས་སྐྱེས་པ་མིན། རྒྱུ་མེད་ལས་སྐྱེས་པ་མིན་པ་དེས་ན། ཆོས་ཐམས་ཅད་སྐྱེ་མེད་སྟོང་ཉིད་ཀྱི་རང་བཞིན་དུ་གཏན་ལ་ཕབ་པ་རེད། ཞིབ་མོར་ཕྱེས་ཏེ་བཤད་ན་གལ་ཏེ་ཆོས་ཐམས་ཅད་ནི་རང་ཉིད་ལས་རང་ཉིད་བསྐྱེད་པ་ཡིན་ན། སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་བའི་སྐྱོན་ཞིག་འབབ་པ་རེད། གལ་ཏེ་གཞན་ལ་བརྟེན་ནས་བསྐྱེད་པ་ཡིན་ན། མེ་ལྕེ་ལས་ཀྱང་མུན་པ་འབྱུང་བ་ལྟར་ཀུན་ལས་ཀུན་འབྱུང་བ་སོགས། འདི་འདྲའི་རིགས་པ་མང་པོ། ཟླ་བ་གྲགས་པའི་དབུ་མ་འཇུག་པར་ཞིབ་ཅིང་ཕྲ་བར་རྒྱས་བཤད་བྱས་ཡོད་པ་རེད། ཆོས་ཐམས་ཅད་ལ་ཐོག་མར་སྐྱེ་བ་ཡོད་པ་མིན་ན། དེས་ན་དེ་ཡི་གནས་པ་ཡང་འགྲུབ་མི་ཐུབ། དེ་མ་གྲུབ་པས་མཐར་འགག་པ་ཡང་མེད། འདི་ལྟ་བུའི་རྡོ་རྗེ་ཟེགས་མའི་གཏན་ཚིགས་བརྒྱུད་ནས། ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་པ་རེད།
༢༽ གཅིག་དུ་བྲལ་གྱི་གཏན་ཚིགས།
ཐོག་མར་གཅིག་ཏུ་གྲུབ་པ་ཡོད་མེད་ལ་ཞིབ་ཕྲས་དཔྱད་པ་བྱས་ན་རྩ་བ་ནས་གཅིག་གི་རང་བཞིན་དུ་གྲུབ་པ་མེད་པ་དང་། དེ་མ་གྲུབ་ན་གཅིག་ལས་བརྩམས་པའི་གཉིས་སོགས། རྫས་མང་པོའི་ཆོས་ཡང་གྲུབ་པ་མེད་པར་རྟོགས་ཡོང་བ་རེད། དཔེར་ན་འདིར་མི་གཅིག་ཀྱང་མེད་པ་ཡིན་ན་མི་བཅུ་ཡོད་མི་སྲིད་པ་ལྟར་རེད། རྒྱུ་མཚན་ནི། བཅུའི་རྩོམ་གཞི་གཅིག་ལ་བརྟེན་དགོས་ཕྱིར་གཅིག་ཀྱང་མེད་ན་བཅུ་ག་ལ་གྲུབ། དེས་ན་གཅིག་ཏུ་མ་གྲུབ་ཚུལ་ཇི་ལྟར་ན། མི་གཅིག་ལ་དཔེ་བཞག་ན། སེམས་ཅན་གྱིས་བདེན་པར་འཛིན་པའི་ངའོ་སྙམ་པའི་བདག་འཛིན་གྱི་ངོས་ནས་བཤད་ན། འདི་རྟོག་བཟོ་བྱས་པ་རེད་མ་གཏོགས། དོན་དངོས་སུ་སོང་ནས་དབྱེ་ཞིབ་བྱེད་སྐབས་མགོ་ནི་བདག་མ་ཡིན། ལག་པ་བདག་མ་ཡིན། རྐང་པ་བདག་མ་ཡིན། དེ་བཞིན་དུ་རེ་རེ་ནས་དབྱེ་ཞིབ་བྱས་ཡོང་ན་བདེན་པར་གྲུབ་པའི་བདག་ཅིག་རྩ་བ་ནས་རྙེད་མི་སྲིད་པ་རེད། སྐབས་དེར་ཁྱོད་ཀྱིས་གཟོད་མི་རྣམས་ཀྱིས་ཕུང་པོ་ལྔའི་ཚོགས་པ་ལ་ཞེན་ཅིང་ངར་འཛིན་པའི་ཡུལ་འདི། དོན་དུ་ངོ་བོ་གཏན་ནས་མ་གྲུབ་པ་གཞི་ནས་གསལ་བོར་རྟོགས་ཐུབ། རིགས་པ་འདི་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་ཉིད་དུ་གཏན་ལ་ཕབ་པ་ཡིན། འདི་འདྲའི་རིགས་པའི་དཔྱད་ཐབས་ནི་མི་ཕམ་རིན་པོ་ཆེའི་དབུ་མ་རྒྱན་གྱི་གཞུང་འགྲེལ་དུ། རྒྱ་ཆེ་བའི་སྒོ་ནས་གསུངས་ཡོད་པས་ཚང་མས་ལྟ་ཀློག་བྱས་ན་ཤེས་ངེས་རེད།
༣༽ ཡོད་མེད་སྐྱེ་འགོག་གི་གཏན་ཚིགས།
ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་ཀྱི་འབྲས་བུ་རང་བཞིན་མེད་པར་བསྟན་ཡོད། ཇི་སྐད་དུ། ཡོད་པ་ཡོད་ཕྱིར་སྐྱེ་མ་ཡིན། ། མེད་པ་མེད་ཕྱིར་སྐྱེ་མ་ཡིན། ། ཞེས་པ་ལྟར་དེ་ལ་ཡོད་པའི་ཆོས་བསྐྱེད་མི་དགོས་པ་དང་། མེད་པའི་ཆོས་བསྐྱེད་མི་ཐུབ་པ་ཡིན། ཡང་གཅིག་བཤད་ན་གལ་སྲིད་འབྲས་བུ་ཡོད་ཟིན་པ་ཡིན་ཚེ། བསྐྱར་དུ་བསྐྱེད་པ་ལ་ངེས་པར་དུ་དགོས་པ་མེད། རྒྱུ་མཚན་སྔོན་ནས་ཡོད་པ་ཡིན་པའི་ཕྱིར། གལ་སྲིད་འབྲས་བུ་མེད་པ་ཞིག་ཡིན་ཚེ། ཇི་སྲིད་བར་བསྐྱེད་མི་ཐུབ་པ་དཔེར་ན་མོ་གཤམ་གྱི་བུ་ལྟ་བུ་རེད། འདི་འདྲའི་རིགས་པ་དག་ནི་དབུ་མ་རྩ་བ་ཤེས་རབ་ལས་མང་དུ་གསུངས་ཡོད།
༤༽ མུ་བཞི་སྐྱེ་འགོག་གི་གཏན་ཚིགས།
མུ་བཞི་སྐྱེ་འགོག་གི་གཏན་ཚིགས་ནི་རྒྱུ་དང་འབྲས་བུ་ལ་མཉམ་དུ་དཔྱོད་པ་སྟེ། དབུ་མ་བདེན་གཉིས་ཀྱི་གཞུང་གི་ནང་དུ་བསྟན་ཡོད་པ་ཡིན། དེ་དཔྱོད་པའི་ཐབས་ལམ་ཚུར་བསྡུས་ན་མུ་བཞི་ཡོད་པ་རེད། རྒྱུ་གཅིག་ལས་འབྲས་བུ་མང་པོ་བསྐྱེད་པ་ཡོད་མེད་དང་། རྒྱུ་གཅིག་ལས་འབྲས་བུ་གཅིག་བསྐྱེད་པ་ཡོད་མེད། རྒྱུ་མང་པོས་འབྲས་བུ་མང་པོ་བསྐྱེད་པ་ཡོད་མེད། རྒྱུ་མང་པོས་འབྲས་བུ་གཅིག་བསྐྱེད་པ་ཡོད་མེད་བཅས་དཔྱད་པ་བྱས་ཡོད། བྱེད་ཐབས་འདི་འདྲ་བརྒྱུད་ནས་དཔྱད་ན། རྒྱུས་འབྲས་བུ་བསྐྱེད་སྙམ་པའི་བདེན་འཛིན་མེད་པར་གཏོང་བ་རེད།
༥༽ རྟེན་འབྲེལ་ཆེན་མོའི་གཏན་ཚིགས་ནི།
ཆོས་ཐམས་ཅད་ཀྱི་ངོ་བོ་ནི་རྙེད་དུ་མེད་པ། སྟོང་ཉིད་ཆེན་པོར་གཏན་ལ་དབབ་པ་སྟེ། རིགས་པ་འདི་ནི་དབུ་མ་རྩ་བ་ཤེས་རབ་ཀྱི་གཞུང་དང་། དཀོན་མཆོག་བརྩེགས་པ། གཟུངས་ཀྱི་རྣམ་གྲངས་ཀྱི་མདོ། ཕལ་བོ་ཆེ་སོགས་ལས་དངོས་སམ་བརྒྱུད་ནས་གསུངས་ཡོད་པ་རེད། འུ་ཅག་གིས་རྒྱུན་དུ་བདེན་པར་འཛིན་པའི་ལུས་ཕུང་དང་། འཚོ་བ། བརྩེ་དུངས། ས་ཆུ་རི་བྲག་སོགས་ལྟར་སྣང་ལ་བདེན་བདེན་གྲུབ་གྲུབ་ལྟར་ཡིན་ཡང་དེ་ནི་འཁྲུལ་སྣང་རྫུན་པའི་སྣང་བརྙན་ཏག་ཏག་རེད། གལ་ཏེ་རིགས་པས་དཔྱད་ན་སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་གཏན་ནས་གྲུབ་མེད་པ་རེད། འདི་འདྲའི་རྟོགས་པ་ནི་ཤིན་ཏུ་གཏིང་ཟབ་སྟེ། རྗེ་ཙོང་ཁ་པས་རྟེན་འབྲེལ་བསྟོད་པའི་ནང་དུ། ཆོས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་དུ་གཏན་ལ་འབེབས་པ་པོ། འཇིག་རྟེན་ཁམས་འདིར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཁོ་ན་ཡིན། ཞེས་གསུངས་ཡོད་པ་ལྟར་རེད། དེ་ལས་གཞན་ཕྱི་རོལ་པས་ཀྱང་སྟོང་ཉིད་ཁ་ཤས་བཤད་ཡོད་ནའང་། དེའི་སྟོང་ཉིད་ནི་སྟོང་རྐྱང་ཙམ་ཡིན་པ་མ་གཏོགས། རྟེན་འབྲེལ་རང་བཞིན་གྱི་སྟོང་པ་ཉིད་མིན་པས། གནས་ལུགས་མཐར་ཐུག་པ་ཞིག་སྟོན་ཐུབ་མེད། དེའི་ཕྱིར་ཀུན་གྱིས་སྟོང་ཉིད་ངོས་འཛིན་སྐབས། སྟོང་ཉིད་དང་གཏན་མེད་གཉིས་གཅིག་མཚུངས་སུ་འདོད་མི་རུང་མ་གཏོགས། མཐའ་གཅིག་ཏུ་ལྷུང་འགྲོ་བ་རེད། ཤེས་དགོས་པ་ཞིག་ལ་ཡོད་པའམ་མེད་པའི་ཕྱོགས་གཉིས་ཀ་བདེན་པར་འཛིན་པའི་མཐའ་ཡིན། འདི་འདྲའི་བདེན་འཛིན་ཡོད་ཚེ་སྡུག་བསྔལ་བསྐྱེད་པ་ལས་ཐར་བ་ཐོབ་མི་ཐུབ། དཔེར་ན་རིགས་པ་དྲུག་ཅུ་པའི་གཞུང་དུ་གསུངས་པ་ནང་བཞིན། དངོས་པོར་ཁས་ལེན་ཡོད་ན་ནི། ། འདོད་ཆགས་ཞེ་སྡང་འབྱུང་བ་ཡི། ། ལྟ་བ་མི་བཟད་མ་རུང་འབྱུང་། ། དེ་ལས་བྱུང་བའི་སྤྱོད་པར་འགྱུར། ། ཞེས་པ་ལྟར་ཆོས་གཅིག་གྲུབ་པར་ཁས་བླངས་ཚེ། དེ་ལ་བརྟེན་ནས་འདོད་ཆགས་ཞེ་སྡང་སོགས་ཉོན་མོངས་པ་སྐྱེས་འོང་པ་རེད། དེ་ལ་བརྟེན་ནས་ལས་བསགས་ཏེ། འཁོར་བ་ལ་བསྟུད་མར་འཁོར་བར་བྱེད། རང་གཞན་གྱི་སྡུག་བསྔལ་ཐམས་ཅད་སྤངས་ཏེ། ཐར་བ་ཐོབ་པར་འདོད་ན་སྟོང་ཉིད་ཀྱི་ཆོས་ལ་དོན་གཉེར་བྱས་ཤིང་། བདག་མེད་རྟོགས་པའི་ཤེས་རབ་ཀྱི་སྒོ་ནས་བདེན་འཛིན་གཅོད་པར་བྱེད་དགོས་པ་རེད། སྤྱོད་འཇུག་ལས། དེ་ཡི་ཕྱིར་ན་སྡུག་བསྔལ་དག ། ཞི་བར་འདོད་པས་ཤེས་རབ་བསྐྱེད། ། ཅེས་གསུངས་ཡོད།
གསུམ་པ། དེང་རབས་ཚན་རིག་གིས་སྟོང་ཉིད་ཞིབ་འཚོལ་བྱ་ཚུལ། སྟོང་ཉིད་ཅེས་པ་ནང་བསྟན་གྱི་ཐེག་པ་ཆེ་ཆུང་གཉིས་ཀས་འགྲེལ་ལུགས་མི་འདྲ་བ་ཡོད་པ་རེད། ཐེག་དམན་ལྟར་ན། སྣོད་ཀྱི་འཇིག་རྟེན་གྱི་ཆོས་ཐམས་ཅད་གཞི་མེད་ཞིག་ལས་མི་སྐྱེ་བར་ཤིན་ཏུ་ཕྲ་ཞིང་། བདེན་པར་གྲུབ་པའི་གཟུགས་རྡུལ་ཕྲ་བ་ཞིག་རྩོམ་གཞིར་འདོད་པ་ཡིན། ཁོང་ཚོས་བལྟས་ཡོང་དུས་འཇིག་རྟེན་ཁམས་ཀྱི་དངོས་པོ་ཐམས་ཅད། ཤིན་ཏུ་ཕྲ་བའི་བར་སྟོང་པར་འགྱུར་བ་དང་། ཤིན་ཏུ་ཕྲ་བ་དེ་ཉིད་ཀྱི་རང་བཞིན་བར་སྟོང་དང་བཅས་རྡུལ་ཕྲན་དེ་ཉིད་མི་སྟོང་བར་འདོད་དོ། །
དེའི་ཕྱིར་འདི་འདྲའི་སྟོང་ཉིད་ནི་། ཆེས་མཐར་ཐུག་པ་ཞིག་མ་ཡིན་ཞིང་། ཐེག་པ་ཆུང་ངུའི་རྟོགས་པའི་སྟོང་ཉིད་ནི། ཆོས་ཀྱི་བདག་མེད་ཀྱི་ཆ་ཤས་ཙམ་ཞིག་རེད། དེང་རབས་དངོས་ལུགས་རིག་པའི་འདོད་ཚུལ་ནི། ཐེག་པ་ཆུང་ངུའི་འདོད་པ་དང་ཤིན་ཏུ་འདྲ་བོ་འདུག ཁོང་ཚོའི་བསམ་ཚུལ་ལ་དངོས་པོའི་གྲུབ་སྟངས་ངེས་པར་དུ་ཆེས་ཆུང་བའི་རྩོམ་གཞི་ཞིག་ཡོད་དགོས་བསམ་ནས་ཡོད། དུས་རབས་བཅུ་དགུ་པར་མི་རྣམས་ཀྱིས་ཆེས་ཆུང་བའི་རྩོམ་གཞི་ནི་ཆ་རྡུལ་ཡིན་པར་འདོད་པ་དང་། དུས་རབས་ཉི་ཤུ་བར་ཆ་རྡུལ་ཞེས་པ་ཡང་རྡུལ་ཕྲན་དུ་ཕྱེས་ན་ཆོག་པར་གསལ་པོར་ཤེས་སོང་། ཚན་རྩལ་ཁྱད་འཕགས་ཀྱིས་འབྱེད་ཆས་གསར་གཏོད་བྱས་པ་དེ་དག་ལ་བརྟེན་ནས་རྡུལ་ཕྲན་སྙིང་པོ། གློག་རྡུལ། བར་རྡུལ། རྒྱུ་རྡུལ་སོགས་ཡོད་པར་རྟོགས་པ་རེད། ཉེ་བའི་ལོ་འདི་དག་ནང་ཡང་བསྐྱར་ཁཱར་ཁུ(Quark) ། ཡ་ཁཱར་ཁུ་སོགས་ཡོད་པར་ཤེས་གསལ་བྱུང་སོང་། དབྱེ་བ་འབྱེད་དུ་མེད་པའི་ཆེས་ཆུང་བའི་རྡུལ་ཕྲན་ཡོད་མེད་ཀྱི་ཐད། ད་སྐབས་ཀྱི་དངོས་ལུགས་རིག་པ་ལ་ཕྱོགས་ཁག་གཉིས་ཡོད་པ་རེད། ཕྱོགས་གཅིག་གི་འདོད་པ་ལ་དངོས་པོ་ལ་ཚད་མེད་པར་དབྱེ་ཆོག་པ། ཁཱར་ཁུ་མན་ལ་ཡ་མཁའ་ཁུ་ཡོད་པ། ཡ་ཁཱར་ཁུའི་མན་ལ་ཡ་ཡ་ཁཱར་ཁུ་ཡོད་པར་འདོད། ཕྱོགས་གཞན་པས་འདོད་ཚུལ་ལ་དངོས་པོའི་རྡུལ་ཕྲན་གྱི་དབྱེ་འབྱེད་ལ་ངེས་པར་དུ་མཐར་ཐུག་པའི་ཚད་ཅིག་ཡོད་དགོས། མཐར་ཐུག་པའི་ཚད་དེར་སླེབས་ཚེ་དེ་ལས་ཆུང་ངུའི་གཞི་རྡུལ་མེད་པར་འདོད། གོ་ཐོས་ལྟར་ན་མི་རྣམས་ཀྱིས་ཉེ་ལམ་ཡང་། ནུས་ཁྱམས་(场) ལ་ཞིབ་འཇུག་བྱེད་ཀྱིན་ཡོད་ཟེར། དེ་ལ་གློག་རྡུལ་ནུས་ཁྱམས་དང་། ཚད་རྡུལ་གྱི་ནུས་ཁྱམས། སྡུད་ལྕགས་ཀྱི་ནུས་ཁྱམས་ཞེས་པ་སོགས་སྣ་ཁ་འགའ་ཤས་ཡོད་པ་རེད། འདི་འདྲའི་སྡུད་ཁྱམས་ནི་མཐོང་མི་ཐུབ་ལ་རེག་མི་ཐུབ་པའི་ནུས་སྟོབས་ཤིག སྟོང་རྐྱང་ཞེས་པ་ཞིག་ཏུ་གནས་ཡོད། སྟོང་རྐྱང་དེ་ནི་ཅི་ཡང་མེད་པའི་སྟོང་བ་རྐྱང་རྐྱང་ཞིག་ཏུ་འདོད། ཁོ་རང་སྐད་ཅིག་ཉིད་ལ་འདུ་འཛོམས་ཀྱི་ནུས་སྟོབས་ལྡན་པའི་སྐབས། དངོས་པོ་ཆེས་ཆུང་བའི་རྩོམ་གཞིའི་གཞི་རྡུལ་ཞིག་ཏུ་གྲུབ་པར་འགྱུར། ནུས་སྟོབས་ཀྱི་འདུས་ཚད་མི་འདང་དུས། གཞི་རྡུལ་མེད་པར་གྱུར་ནས་དངོས་པོ་གང་ཡང་མི་གནས་པའི་སྟོང་བ་ཞིག་གམ། ནུས་ཁྱམས་ཞེས་པར་གྱུར་འགྲོ་བ་རེད། དེའི་ཕྱིར་ན་དངོས་ལུགས་རིག་པས་འདོད་ཚུལ་ལ་སྟོང་རྐྱང་དང་། ནུས་ཁྱམས་ཀྱིས་ཕན་ཚུན་ལ་ནུས་པ་བསྐྱེད་ཀྱིན་ཡོད་པ་ནི། འཇིག་རྟེན་གྱི་དངོས་པོའི་རྩ་བའི་འབྱུང་ཁུངས་སུ་འདོད་པ་ཡིན། གལ་སྲིད་འདི་གཉིས་མེད་ན། རྒྱུ་རྡུལ་བར་རྡུལ་སོགས་རྡུལ་ཕྲན་བསྐྱེད་མི་ཐུབ་པ་དང་། འདྲ་མིན་སྣ་ཚོགས་པའི་འཇིག་རྟེན་གྱི་དངོས་པོ་འདི་སྣང་ཐབས་མེད་དོ། །
མདོར་ན་དེང་རབས་ཀྱི་ཚན་རིག་པས་ཆེས་ཆུང་བའི་རྩོམ་གཞིའི་དངོས་པོ་ངེས་པར་དུ་གནས་པར་འདོད་ཀྱི་ཡོད། དེ་འདྲ་མ་ཡིན་ཚེ་མཐར་ཐུག་ཅི་ཡང་མེད་པར་གྱུར་ན་དངོས་གནས་སྐྲག་དགོས་པ་ཞིག་རེད་ཅེས་ཟེར། ཡིན་ནའང་། ཐེག་པ་ཆེན་པོའི་ངོས་ཐད་ནས་བཤད་ན། རྟེན་འབྲེལ་རང་བཞིན་གྱི་སྟོང་པ་ཉིད་ཤེས་པར་གྱུར་ན། སྣང་བའི་ཆོས་ཐམས་ཅད་འགྲེལ་བཤད་བྱེད་པར་དཀའ་ཁག་གང་ཡང་ཡོད་པ་མ་རེད། འོན་ཀྱང་། ད་སྐབས་ཀྱི་དངོས་ལུགས་པས་དབུ་མ་བསླབས་པར་མ་བྱས་ཀྱང་བྱ་དངོས་ལ། ཞིབ་འཇུག་ཤིན་ཏུ་གསལ་ཐག་ཆོད་པ་བྱས་རྐྱེན་སྔོན་རབས་ཀྱི་དངོས་ལུགས་པར་བསྡུར་ན། སྟོང་ཉིད་ལ་ཐག་ཉེ་བོར་སླེབས་འདུག དཔེར་ན་ཧྥ་རན་སིའི་དངོས་ལུགས་རིག་པ་པ་ཏིས་ཁཱར་(René Descartes)གྱིས་བཤད་པ་ལྟར། ངས་རང་ཉིད་ཀྱིས་རྨི་ལམ་རྨིས་ཀྱིན་མེད་པ་ཇི་ལྟར་ཤེས། ངས་རྨི་ལམ་གྱི་ཡུལ་ལྗོངས་དང་དངོས་སྣང་ལ་དབྱེ་འབྱེད་ཇི་ལྟར་བྱེད་དགོས་པ་རེད། འཇིག་རྟེན་གྱི་བྱ་དངོས་སྣ་ཚོགས་འདི་དག་དངོས་པོར་གཅིག་ཀྱང་གྲུབ་པ་མེད་ནའང་། མིག་སྔར་བསླུ་མེད་བསྙོན་མེད་སྣང་འདུག དེའི་ཕྱིར་ངེས་པར་དུ་གདོན་འདྲེ་ཞིག་གིས་མུ་མཐུད་དུ་ང་ལ་མགོ་གཡོགས་པར་བྱས་ནས། དངོས་པོ་འདི་དག་ནམ་ཞིག་ལ་བདེན་པ་དང་། ནམ་ཞིག་ན་རྫུན་པ་ཡིན་པར་ཤེས་པར་བྱེད་དུ་མི་འཇུག་པར་འདུག་ཅེས་ཟེར། སྤྱིར་ཐེག་ཆེན་གྱི་སྙིང་དོན་ཤེས་པར་གྱུར་ན། དེ་ལ་རྩ་བ་ནས་སེམས་ཁུར་དང་ཐེ་ཚོམ་གང་ཡང་བྱེད་དགོས་པ་མ་རེད། ཆོས་ཐམས་ཅད་ཀྱི་ངོ་བོ་མ་གྲུབ་པའི་དབང་གིས་སྟོང་ཉིད་ལས་སྣང་བ་མངོན་པར་ཤར་ཆོག་པ་རེད། དེ་ལས་ལྡོག་སྟེ་ཆོས་ཐམས་ཅད་ཀྱི་རང་བཞིན་བདེན་པར་གྲུབ་པ་ཡིན་ན། བདེན་པར་གྲུབ་པའི་ཆོས་ནི་མངོན་པར་སྣང་མི་སྲིད། རེད་དེ་གནས་ལུགས་འདི་ཤིན་ཏུ་གཏིང་ཟབ་མོ་རེད། དངོས་གནས་དེ་ཉིད་ཤེས་ཤིང་གོ་བར་འདོད་ན་དབུ་མ་པའི་སྟོང་ཉིད་ལ་ཞིབ་འཇུག་བྱེད་པ་ཆེས་གལ་ཆེན་ཞིག་རེད། ང་རང་གི་ངོས་ཐད་ནས་གླེང་ན་མི་ཚེ་འདིའི་མྱོང་ཚོར་ལ་གཞན་པའི་ཤེས་བྱའི་རིན་ཐང་དང་། སྟོང་ཉིད་ཀྱི་ཤེས་བྱའི་རིན་ཐང་ལ་གནམ་ས་ལྟ་བུའི་ཁྱད་ཡོད་པར་སེམས། འཇིག་རྟེན་ཡོངས་རྫོགས་དོན་ལ་ཁྱམས་ལས་གྲུབ་པ་ཡིན་ནམ། ཡང་ན་རྟེན་འབྲེལ་གྱིས་གྲུབ་པ་ཡིན་པར་གསལ་བོར་ཤེས་ཚེ་གཟོད་རང་ཉིད་ལ་འཚོ་གནས་ཐད། དངོས་གནས་ཕན་པ་ཡོད་པ་རེད། དེ་ལས་གཞན་ཚན་རིག་པ་ཨེ་དབྱིན་སི་ཐན་(Albert Einstein)གྱིས་ཀྱང་འདི་ལྟར་བཤད་ཡོད། དུས་ཚོད་དང་། བར་སྟོང་དང་བྱ་དངོས་རྣམས་ནི་མི་རྣམས་ཀྱི་འཁྲུལ་རྟོག་ལས་བྱུང་བ་རེད། སྐད་ཆ་འདི་ནང་བསྟན་གྱིས་ཆོས་ཐམས་ཅད། རྣམ་རྟོག་ལ་བརྟེན་ནས་སྣང་བ་ཡིན་ཞེས་པའི་ལྟ་ཚུལ་དང་ཧ་ལམ་གཅིག་ཏུ་གྱུར་ཡོད་པ་རེད། དབུ་མ་འཇུག་པའི་ནང་དུ། དེ་ལྟར་ཆོས་རྣམས་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་དང་། འོན་ཀྱང་ཡིད་ཕམ་པ་ཞིག་ལ་ནི་ཚན་རིག་པ་རྣམས་ཀྱིས། ཐབས་ཤེས་ཡོད་དགུ་རྩལ་དུ་སྤྲུགས་ནས་ཞིབ་འཇུག་གི་བརྒྱུད་རིམ་ནང་དུ་གྲུབ་འབྲས་ངེས་ཅན་རེ་ཡོད་ཀྱང་། ད་དུང་ཆོས་ཐམས་ཅད་སྟོང་རྟེན་འབྱུང་དུ་རྟོགས་མེད་དེ། དཔེར་ན་སྔོན་ཚད་རྡུལ་ནུས་སྟོབས་ཀྱི་རིག་པ་གསར་གཏོད་པ་བྷོ་ཨར(Niels Henrik David Bohr) གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར། སུ་ཞིག་ཚད་རྡུལ་ནུས་སྟོབས་ཀྱི་རིག་པས་ཧང་སངས་པར་མ་གྱུར་ན། དེ་ནི་ཁོས་ཚད་རྡུལ་ནུས་སྟོབས་རིག་པ་ལ་གོ་བ་མ་ལོན་པ་ཞིག་ཏུ་འཁུམས། ཞེས་པ་ལྟར་རོ། ཡིན་ཡང་། ཁོ་ཚོས་རྟེན་འབྲེལ་རང་བཞིན་གྱི་སྟོང་ཉིད་ལ་གོ་བ་ཅི་ཡང་ལོན་ཡོད་པ་མ་རེད། གལ་ཏེ་ཁོང་ཚོས་དབུ་མ་རྩ་བ་ཤེས་རབ་དང་། མདོ་ཕལ་བོ་ཆེ་སོགས་ལ་སློབ་སྦྱོང་བྱས་ཡོད་པ་ཡིན་ན། ཤིན་ཏུ་ཟབ་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་པར་འགྱུར་སྲིད། དེ་བས་འདིར་བཞུགས་རྣམ་པ་ཚོས་དབུ་མ་ལ་ཞིབ་འཇུག་བྱེད་པའི་གོ་རིམ་ཁྲོད། ངེས་པར་དུ་ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་པའི་རིགས་པ་ཤེས་པར་བྱེད་དགོས།
བཞི་པ། ནང་བསྟན་རིག་གནས་ནི་གཞན་ལས་ཁྱད་དུ་འཕགས་ཚུལ། ནང་བསྟན་གྱིས་སྟོང་ཉིད་གཏན་ལ་ཕབ་སྐབས། གཞན་གྱི་རྒོལ་བ་ལ་མི་སྐྲག་པ་དང་། རང་ལུགས་འཛིན་ཐུབ་མིན་ལའང་མི་འཇིགས་པར་མ་ཟད། སངས་རྒྱས་ཀྱི་ཆོས་གཞུང་ན་འདི་ལྟར་གསུངས་ཡོད། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སངས་རྒྱས་ཀྱི་གསུང་ལ་མོས་གུས་སམ་གོང་བཀུར་བྱེད་པ་ཡིན་ན། དེ་ལ་དད་པ་ཟེར་བ་ལས་ཤེས་རབ་མི་ཟེར། སྤྱིར་ནང་བསྟན་ཆོས་གཞུང་དུ་ཐོབ་པའི་ལུང་དང། དཔྱད་ཞིབ་ཡིན་ན་ཡང་ཆོག འཇིག་རྟེན་གྱི་རྒྱུ་འབྲས་དང་། འཁོར་བའི་ཉེས་དམིགས་བསྟན་པའི་གཞུང་ལུགས་སམ། ཡང་ན་འཇིག་རྟེན་ལས་འདས་པའི་དབུ་མ་དང་། བདེ་གཤེགས་སྙིང་པོའི་བསྟན་དོན་སོགས་གང་ཡིན་རུང་། དངོས་གནས་དྲང་གནས་ཀྱིས་མི་སུ་དང་སུས་ཀྱང་། དགག་གཞག་བྱས་ཏེ་ཚར་གཅོད་འགྲོ་སྙམ་པའི་དོགས་པ་དང་འཇིགས་སྐྲག་མི་དགོས་པ་ཡིན།
སྟོན་པ་འཇིག་རྟེན་འདིར་བྱོན་ནས་ད་ལྟའི་བར་དུ་མི་ལོ་༢༥༠༠ལྷག་འདས་སོང་བ་རེད། དེའི་བར་ལོ་རྒྱུས་སྟེང་རྩོམ་རིག་གི་མཁས་དབང་ཆེན་མོ་ཁྲི་ཁྲི་འབུམ་འབུམ་བྱུང་མྱོང་བ་རེད། ཁོང་ཚོས་ནང་བསྟན་ལ་གདེང་འཇོག་ཇི་འདྲ་གནང་བ་ཕལ་ཆེར་ཀུན་གྱིས་ཤེས་གསལ་རེད། དཔེར་ན་༡༩༥༠ལོར་ནོ་བྷེལ་རྩོམ་རིག་གི་རྟགས་མ་ཐོབ་མཁན། དབྱིན་ཇིའི་མཚན་ཉིད་རིག་པ་བེལ་ལེམ་རཱ་སོ(Bertrand Arthur William Russell)ལྟ་བུ་རེད། ཁོས་བརྩམས་པའི་༼ང་ཅིའི་ཕྱིར་ཡེ་ཤུ་ཆོས་ལུགས་པ་མ་ཡིན།༽ ཞེས་པའི་ནང་ཡེ་ཤུའི་ཆོས་ལུགས་ལ། སྔོན་ཆད་བྱུང་མ་མྱོང་བའི་དགག་པ་ནུབ་ཕྱོགས་ལ་སྐད་གྲགས་ཁྱབ་པ་ཞིག་བསླངས་སོང་བ་རེད། ཁོས་བཤད་པར། ངའི་བསམ་ཚུལ་ལ་ཡེ་ཤུ་ནི་བློ་གྲོས་དང་ཀུན་སྤྱོད་གང་ཐད་ནས་བལྟས་ནའང་། ལོ་རྒྱུས་སྟེང་བསྔགས་བརྗོད་བྱེད་དགོས་པའི་རྩེར་སོན་པ་ཞིག་ཡིན་པར་མི་འདོད། ངས་འདི་དག་གི་ཕྱོགས་ནས་བལྟས་ན་སངས་རྒྱས་ཤཱཀྱ་མུ་ནེ་དང་། སོ་ཁུ་ར་ཐེ་ཡི་གོ་ཐོབ་ཁོ་དང་བསྡུར་ན་ཤིན་ཏུ་མཐོན་པོ་རེད་ཅེས་བཤད་ཡོད། རེད་དེ། འུ་ཅག་གིས་ཡེ་ཤུའི་ཆོས་ལུགས་མི་བཟང་ཟེར་ནས་བཤད་ཀྱིན་ཡོད་པ་མ་རེད། དྲང་བདེན་གྱི་ལངས་ཕྱོགས་ཤིག་གི་ངོས་ཐད་ནས་བལྟས་ན། ནང་བསྟན་གྱི་ཤེས་རབ་དང་། བྱམས་བརྩེ་དོན་དངོས་སུ་ཆོས་ལུགས་གཞན་ལས་གོང་དུ་བརྒལ་ཡོད་པ་རེད།
༡༽ བྱམས་བརྩེ་ཡི་ཕྱོགས་ནས་བརྗོད་ན། ཡེ་ཤུའི་ཆོས་ལུགས་ཀྱིས་ཀྱང་སྙིང་རྗེ་དང་། དབྱི་སི་ལན་གྱི་ཆོས་ལུགས་ཀྱིས་འདྲ་མཉམ་དར་སྤེལ་གཏོང་གི་ཡོད་ནའང་། དེ་ཚོས་ཐུགས་ཁུར་མཛད་སའི་ཁྱབ་ཁོངས་ཅི་ཙམ་མང་རུང་། འགྲོ་བ་མིའི་རིགས་རྐྱང་པ་མ་གཏོགས། སེམས་ཅན་གཞན་དེའི་ཁོངས་སུ་མི་ཚུད་པ་རེད། ཆོས་ལུགས་གཞན་གྱིས་འདོད་པར་སྲོག་ཆགས་ནི་དམར་གསོད་བཏང་ཆོག་པ་དང་། དེ་མིན་རང་ལས་གཞན་པའི་ཆོས་ལུགས་པ་དག་ཀྱང་། མཚོན་ཤུགས་ཀྱིས་རྩ་མེད་དུ་གཏོང་དགོས་པའི་འབོད་སྐུལ་བཏང་ཡོད་པ་རེད། ཡིན་ནའང་། ནང་བསྟན་གྱི་དགོངས་དོན་ལྟར་ན་སེམས་ཅན་འདི་དག་ཚང་མ་འདྲ་མཉམ་གྱི་མཛའ་བརྩེ་ཡོད་དགོས། ཐ་ན་ཕ་རོལ་དགྲ་བོས་འཁོན་སེམས་ཀྱིས་ཁྱོད་ཀྱི་མགོ་བོ་གཅོད་པར་བྱས་ནའང་། ཁྱོད་ཀྱིས་ཚད་མེད་པའི་སྙིང་རྗེ་ཆེན་པོས་ཁོ་ལ་བྱམས་སེམས་བྱེད་དགོས་པ་རེད། དེའི་ཕྱིར། ཚང་མས་བསམ་བློ་ཞིག་ཐོངས་དང་། མིའི་རིགས་ཡོངས་རྫོགས་ཀྱི་ལོ་རྒྱུས་སྟེང་དུ་རང་ཉིད་རྩ་བ་ནས་བློས་དོར་ཏེ། བློ་གཅིག་སེམས་གཅིག་གིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་རྒྱུ། འདི་ལྟ་བུའི་ཆོས་ལུགས་དར་སྤེལ་གཏོང་བ་རིན་ཐང་ཆེ་བ་མ་ཡིན་ནམ།
༢༽ ཤེས་རབ་ཀྱི་ཕྱོགས་ནས་བརྗོད་ན། ངས་ཀྱང་འཛམ་གླིང་སྟེང་གི་གཞན་པའི་ཆོས་ལུགས་ཀྱི་དཔེ་ཆར་བལྟས་མྱོང་ཡོད། བསྡུར་ནས་ཡོང་ན་སངས་རྒྱས་ཀྱི་ཤེས་རབ་དངོས་གནས་འགྲན་ཟླ་བྲལ་བ་ཞིག་རེད། བོད་ཡུལ་དུ་སངས་རྒྱས་ཀྱིས་དངོས་སུ་གསུངས་པའི་བཀའ་འགྱུར་པོད་༡༠༨ཡོད། སློབ་དཔོན་ཀླུ་སྒྲུབ་དང་། ཟླ་བ་གྲགས་པ་སོགས་རྒྱ་གར་གྱི་དམ་པ་དག་གིས་བརྩམས་གནང་མཛད་པའི་བསྟན་བཅོས། པོད་༢༠༠ལྷག་ཡོད། དེ་དག་གི་ནང་ན་ཆོས་ཐམས་ཅད་ཀྱི་དོན་དངོས་ཞིབ་ཏུ་གསུངས་ཡོད་པ་རེད། བལྟས་རྗེས་དད་པ་མི་སྐྱེ་རང་དབང་ཡོད་པ་མ་རེད།
དེའི་ཕྱིར་ན། འུ་ཅག་གིས་སངས་རྒྱས་ཤཱཀྱ་ཐུབ་པར་དད་གུས་བྱེད་པ་ནི་དད་པ་རྐྱང་རྐྱང་ཞིག་གིས་ཆོག་པའི་དོན་མ་རེད། དད་པ་ལ་དབྱེ་ན་རྨོངས་དད་དང་རྒྱུ་མཚན་ཤེས་པའི་དད་པ་གཉིས་ཡོད་པ་རེད། དད་པ་ཡོད་པ་ཙམ་གྱིས་དད་ཡུལ་དེ་ཡང་དག་ཡིན་པའི་ངེས་པ་མེད། འོན་ཀྱང་། ཁྱོད་རང་ཉིད་ཀྱིས་ཤེས་རབ་སྤྱད་ནས་དཔྱད་པར་བྱས་ན། སངས་རྒྱས་ཀྱི་དགོངས་དོན་གསལ་བོ་ཤེས་ཤིང་རྟོགས་ཐུབ་པ་མ་ཟད། སྐྱོན་ཆ་ཏིལ་འབྲུ་ཙམ་ཡང་བཙལ་ན་གཏན་ནས་རྙེད་མི་སྲིད། དེའི་ཕྱིར་ན་འདི་ལྟ་བུའི་སངས་རྒྱས་ལ་གུས་འདུད་ཅིའི་ཕྱིར་ཞུ་མི་དགོས། རེད་དེ། སངས་རྒྱས་ཀྱི་ བསམ་བློའི་ཉིང་ཁུ་དེ་ནི་ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་པ་དེ་རེད། མི་རྣམས་ཀྱིས་སྟོང་ཉིད་མ་རྟོགས་ན་ཉིན་གང་པོར་འཚོ་གནས་ཀྱི་ཆེད་དུ། བྲེལ་བྲེལ་འཚུབ་འཚུབ་བྱས་ཀྱང་དོན་མེད་དེ། དཔེར་ན། བསམ་གཏན་པ་ཀྲི་གོང་(志公)གིས་༼འཇིག་རྟེན་པར་ནང་ཆོས་ཀློག་པར་བསྐུལ་བ།༽ལས། ཡོད་འཛིན་མེད་འཛིན་ཐམས་ཅད་ཉོན་མོངས་རྒྱུ། ། བྲེལ་བྲེལ་འཚུབ་འཚུབ་ངང་ལ་ཁོམ་དུས་མེད། ། མི་ཡི་མི་ཚེ་ཀྱོག་ཀྱོག་ཆུ་བོ་འདྲ། ། འཇིག་རྟེན་བྱ་གཞག་རི་ཚོགས་སྤུངས་བཞིན་ལྗིད། ། ཅེས་པ་ལྟར་དུ་སྟོང་ཉིད་ལ་བློ་ཁ་མ་ཕྱོགས་ཚེ་མཚམས་ལན་རེར་བལྟས་ན། སྣང་ཚུལ་སྣ་ཚོགས་པའི་འཇིག་རྟེན་འདི་ཡིད

日期: 2012-08-20

来自: ཨ་མའི་གླེབས་རིལ།

主题: ཆོས་སྲིད་ཟུང་འཇུག

༆ ། ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་ལས། ༣༽
ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།
གཉིས་པ་བོད་གངས་ཅན་གྱི་ལོ་རྒྱུས་ཐོག་ཏུ་གྲགས་པའི་ཆོས་སྲིད་ཟུང་འཇུག་ཅེས་པ་ནི། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བྱུང་བའི་ཆོས་སྲིད་ཟུང་འཇུག་ལྟ་བུ་སྟེ། རྒྱལ་པོ་རྣམས་ཀྱིས་ཚེ་སྔ་ཕྱི་ལ་ཡིད་ཆེས་དང་ལས་རྒྱུ་འབྲས་ལ་བརྩི་བསྲུང་དང་བྱམས་སྙིང་རྗེའི་སྒོ་ནས་ཆབ་འབངས་རྣམས་སྲུང་ཞིང་སྐྱོང་བྱེད་ཅིང་། རྒྱལ་ཁབ་དེ་ན་སྲིད་ཀྱང་ཡོད་ལ་ཆོས་ཀྱང་ཡོད་པ། ཆོས་ཀྱིས་རྒྱལ་སྲིད་མི་བཤིག་ཅིང་སྲིད་ཀྱིས་ཆོས་ལུགས་མི་གནོན་པར་རང་རང་གི་ས་ནས་རང་རང་གི་ཕན་པ་བསྒྲུབས་ནས་གནས་པའོ། །
འདི་ནི་བོད་གངས་ཅན་གྲགས་པའི་ཆོས་སྲིད་ཟུང་འཇུག་སྟེ། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་ཆོས་འབྱུང་འབེལ་གཏམ་གྱི་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ལས། ཕྱི་རོལ་མི་སྟེགས་ཀྱི་རྒྱུ་འགྲུལ་བཀའ་སྲུང་བསྟན་མའི་འཕྲིན་ལས་ཀྱིས་མཚམས་བཅད་དེ་རྒྱལ་བསྟན་ཡིད་བཞིན་གྱི་ནོར་བུ་ཕྱི་མའི་མཐར་ཡང་ཉམས་པ་མེད་ པའི་མཛད་འཕྲིན་རྩིབས་སྟོང་གི་འཁོར་ལོས་སྣ་དྲང་སྟེ། འཛམ་བུའི་གླིང་སུམ་གཉིས་ཀྱི་རྒྱལ་སྲིད་ལ་དབང་བྱས་ནས་ཆོས་སྲིད་ཟུང་འཇུག་གི་སྣང་བ་འགྲན་ཟླ་དང་བྲལ་བར་མཛད། ཅེས་གསུངས་པ་བཞིན་ནོ། །
འདི་ཅུང་ཟད་ཞིབ་པར་བཤད་ན་དོན་ཚན་བདུན་ཏེ། ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད་དང་། ཆོས་སྲིད་ཟུང་འཇུག་གི་ཁྲིམས་ལུགས་དང་། ཆོས་སྲིད་ཟུང་འཇུག་གི་དཔལ་འབྱོར་དང་། ཆོས་སྲིད་ཟུང་འཇུག་གི་དམག་དོན་དང་། ཆོས་སྲིད་ཟུང་འཇུག་གི་སློབ་གསོ་དང་། ཆོས་སྲིད་ཟུང་འཇུག་གི་ཆོས་ལུགས་དང་། ཆོས་སྲིད་ཟུང་འཇུག་གི་འབྲས་བུ་བཤད་པའོ། །
དང་པོ་ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད་བཤད་པ་ལ་བཞི་སྟེ། ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད་སྐྱོང་བ་པོའི་གཙོ་བོ་རྒྱལ་པོ་རང་ཉིད་ལ་ཆ་རྐྱེན་ཅི་ཚང་བར་བྱ་དགོས་པ་དང་། དེས་བསམ་པའི་ཀུན་སློང་ཅི་འདྲ་ཞིག་གི་ཐོག་ནས་ཆབ་སྲིད་སྐྱོང་དགོས་པ་དང་། དེ་ལག་བསྟར་བྱེད་ཚུལ་གྱི་གལ་འགག་བཤད་པ་དང་། ཆབ་སྲིད་ཀྱི་རིག་པའི་འབྱུང་ཁུངས་བཤད་པའོ། །
དང་པོ་ནི། ཆོས་སྲིད་ཟུང་འཇུག་གི་སྒོ་ནས་ཆབ་སྲིད་སྐྱོང་བ་ལ་ཐོག་མར་རྒྱལ་པོ་རང་ཉིད་ཆོས་སྲིད་གཉིས་ཀྱི་ཡོན་ཏན་ཡང་དག་པ་ཞིག་ཚང་དགོས་ཏེ། རྒྱལ་པོའི་ལམ་ལུགས་ལ་ཆབ་སྲིད་ཡང་དག་པ་འོང་མི་འོང་རྒྱལ་པོ་ལ་རག་ལས་པའི་ཕྱིར་རོ། །
འོ་ན་རྒྱལ་པོ་ཇི་ལྟ་བུ་ཞིག་དགོས་ཞེ་ན། དོན་འདི་རྣམས་སངས་རྒྱས་ཤྭཀྱ་ཐུབ་པའི་བཀའ་ལས་སྐབས་དེ་དུས་ཀྱི་རྒྱ་གར་གྱི་རྒྱལ་པོའི་ལམ་ལུགས་ཀྱི་ཆབ་སྲིད་དང་ཆོས་གཉིས་ཟུང་འཇུག་གི་སྒོ་ནས་རྒྱལ་སྲིད་སྐྱོང་ཐབས་ཤིག་གསུངས་ཡོད་པ་དེ་ལྟར་དུ་བཤད་པར་བྱ་སྟེ། དེ་ཡང་འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་རྒྱལ་པོའི་ཚུལ་གྱི་ལེའུ་ལས། རྒྱལ་པོ་གཏུམ་པོ་རབ་སྣང་དང་གཅེར་བུ་པའི་ཚུལ་འཛིན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་བདེན་སྨྲ་གཉིས་ཀྱིས་དྲི་བ་དང་དྲིས་ལན་གྱི་སྒོ་ནས་གསུངས་པ་ཆ་ཚང་འདིར་དཀོད་ནས་འཆད་པ་ལ། ཐོག་མར་ཡོན་ཏན་གྱི་ཡན་ལག་བཅུ་དང་ལྡན་པ་ཞིག་ལ་འོས་པའི་ཆོས་ཀྱི་རྒྱལ་པོའམ་རྒྱལ་པོ་ཆོས་དང་ལྡན་པ་ཞེས་བྱ་བར་གསུངས་ཏེ། མདོ་དེ་ཉིད་ལས། སྨྲས་པ། བྲམ་ཟེ་དེ་ལྟར་བག་ཡོད་ཅིང་སྙིང་རྗེ་དང་ལྡན་པའི་ཆོས་ཀྱི་རྒྱལ་པོ་དེ་ལྟ་བུ་ཡན་ལག་དུ་ཞིག་གིས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱལ་པོའི་ཆོས་དང་ལྡན་པར་འགྱུར། སྨྲས་པ། རྒྱལ་པོ་ཆེན་པོ་རྣམ་པ་བཅུས་ཏེ། གནམ་གྱིས་བསྒོས་པ་ཕུན་སུམ་ཚོགས་པ་དང་། འཁོར་སྲུན་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་དང་། བརྩོན་པ་དང་། ཆོས་ལ་གུས་པ་དང་མཁས་པ་དང་། ངེས་པ་དང་། འཇིག་རྟེན་གྱི་ཀུན་སྤྱོད་རབ་ཏུ་རིག་པར་སྤྱོད་པ་དང་། མི་བདེ་བ་བཟོད་པ་དང་། ཆོས་ལ་ཕྱིན་ཅི་མ་ལོག་པར་འཛིན་པའོ། །
དེ་ལ་གནམ་གྱིས་བསྐོས་པ་ཕུན་སུམ་ཚོགས་པའི་རྒྱལ་པོ་ནི་བློན་པོ་དང་། བཀྲབས་པ་དང་། མདའ་ར་བའི་མཆོག་དང་། གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་རྣམས་ལ་དབེན་ཅིང་གནོད་པ་ཆུང་བ་དང་། ནད་མ་མཆིས་པའི་རང་བཞིན་ཅན་ནོ། །
འཁོར་སྲུན་པ་དང་ལྡན་པའི་རྒྱལ་པོ་ནི་རྒྱལ་པོའི་བགྱི་བ་ལ་ཚེགས་ཆུང་ངུར་རྟག་ཏུ་བདེ་བར་གནས་ལ། རྒྱལ་པོའི་ཚུལ་ལས་མི་ཉམས་པའོ། །
ཤེས་རབ་ཕུན་སུམས་ཚོགས་པའི་རྒྱལ་པོ་ནི་ཆོས་ཀྱིས་སྐྱེ་དགུ་བསྐྱང་བ་ལ་ཐབས་མཁས་ཤིང་བགྱི་བ་རྣམས་ལ་གཞན་གྱི་དྲིང་མི་འཇོག་པའོ། །
བརྩོན་པའི་རྒྱལ་པོ་ནི་དགྲ་མ་མཆིས་པས་དགའ་བར་གནས་ཤིང་མཛོད་འཕེལ་བར་བགྱིད་པའོ། །
ཆོས་ལ་གུས་པའི་རྒྱལ་པོ་ནི་བསོད་ནམས་ཀྱི་བགྱི་བ་ཡང་མི་གཏོང་ལ་མི་སྲུན་པ་རྣམས་ཚར་
གཅོད་པའོ། །
མཁས་པའི་རྒྱལ་པོ་ནི་བསམ་པ་མྱུར་དུ་རྫོགས་ཤིང་མཐའ་མི་རིང་བས་བགྱི་བ་དག་ལས་མི་
ཉམས་པའོ། །
ངེས་པའི་རྒྱལ་པོ་ནི་སྐྱེ་བོ་ཐམས་ཅད་འཁོར་ཞིང་གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་ཐམས་ཅད་ཀྱིས་ཡིད་བརྟན་དུ་རུང་བའོ། །
འཇིག་རྟེན་གྱི་ཀུན་སྤྱོད་རབ་ཏུ་རིགས་པར་སྤྱོད་པའི་རྒྱལ་པོ་ནི་སྲུན་པ་དང་མི་སྲུན་པའི་བྱེ་བྲག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ལ་ལོངས་སྤྱོད་འདུ་བའི་སྒོ་ཡང་ཆད་པར་མི་
བགྱིད་པའོ། །
མི་བདེ་བ་བཟོད་པའི་རྒྱལ་པོ་ནི་རྒྱལ་པོའི་བགྱི་བ་ཡང་རྫོགས་པར་སྒྲུབ་ལ་སྡུག་བསྔལ་གྱིས་ཀྱང་མི་འཇིགས་པའོ། །
ཆོས་ལ་ཕྱིན་ཅི་མ་ལོག་པར་འཛིན་པ་ནི་ཁྱད་པར་དུ་འགྲོ་བའི་ལམ་ཡང་སྒྲུབ་ལ་དགེ་བའི་བཤེས་གཉེན་དག་དང་ཡང་མ་བྲལ་བའོ། །
རྒྱལ་པོ་ཆེན་པོ་ཡན་ལག་བཅུ་པོ་དེ་དག་དང་ལྡན་པའི་ཆོས་ཀྱི་རྒྱལ་པོ་ནི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱལ་པོ་ཆོས་དང་ལྡན་པ་ལགས་སོ། །
ཞེས་གསུངས་སོ། །
གཉིས་པ་བསམ་པའི་ཀུན་སློང་ཅི་འདྲ་ཞིག་གི་ཐོག་ནས་ཆབ་སྲིད་སྐྱོང་དགོས་པར་བཤད་པ་ལ། དངོས་དང་ཞར་བྱུང་གཉིས་ལས། དང་པོ་ནི། ཆོས་ལྡན་གྱི་རྒྱལ་པོ་དེས་རྒྱལ་སྲིད་སྐྱོང་བ་ན། འབངས་རྣམས་ལ་རང་གི་བུ་ཡིན་པའི་འདུ་ཤེས་དང་ཉེས་པ་ཅན་རྣམས་ལ་ནད་པའི་འདུ་ཤེས་འཇོག་པ་སོགས་འབངས་རྣམས་ལ་འཚེ་བ་མེད་ཅིང་བྱམས་དང་བརྩེ་བའི་བསམ་པས་སྐྱོང་
དགོས་ལ། དེ་ཡང་འདུ་ཤེས་རྣམ་པ་བརྒྱད་དང་ལྡན་དགོས་པར་གསུངས་ཏེ། དེ་ཉིད་ལས། བྲམ་ཟེ་དེ་ལྟར་སྐྱེ་དགུ་ཡོངས་སུ་བསྐྱང་བ་ལ་བརྩོན་པའི་ཆོས་ཀྱི་རྒྱལ་པོས་འདུ་ཤེས་ཀྱིས་གནས་པ་རྣམ་པ་དུ་ཞིག་གིས་གནས་པར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་ཏེ། སྐྱེ་དགུའི་རིས་སུ་གཏོགས་པའི་སེམས་ཅན་རྣམས་ལ་བུའི་འདུ་ཤེས་དང་། མི་སྲུན་པ་རྣམས་ལ་ནད་པའི་འདུ་ཤེས་དང་། སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་འདུ་ཤེས་དང་། བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་དང་། དགྲ་རྣམས་ལ་དེའི་རྒྱུས་ཉེས་པའི་འདུ་ཤེས་དང་། མཛའ་བཤེས་རྣམས་ལ་རྗེས་སུ་བསྲུང་བའི་འདུ་
ཤེས་དང་། ལོངས་སྤྱོད་རྣམས་ལ་སྨན་གྱི་འདུ་ཤེས་དང་། བདག་ལ་བདག་མེད་པའི་འདུ་ཤེས་སོ། །
དེ་ལ་སྐྱེ་དགུའི་རིས་སུ་གཏོགས་པའི་སེམས་ཅན་རྣམས་ལ་བུའི་འདུ་ཤེས་ཀྱིས་གནས་པ་ནི་རྒྱལ་པོ་དེ་ཕས་བུ་བཅོས་པ་ལྟར་མི་སྲུན་པ་ཚར་གཅད་པ་ལ་འཇུག་ཀྱང་སྙིང་རྗེས་བསམ་པ་མི་གཏོང་བའོ། །
མི་སྲུན་པ་རྣམས་ལ་ནད་པའི་འདུ་ཤེས་ཀྱིས་གནས་པ་ནི་སྨན་པ་ལྟར་གནོད་པ་ལ་མི་ཁྲོ་ཞིང་སྐྱོན་རབ་ཏུ་བསལ་བའི་སླད་དུ་སྦྱོར་བའོ། །
སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་འདུ་ཤེས་ཀྱིས་གནས་པ་ནི་གནོད་པ་ཐམས་ཅད་ཀྱང་ཡོངས་སུ་སྤོང་བར་བགྱིད་པ་དང་། ཕན་པ་བསྒྲུབ་པའི་སླད་དུ་འཇུག་པའོ། །
བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་ཀྱིས་གནས་པ་དེ་ནི་གཞན་གྱི་ནོར་དང་། གཞན་གྱི་ཡོ་བྱད་ལ་བརྣབ་སེམས་དང་ཕྲག་དོག་གི་སེམས་མི་སྐྱེད་པའོ། །
དགྲ་རྣམས་ལ་དེའི་རྒྱུས་ཉེས་པའི་འདུ་ཤེས་ཀྱིས་གནས་པ་ནི་དེའི་རྒྱུ་ཡོངས་སུ་སྤོང་ཞིང་སྐྱེ་བོ་གཞན་ལྟ་ཅི་སྨོས་ཀྱི། དགྲ་རྣམས་དང་ཡང་མཛའ་བར་བགྱིད་པའོ། །
མཛའ་བཤེས་རྣམས་ལ་རྗེས་སུ་བསྲུང་བའི་འདུ་ ཤེས་ཀྱིས་གནས་པ་ནི་མཛའ་བ་བརྟན་པ་དང་། ཐམས་ཅད་དང་མཛའ་བའོ། །
ལོངས་སྤྱོད་རྣམས་ལ་སྨན་གྱི་འདུ་ཤེས་ཀྱིས་གནས་པ་ནི་འདོད་པ་ལ་ལོག་པར་གཡེམ་པས་ཡོངས་སུ་མི་སྤྱོད་ཅིང་ལོངས་སྤྱོད་རྣམས་ལ་མ་ཆགས་པར་ཡོངས་སུ་སྤྱོད་པའོ། །
བདག་ལ་བདག་མེད་པའི་འདུ་ཤེས་ཀྱིས་གནས་པ་ནི་ཆོས་དོན་དུ་གཉེར་ཞིང་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་དྲུང་དུ་མཆིས་ཏེ་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་བགྱི་བ་ལ་འཇུག་པ་སྟེ། ཞེས་གསུངས་སོ། །
གཉིས་པ་ཞར་བྱུང་ནི། དེ་འདྲའི་རྒྱལ་པོ་དེ་ལ་འབངས་རྣམས་སེམས་དགའ་ནས་ལེགས་སྐྱེས་ཕུལ་བ་ཙམ་གྱིས་ཀྱང་རྒྱལ་བའི་མཛོད་གང་བར་གསུངས་ཏེ། གོང་གི་འཕྲོས་ལས། རྒྱལ་པོ་ཆེན་པོ་འདུ་ཤེས་ཀྱིས་གནས་པ་བརྒྱད་པོ་དེ་དག་གིས་གནས་པ་ཆོས་དང་ལྡན་པའི་རྒྱལ་པོ་ནི་སྐྱེས་ཕུལ་བ་ཙམ་གྱིས་ཀྱང་ཕྱག་མཛོད་མངོན་པར་འཕེལ་བར་འགྱུར་གྱི། ཆོས་དང་མི་ལྡན་པས་ནི་སྒྱུའི་སྦྱོར་
བ་དང་། གཡོའི་རྣམ་པ་ཐམས་ཅད་ཀྱིས་བསྒྲུབས་ཀྱང་དེ་ལྟར་འཕེལ་བར་མི་འགྱུར་ལགས་སོ། །
ཞེས་གསུངས་སོ། །
གསུམ་པ་ཆབ་སྲིད་དེ་ལག་བསྟར་བྱེད་ཚུལ་གྱི་གལ་འགག་བཤད་པ་ནི། རྒྱལ་པོས་ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད་སྐྱོང་བ་ལ་རང་ཉིད་རྩ་བའི་རྩ་དོན་གཉིས་ཀྱི་ཐོག་ནས་བྱ་བ་བསྒྲུབ་
དགོས་ཤིང་། རྩ་དོན་གཉིས་པོ་ནི་བག་ཡོད་པ་དང་སྙིང་རྗེ་བསྐྱེད་པ་འདི་གཉིས་ཡིན། དེ་ལས་བག་ཡོད་པ་ཞེས་པ་ནི། རྒྱུ་ནོར་ལོངས་སྤྱོད་རྣམས་ལ་མི་རྟག་པ་སོགས་ཀྱི་འདུ་ཤེས་བཞག་ནས་འདོད་ཆུང་ཆོག་ཤེས་ཀྱིས་འཚོ་བར་བྱེད་པ་ལས་རུལ་སུངས་ཀྱི་བྱ་བ་སྣ་ཚོགས་པ་མི་སྒྲུབ་པ་སྟེ། དེ་ཉིད་ལས། རྒྱལ་པོ་ཆེན་པོ་དེ་ལ་ཆོས་དང་ལྡན་པའི་རྒྱལ་པོའི་ལོངས་སྤྱོད་རྣམས་དང་བདག་ཉིད་ཀྱང་མི་རྟག་པར་རྟོགས་ཤིང་དྲན་པ་ཉེར་བར་བཞག་སྟེ། ཉེས་དམིགས་སུ་ལྟ་ཞིང་ངེས་པར་འབྱུང་བ་འཚལ་བས་ལོངས་སྤྱོད་རྣམས་ལ་སྤྱོད་ཅིང་རྒྱལ་པོའི་དབང་ཕྱུག་གི་དབང་བགྱིད་པ་འདི་ནི་དེའི་བག་མཆིས་པ་ལགས་སོ། །
ཞེས་གསུངས་སོ། །
སྙིང་རྗེ་བ་ཞེས་པ་ནི། མི་དམངས་ཀྱི་ལག་ནས་རྒྱུ་ནོར་མི་འོས་བཞིན་དུ་མི་ལེན་པ་དང་བླངས་ནས་ལོངས་མི་སྤྱོད་པ་དང་། འབངས་རྣམས་མུ་གེ་བྱུང་བའི་ཚེ་དེ་ལས་སྐྱོབ་པ་དང་ཕྱི་རོལ་གྱི་དགྲ་དང་ནང་གི་ཆོམ་རྐུན་སོགས་ལས་སྐྱོབ་ཅིང་ཕན་འདོགས་པ་སོགས་ཡིན་པར་གསུངས་ཏེ། དེ་ཉིད་ལས། གང་ལ་གནས་ཏེ་མ་ཐོབ་པའི་ལོངས་སྤྱོད་ཀྱི་འབྲས་བུ་ལ་ཉེ་བར་མི་འཚོ་བ་དང་ཐོབ་པ་ལའང་དུས་མ་ཡིན་པར་ཉེ་བར་མི་འཚོ་བ་དང་། དུས་ལ་བབ་ཀྱང་དབུལ་པོ་རྣམས་ལ་གནོད་པ་བགྱིས་ཤིང་ཉེ་བར་མི་འཚོ་བ་དང་། མུ་གེའི་གནོད་པ་ཞིག་བྱུང་ན་སྐྱེ་དགུ་རྣམས་ཀྱི་སྐྱབས་བགྱིད་
པ་དང་། ཆོམ་རྐུན་གྱི་གནོད་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པ་དང་། གཅིག་ལ་གཅིག་གནོད་པར་གྱུར་བ་ཞིག་བྱུང་ན་ཡང་དག་པར་ཕན་འདོགས་པར་བགྱིད་པ་དང་། དབུལ་པོ་རྣམས་ལ་ནོར་སྦྱིན་པ་དང་། མི་སྲུན་པ་རྣམས་ལ་ཡང་དག་པར་ཆད་པས་བཅད་པ་འདི་ནི་དེའི་སྙིང་རྗེ་ཞེས་བགྱི་སྟེ། རྒྱལ་པོ་ཆེན་པོ་ཆོས་གཉིས་པོ་དེ་དག་དང་ལྡན་ན་ཆོས་དང་ལྡན་པའི་རྒྱལ་པོ་སྐྱེ་དགུ་ཡང་དག་པར་སྐྱོང་བར་བགྱིད་ཅེས་བགྱི་བ་ལགས་ཏེ། བག་མཆིས་པ་དང་སྙིང་རྗེ་གཉིས་
ལགས་སོ། །
ཞེས་གསུངས་སོ། །

མུར་འགོད།

日期: 2012-08-20

来自: ཨ་མའི་གླེབས་རིལ།

主题: དུས་ཀྱི་ཟླ་འོད།

༄༅།། དུས་ཀྱི་ཟླ་འོད།
མཁན་པོ་བསོད་ནམས་དར་རྒྱས་ཀྱིས་འཆད་ཁྲིད་བྱས།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
དགེ་ལས་ཐད་ཀྱི་བསམ་གཞིགས།
སྐབས་བཞི་པའི་རྒྱལ་སྤྱིའི་སྤྱི་ཕན་དགེ་ལས་བགྲོ་གླེང་སྐབས་ཀྱི་གཏམ་བཤད།
དུས་ཚོད། ༢༠༡༠ལོའི་ཟླ༦ཚེས༢༠ཉིན།
མི་སྣ། མཁན་བསོད་ནམས་དར་རྒྱས།
སྐྱེས་ཆེན་དམ་པ་དང་། དགེ་ལས་པ་རྣམ་པ་ཚང་མའི་སྐུ་ཁམས་བཟང༌། དེ་རིང་འདི་འདྲའི་མི་མང་པོ་ཞིག་དང་མཉམ་དུ། དགེ་ལས་ཀྱི་བརྗོད་གཞི་ལ་བསམ་བློ་བརྗེ་རེས་བྱེད་པ་འདི་ཧ་ཅང་ལས་དང་བསོད་ནམས་ལྡན་པ་ཞིག་རེད། ང་རང་གི་ངོས་ཐད་ནས་བཤད་ན་ནང་པ་སངས་རྒྱས་པའི་ཆོས་པ་ཞིག་ཡིན་ལ། དེ་ཡང་། ནང་ཆོས་ལས་ཐེག་ཆེན་གྱི་ལྟ་བ་མདོར་བསྡུས་ན་མིའི་རིགས་སམ་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་རྒྱུ་དེ་རེད། དེའི་སྟབས་ཀྱིས། དེ་རིང་ལྷན་རྒྱས་རྣམ་པ་ཚོ་དང་ཆབས་ཅིག དགེ་ལས་སྒྲུབ་ཚུལ་ཐད་ཕན་ཚུན་ལ་བགྲོ་གླེང་དང་དཔྱད་ཞིབ་བྱེད་པར་ང་རང་ཤིན་ཏུ་དགའ་པོ་བྱུང་།
གཅིག དགེ་ལས་ནི་སེམས་གཙོ་བོ་ཡིན་ཚུལ།
སྤྱིར་དགེ་ལས་ཟེར་བ་ལན་ལ་རེ་བ་མེད་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་རྒྱུ་དེ་རེད། འདིའི་ཕྱོགས་ལ་འབྱོར་ལྡན་རྣམས་ཀྱིས་རྒྱུ་དང་དངུལ་གྱི་རྒྱབ་སྐྱོར་དང༌། འབྱོར་མེད་རྣམས་ཀྱིས་དགེ་སེམས་བསྐྱེད་ནའང་འགྲིག ང་ཚོ་འཛམ་གླིང་གི་མི་ཚང་མ་འབྱོར་ལྡན་བྷེལ་ཀེ་ཚི་(Bill Gates) དང་བྷ་ཧྥེས་ཐུ་(Warren Buffett) ལྟ་བུ་རུ་འགྱུར་རྒྱུའི་རེ་བ་མེད་ན་ཡང༌། སྒོམ་སྒྲུབ་མ་ཁྲི་རཱེ་ས(Mother Teresa of Calcutta)ལྟ་བུ་ལ་སློབ་སྦྱོང་བྱེད་དགོས་པ་ཡིན། ཐོག་མར་རང་དང་རང་གི་ཉེ་འགྲམ་ནས་མགོ་བརྩམས་ཏེ་ཐུགས་ཁུར་བྱ་དགོས། དེ་ཡང་ཁྲི་རཱེ་ས་ནི་གནམ་བདག་ཆོས་ལུགས་ཀྱི་སྒོམ་སྒྲུབ་མ་ཕལ་བ་ཞིག་ཡིན། དང་ཐོག་ཁོ་མོ་སྒོམ་གྲྭའི་ཕྱི་རོལ་གྱི་ཉམ་ཐག་པའི་གནས་ཚུལ་དང་འཕྲད་རྗེས། བློ་ཐག་རྦད་ཆོད་ཀྱིས་ལྷ་ཡུལ་ལྟ་བུའི་བག་ཕེབས་ཀྱི་འཚོ་བ་འདོར་བར་སེམས་ཐག་བཅད་དེ། ཚེ་གཅིག་གི་དུས་ཚོད་བེད་སྤྱད་དེ་སེམས་ཅན་སྡུག་བསྔལ་ལས་སྐྱོབ་པའི་འོས་འགན་དང་དུ་བླངས་ནས། མཛེ་ནད་ཅན་ལ་ནད་གཡོག་སོགས་ཆེས་དཀའ་བའི་ལས་ཀ་བསྒྲུབས། ཕར་བལྟས་ཚོད་ལ་ཁོ་མོ་ནི་ཆེས་སྤྱིར་བཏང་གི་སྐྱེས་མ་ཞིག་རེད། ཡིན་ནའང་། དོན་དངོས་སུ་ཁོ་མོས་བསྒྲུབས་པའི་བྱ་བ། ང་ཚོའི་བློའི་ཡིད་ལས་འགོངས་པ་ཞིག་རེད། ལོ་དྲུག་གི་ནང་ལ་གཞན་གྱིས་དོར་བའི་བྱིས་པ་དྲུག་ཁྲི་ལྷག་བསྡུ་ལེན་དང་། གསོ་སྐྱོང་བྱས། མོས་དགེ་ཕྱོགས་ལ་བཅིངས་པའི་གཞན་ཕན་གྱི་སྙིང་རྗེ་ཆེན་པོས་མེ་འོབས་ན་འཚོ་བའི་ཉམ་ཐག་གི་ཚེ་སྲོག་མང་པོ་བསྐྱབས། དེ་བཞིན་དུ་འཛམ་གླིང་ཁྱོན་ཡོངས་སུ་མོའི་སྙིང་སྟོབས་དང་ལྷག་བསམ་ལ་ཡིད་སྨོན་བྱེད་ཀྱིན་ཡོད། ༡༩༧༩ ལོར་མོ་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ། ན་ནིང་ནོ་བྷེལ་ཐེབས་རྩ་ཚོགས་པས་ཁོ་མོ་ནི་མི་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ནང་། ཆེས་གུས་པར་འོས་པའི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན། མི་གསུམ་གྱི་ཡ་གྱལ་དུ་བདམས་པ་རེད།༼ཐོབ་མཁན་གཞན་གཉིས་ནི༡༩༢༡ལོར་དངོས་ལུགས་རིག་པའི་གཟེངས་རྟགས་ཐོབ་མཁན་ཨེ་དབྱིན་སི་ཐན་(Einstein) དང་། ཅིག་ཤོས་ནི༡༩༦༤ལོར་ཞི་བདེ་གཟེངས་རྟགས་ཐོབ་མཁན་མར་ཁྲེན་ལོ་ངྷར་ཁེན(Martin Luther King, Jr)གཉིས་རེད༽ དེར་བརྟེན། ནང་ཆོས་པ་དང་གནམ་བདག་ཆོས་ལུགས་པ་སོགས་ཆོས་པ་གཞན་དག་གང་ཡིན་ཡང༌། དགེ་ལས་ལ་བསྟེན་ཏེ་གཞན་ལ་རོགས་སྐྱོར་བྱ་རྒྱུ་ནི། ཧ་ཅང་གི་དོན་སྙིང་ལྡན་པ་ཞིག་རེད། སྤྱིར་མི་ཚེའི་འཚོ་གནས་ལ་དམིགས་བྱ་ཅི་རིགས་ཡོད་ཀྱང༌། གལ་ཏེ། ནང་གི་བསམ་བློ་སྒེར་སེམས་སྒེར་ཕན་གྱིས་ཁེངས་ནས། ཕྱིའི་དངོས་པོ་རྐྱང་པ་དོན་གཉེར་བྱས་ན་འཚོ་བའི་ཆ་རྐྱེན་ཇི་འདྲ་བཟང་ཡང༌། འཇིག་རྟེན་ཇི་འདྲའི་མཛེས་སྡུག་ཆགས་རུང༌། ཐམས་ཅད་ལ་དོན་སྙིང་གང་ཡང་མེད་པ་ཞིག་རེད། དེས་ན་མི་ཚེ་ལ་དངོས་གནས་རིན་ཐང་ལྡན་པ་ཞིག་བྱེད་འདོད་ན། ནང་ཆོས་རིག་པའི་གཞན་ཕན་བསམ་བློས། རང་སེམས་ལེགས་བཅོས་བྱས་ཏེ་འབད་པ་ཡོད་ཚད་ཀྱིས། ལན་དང་རྣམ་སྨིན་ལ་མི་རེ་བ་ནི་ཆེས་དོན་སྙིང་ཅན་ཞིག་རེད། འོན་ཀྱང། དེང་སྐབས་མི་མི་ཉུང་བ་ཞིག་གི་སེམས་ལ་དགེ་ལས་ནི་འབྱོར་ལྡན་པས་རང་སེམས་བདེ་བྱེད་ཀྱི་བྱ་བ་ཞིག་ལས་དམངས་ཕལ་བ་ཞིག་ཡིན་ན་དེའི་རིགས་ལ་འབྲེལ་བ་ཆེན་པོ་མེད་བསམས་ཏེ། མནོ་བསམ་མི་གཏོང་ཞིང་གཙིགས་ཆེན་མི་བྱེད་པའི་འདུ་ཤེས་འདིའི་རིགས་ནི། ནོར་འཁྲུལ་རེད། འདིའི་ཐད་དུ་ངས་ནམ་རྒྱུན་སེམས་ལ་བརྗེད་དཀའ་བའི་གཏམ་རྒྱུད་ཅིག་དྲན་བྱུང་། ༢༠༠༧ལོའི་ཟླ༢པའི་ཚེས༡༦ཉིན། བགྲེས་ཡོལ་ངལ་གསོ་བྱས་མ་ཐག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཨན་ནན(kofi a.annan) གྱིས་རང་སྒེར་གྱི་གཞིས་ཀ་རུ་དགེ་ལས་ཐད་ཀྱི་དགོང་གསོལ་ཐེངས་གཅིག་སྤེལ་ཏེ། ཧྥེ་གླིང་གི་དབུལ་ཕོངས་བྱིས་པར་དམིགས་ཏེ་ཞལ་འདེབས་བསྡུ་ལེན་བྱས། ཚོགས་འདུ་ལ་ཞུགས་པའི་མི་སྣ་ཚང་མ་ནི། ཚོང་བ་དང་འབྱོར་ལྡན་སོགས་སྤྱི་ཚོགས་སྟེང་གི་སྐད་གྲགས་ཅན་གྱི་མི་སྣ་ཤ་སྟག་རེད། དགོང་གསོལ་མགོ་རྩོམ་སྐབས། རྒན་མོ་ཞིག་གིས་བུ་མོ་ཆུང་ཆུང་ཞིག་ལག་མགོར་ཁྲིད་དེ་གཞིས་ཀའི་སྒོ་རུ་སླེབས། བུ་མོ་ཆུང་ཆུང་དེས་དཀར་དམ་སྤུས་དག་ཅིག་ལག་ཏུ་བསྣམས་ནས་ཡོད། བདེ་སྲུང་པས་དེ་མཐོང་མ་ཐག་ཏུ་རྒན་མོ་དང་བུ་མོ་ཆུང་ཆུང་གཉིས། ནང་དུ་འགྲོར་མ་བཅུག་པར་ཁྱོད་གཉིས་ཀྱི་གདན་འདྲེན་ཞུ་ཡིག་སྟོན་རོགས། མགྲོན་འབོད་ཞུ་ཡིག་མེད་ན་ནང་ལ་འགྲོ་མི་ཆོག་ཅེས་ལབ་པ་རེད། བུ་མོ་ཆུང་ཆུང་གིས། ངས་བརྙན་འཕྲུལ་ནང་དུ་ཧྥེ་གླིང་བྱིས་པར་ཆེད་སྒྲུབ་རོགས་སྐྱོར་ཞལ་འདེབས་ཀྱི་བྱ་འགུལ་སྤེལ་བ་འདི་ཤེས་པ་ཡིན། ཉམ་ཐག་སྙིང་རྗེ་བའི་བྱིས་པ་དེ་དག་ལ་བྱ་བ་ཆུང་ཆུང་ཞིག་བསྒྲུབ་བསམ་ནས། ང་རང་ཉིད་ཀྱི་དཀར་དམ་ནང་གི་བསོགས་དངུལ་ཚང་མ་བླངས་ཏེ་ཁོ་ཚོར་འབུལ་འདོད་ཡོད་ཅེས་བཤད་ན་ཡང༌། བདེ་སྲུང་པས་མགྲོན་འབོད་ཞུ་ཡིག་མེད་ན་ནང་ལ་འགྲོ་མི་ཆོག་པའི་གནས་ལུགས་བཤད་པར་མ་ཟད། ད་དུང་ས་གནས་འདི་ལྟ་བུ་ལ་ཁྱེད་གཉིས་འོང་བ་འོས་འཚམས་མ་རེད་ཅེས་ལབ། བུ་མོ་ཆུང་ཆུང་གིས། ཨ་ཁུ། དགེ་ལས་ནི་སྒོར་མོ་མ་རེད། གཙོ་བོ་སེམས་མ་ཡིན་ནམ་ཞེས་བཤད་པས། ཁོ་མོའི་སྐད་ཆ་དེས་བདེ་སྲུང་པ་ཧོན་འཐོར་ནས་སྡོད་དུ་བཅུག་སོང༌། ཡིན་ནའང་། བུ་མོ་ཆུང་ཆུང་དེས་ཇི་ལྟར་ཐབས་བཀོད་འཐེན་ཡང་རང་ཉིད་ནང་དུ་འགྲོ་མི་ཐུབ་པ་ཤེས་ནས། ཁོ་མོའི་ལག་ཏུ་བཏེགས་པའི་དཀར་དམ་བདེ་སྲུང་པར་གཏད་དེ། མགྲོན་འབོད་བྱས་པའི་མི་དག་ལ་སྒོར་མང་པོ་ཡོད་པ་ངས་ཀྱང་ཤེས། ཁོ་ཚོས་སྒོར་མོ་མང་པོ་སྟེར་ངེས་ཅན་རེད། ང་ལ་དེ་འདྲའི་སྒོར་མང་པོ་མེད། ཡིན་ནའང་། འདི་ནི་ངའི་སྒོར་མོ་ཡོད་ཚད་ཡིན། ང་དངོས་གནས་ནང་དུ་འགྲོ་མི་ཆོག་ན། ཁྱེད་ཀྱིས་ང་ལ་རོགས་བྱས་ཏེ་འདི་ནང་ལ་འཁྱེར་རོགས་ཞེས་རེ་ཞུ་བྱས། དེའི་སྐབས་སུ། གློ་བུར་དུ་འགྲམ་ནས་རྒན་པོ་ཞིག་གིས། བྱིས་པ། དེ་འདྲ་བྱེད་མི་དགོས། ཁྱོད་ཀྱིས་བཤད་པ་འགྲིག་འདུག དགེ་ལས་ནི་སྒོར་མོ་མ་རེད། གཙོ་བོ་སེམས་རེད། ཁྱོད་ནང་དུ་སོང་ཆོག དགེ་སེམས་ཅན་གྱི་མི་ཡོད་ཚད་ནང་ལ་འགྲོ་ཆོག་པ་རེད་ཟེར། ཁོ་ནི་མཚན་སྙན་འབར་བའི་ཨ་རི་རྒྱལ་ཁབ་ཀྱི་རྐང་ལྷ་(股神)རུ་འབོད་པའི་བྷ་ཧྥེས་ཐུ་(Warren Buffett)རེད། དེའི་རྗེས་སུ་དགེ་ལས་དགོང་གསོལ་གྱི་བརྗོད་བྱའི་ཁ་བྱང་ལ་དགེ་ལས་ནི་སྒོར་མ་རེད་གཙོ་བོ་སེམས་ཡིན་ཞེས་བསྒྱུར། ཉིན་དེའི་མི་སྣ་གཙོ་བོ་ནི་ཨ་སྒོར་ཁྲི་སུམ་བརྒྱ་ཕུལ་བའི་བྷ་ཧྥེས་ཐུ་མ་ཡིན་ལ། ཨ་སྒོར་ཁྲི་བརྒྱད་བརྒྱ་སྦྱིན་པའི་བྷེལ་ཀེ་ཚི་(Bill Gates)ཡང་མ་ཡིན་པར་ཨ་སྒོར་སུམ་ཅུ་ཕུལ་བའི་བུ་མོ་ཆུང་ཆུང་དེ་རེད། དགོང་གསོལ་དེར་སྤྲོ་སེམས་ཀྱི་ཐལ་མོ་རྡེབ་སྒྲས་དགའ་བསུ་ཆེས་མང་པོ་ཐོབ་མཁན་མོ་རང་རེད། གཏམ་རྒྱུད་འདིའི་མཚོན་དོན་ཅི་ཞིག་རེད། དགེ་ལས་ནི་འབྱོར་ལྡན་ཀུན་གྱི་ཆེད་ལས་ཞིག་མ་ཡིན་པར། འབྱོར་མེད་ཀྱང་དགེ་ལས་ལ་ཞུགས་ཆོག་པ་བསྟན་ཡོད། དོན་དག་འདིའི་ཐད་ནས་འཁྲབ་སྟོན་པ་གྲགས་ཅན་ལེས་ལེན་ཅེའི(李连杰) ༼གཅིག་ཐེབས་རྩ་ཚོགས་པ།(壹基金会)༽ཡིས་བསྒྲུབས་པ་ནི་ཧ་ཅང་བཟང༌། ཁོའི་ཐེབས་རྩའི་མི་རེ་རེས་ཟླ་གཅིག་ལ་སྒོར་གཅིག་གམ་ཡང་ན་དུས་ཚོད་གཅིག་ལ་གླ་མེད་པའི་ལས་ཀ་བྱེད་དགོས་ཞེས་འབོད་བསྐུལ་བྱས། དེ་ལྟར་ན་དགེ་སེམས་ཡོད་པ་སུ་ཡིན་ཡང་དགེ་ལས་ནང་ཞུགས་ཆོག་པ་རེད།
གཉིས་པ། དེང་སྐབས་དགེ་ལས་ཀྱི་རྣམ་པ་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན།
དེང་སྐབས་སྤྱི་ཚོགས་སྣེ་གཉིས་སུ་གྱེས་པར་ཧ་ཅང་དོན་དག་ཚབས་ཆེན་འདུག འབྱོར་ལྡན་མིས་རྒྱུ་ནོར་ཕངས་མེད་དུ་རྒྱས་སྤྲས་ཚད་མེད་གཏོང་བ་དང་། འབྱོར་མེད་མི་ལ་ལྟོ་གོས་ཀྱིས་དཀའ་ངལ་དང་། ཐ་ན་གཞི་རྩའི་འཚོ་བའང་ཁག་ཐེག་བྱེད་དཀའ་བའི་གནས་སུ་གྱུར་འདུག སྔོན་ཐང་རྒྱལ་རབས་ཀྱི་སྙན་ངག་པ་གྲགས་ཅན་ཏོས་ཧྥོ(杜甫)ཡིས། ཕྱུག་པོའི་ཁྱིམ་དུ་ཤ་ཆང་རུལ།། དབུལ་བོར་བཀྲེས་སྐོམ་འཁྱག་ཤི་ཐེབས།། ཞེས་བཤད་ཡོད་པ་འདི་ཡང་དེང་སྐབས་ཀྱི། སྣང་ཚུལ་མང་པོ་ཞིག་ལ་བལྟས་ཏེ་བྲིས་པ་ལྟ་བུར་གྱུར་འདུག འདི་ལྟ་བུའི་ཁོར་ཡུག་ནང་མི་རེ་རེས་སྒེར་སེམས་མེད་པའི་སྙིང་རྗེ་བསྐྱེད་དགོས་པ་དང་། རང་ནུས་ཅི་ལྕོགས་ཀྱིས་སེམས་ཅན་ཀུན་ལ་རོགས་རམ་བྱས་ན། མི་རེ་རེ་བཞིན་སྔོན་རྒྱ་ནག་གི་བསླབ་བྱ་གྲགས་ཅན་ལས། གཞན་གྱི་རྒས་འཁོགས་རང་གི་རྒན་བཞིན་བཀུར།། གཞན་གྱི་བྱིས་པ་རང་གི་བུ་བཞིན་སྐྱོངས་།། ཞེས་པའི་དོན་མངོན་དུ་གྱུར་ཅིང་དཀའ་ཚེགས་མེད་པའི་སྒོ་ནས་ཞི་མཐུན་སྤྱི་ཚོགས་གསར་བསྐྲུན་བྱ་ཐུབ། འོན་ཀྱང༌ཡིད་ཕངས་པ་ཞིག་ལ། འདི་ལྟ་བུའི་འདུ་ཤེས། ད་སྐབས་ཡིག་ཐོག་ཏུ་ལུས་པ་ཙམ་ལས་དངོས་སུ་ལག་བསྟར་བྱེད་མཁན་ཆེས་ཉུང་བར་སྣང་། མི་མང་ཆེ་བས་སེམས་ཁུར་བྱེད་ཡུལ་ནི་རང་གི་ཉེ་འགྲམ་དང་མཛའ་གྲོགས་དག་རེད། ཆ་རྒྱུས་མེད་པའི་མི་དག་ལ་དཀའ་ལས་དང་སྡུག་བསྔལ་མྱོང་གི་ཡོད་པ་ཤེས་ནའང༌། རང་ཉིད་ཀྱི་ལག་པ་ཕུ་རུང་དུ་འཐེན་ཏེ་སྣང་མེད་ཚོར་མེད་ངང་། སེམས་ཁུར་དང་རོགས་རམ་བྱེད་མཁན་ནི་མི་ཆེས་ཉུང་ཤོས་ཤིག་རེད། ད་ལྟའི་མི་རྣམས་ཀྱི་དགེ་ལས་འདུ་ཤེས་ཐབས་སྐྱོ་བོ་དེའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་རེད་ཅེ་ན། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་བདུན་ཅུའི་སྐབས་སུ། གཡོན་ཐལ་ཆེ་བའི་བསམ་པའི་རླབས་རྒྱུན་དང་། རིག་གསར་གྱི་ཤུགས་རྐྱེན་གྱིས་དགེ་ལས་ལ་ལྟ་སྟངས་འདི་འདྲ་བྱས་སོང་བ་རེད། སྐབས་དེར་དགེ་ལས་བྱ་བ་འདི་ལ་འབྱོར་ལྡན་གྲལ་རིམ་གྱི་མངར་ཆས་བཏུམས་པའི་འགད་མདེལ་ཞེས་པ་དང་། ས་བདག་གྲལ་རིམ་གྱི་བཟང་བརྫུའི་སྤྱོད་ངན། ཞེས་པ་སོགས་ཀྱི་ཐ་སྙད་ལ་བརྟེན་ནས་ལོ་རྒྱུས་རང་བཞིན་ཅན་གྱི་རྩ་མེད་དང་རྒོལ་རྡུང་བྱས་པ་རེད། དེ་ནས་བཟུང་སྟེ་དགེ་ལས་ཀྱི་མཛད་འཕྲིན་འདི། གནས་སྐབས་སུ་བག་ལ་བསྙལ་ཏེ་གྲག་མེད་འགུལ་མེད་ཀྱི་ངང་དུ་མི་ལོ་སུམ་ཅུ་ཙམ་འདས་སོང༌། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་ལ་ད་གཟོད་དགེ་ལས་ཀྱི་འདུ་ཤེས་ཡང་བསྐྱར་མགོ་ཚུགས་པ་རེད། དེ་ནས་དགེ་ལས་ཀྱི་སྒྲིག་གཞི་མུ་མཐུད་དུ་རྩ་འཛུགས་དང་། དགེ་ལས་ཀྱི་བྱ་འགུལ་ཡང་ཡང་ཁྱབ་སྤེལ་བཏང་། སྐབས་དེར་མི་ཁ་ཤས་ཤིག་གིས་དགེ་ལས་ཀྱི་བྱ་བ་འདི་ལ་གོ་འཛོལ་དང་། ཕྱོགས་ཞེན་གྱི་ལྟ་བ་བཟུང་ཡོད་པ་རྣམས་ཀྱང་ཡོ་བསྲངས་བྱས། དེ་འདྲ་ཡིན་ན་ཡང༌། དགེ་ལས་ཀྱི་འདུ་ཤེས་ལ་ལོ་རྒྱུས་ནང་ཤུགས་རྐྱེན་ངན་པ་ཐེབས་ཡོད་པས། ད་དུང་མི་ཆེས་མང་པོས་ཁྱབ་རྒྱ་ཆེ་བའི་སྒོ་ནས་ངོས་ལེན་བྱེད་ཐུབ་ཀྱིན་མེད། དེང་སྐབས་གྲགས་ཆེ་བའི་ཐ་སྙད་འབྱུང་ཁུངས་དང་། ཐ་སྙད་རྒྱ་མཚོ་སོགས་ཀྱི་ནང་དུ་དགེ་ལས་ཞེས་པ་ཚིག་ཟུར་ཙམ་ཡང་མི་རྙེད། ལོ་ཤས་སྔོན་དཔེ་སྐྲུན་བྱས་པའི་ཀྲུང་གོའི་ཤེས་བྱ་ཀུན་འདུས་ཚིག་མཛོད་ཆེན་མོའི་ནང་དུའང་དགེ་ལས་ལ་འགྲེལ་བཤད་བྱས་པ་ནི། ཆོས་ལུགས་དང་རྨོངས་དད་ཀྱི་ཤན་ཤུགས་མཐུག་པོ་ཡོད་པ། དེའི་དམིགས་ཡུལ་ནི། ལས་བཟང་པོ་བྱས་པར་འབྲས་བུ་བཟང་པོ་སྨིན་པར་རེ་བའི་ལས་ཀ་ཞིག་ཡིན་ཞེས་བཤད་ཡོད། དགེ་ལས་པས་རྒྱུན་དུ་དགེ་ལས་བྱ་གཞག་ལ་སྦྱིན་གཏོང་གི་ལྟ་སྟངས་འཛིན་པ་དེ་ནི་མི་ཉུང་ཤས་ཤིག་གི་གནས་སྐབས་རང་བཞིན་ཅན་གྱི་དགེ་མཚན་མེད་པའི་རྒུད་སྐྱོབ་ཙམ་ཞིག་གོ། ཞེས་དང་། དེ་དང་བསྡུར་ནས་ཡོང་ན། ཨ་རིའི་ཤེས་བྱ་ཀུན་འདུས་ནང་དུ་དགེ་ལས་ལས་རིགས་ཀྱི་དོན་འགྲེལ་བ་ནི། དགེ་ལས་ནི་དུས་ཡུན་ཆེས་རིང་བའི་སྤྱི་ཚོགས་ཀྱི་སྲོལ་རྒྱུན་གྱི་ནང་གསེས་ཤིག་ཡིན་པ་དང་། དེ་ཡང་དངུལ་སྒོར་གྱི་ཞལ་འདེབས་དང་གཞན་པའི་ཞབས་འདེགས་ལ་བརྟེན་ཏེ། འགྲོ་བ་མིའི་རིགས་ལ་བདེ་སྐྱིད་དང་དཔལ་ཡོན་མཐོར་འདེགས་བྱེད་པ་ཡིན་པར་བཤད་ཡོད། དེའི་ཕྱིར་ན། དགེ་ལས་བྱ་གཞག་འཕེལ་རྒྱས་སྐུལ་འདེད་ཀྱི་ཕྱིར་དུ། མི་རྣམས་ཀྱི་བསམ་པའི་ནང་གི་ཐམ་ཐོམ་གྱི་འཛིན་སྟངས་དང་། ཕྱོགས་སུ་ལྷུང་བའི་ལྟ་བ་རྣམས་བསལ་ཏེ། ཡང་བསྐྱར་དགེ་ལས་ལས་རིགས་ཀྱི་ཚིག་དོན་གཏན་འབེབས་བྱས་ཏེ། ཁྱོན་ཡོངས་ནས་མི་རྣམས་ལ་དགེ་ལས་བྱ་གཞག་གི་འདུ་ཤེས་ལ་གོ་བ་ཟབ་མོ་ལེན་པར་ཤུགས་སྣོན་བྱེད་རྒྱུ་ནི་ཆེས་གལ་ཆེན་ཞིག་རེད།
གསུམ་པ། འབྱུང་འགྱུར་དགེ་ལས་ཀྱི་རྒྱང་ལྟ།
སྤྱིར་ནང་པའི་ཐེག་ཆེན་པ་ཞིག་ཡིན་ན། ཉམ་ཐག་པའི་སེམས་ཅན་ཀུན་ལ་རོགས་སྐྱོར་བྱེད་རྒྱུ་དང་། གཞན་གྱི་ཆེད་དུ་རང་ཉིད་ཀྱི་སྲོག་ཀྱང་འདོར་ཐུབ་པར་བྱེད་རྒྱུ་ནི། ང་ཚོའི་ལས་འགན་ཡིན་པས་དང་དུ་ལེན་འོས་པ་ཞིག་རེད། འདིར་བཞུགས་ཀྱི་སྐུ་མགྲོན་རྣམ་པའི་ནང་དུ་འགའ་རེ་ནང་པ་མིན་ནའང༌། སྤྱི་ཚོགས་ནང་དུ་སྨན་པར་སྟོན་མི་ཐུབ་པ། སློབ་གྲྭར་འགྲོ་མི་ཐུབ་པ། ལྟོ་གོས་ཀྱི་དཀའ་ངལ་ཡོད་པའི་མི་དག་ལ་རོགས་སྐྱོར་གྱི་ཕྱག་ཟུང་རྐྱོང་རྒྱུ་ནི། སེམས་བཟང་ཅན་གྱི་ཆེས་གཙོ་བའི་ཀུན་སྤྱོད་རེད། དེས་ན་ང་ཚོས་སྔོན་དུས་ཀྱི་དགེ་ལས་སྐོར་གྱི་མི་འདང་ས་ལ། བསྒྱུར་བཅོས་བྱས་ཤིང་དགེ་ལས་སྤྱི་ཕན་གོམ་སྟབས་མྱུར་བགྲོད་འོང་བའི་ཆེད་དུ་ཤུགས་སྣོན་བྱས་ཏེ་ཚད་མཐོན་པོའི་སྒོ་ནས་སེམས་ཅན་ལ་ཕན་ཇི་ལྟར་འདོགས་རྒྱུའི་ཕྱོགས་ལ། བདག་གིས་བསམ་ཚུལ་ཞིག་བརྗོད་ན་བསམ་བྱུང༌།
གཅིག འབྱུང་འགྱུར་གྱི་དགེ་ལས་ནི་དམངས་ཁྲོད་ཀྱི་དགེ་ལས་སྟོབས་ཤུགས་དང་འབྲལ་མི་རུང་བ་དང་། དེ་ནི་སྲིད་གཞུང་གི་སྲིད་ཇུས་ཕྱོགས་ཀྱི་སྐུལ་མ་དང་རྒྱབ་སྐྱོར་མཉམ་དུ་ཡོད་དགོས་པ་རེད། ཐེངས་འདིའི་ཡུལ་ཤུལ་ས་ཡོམ་ལྟ་བུ་ལ་མཚོན་ན། སྐབས་དེར་ང་ཚོའི་སློབ་གླིང་གི་དགེ་འདུན་པ་སྟོང་ཕྲག་ལྷག་གིས་རང་ཉིད་ཀྱི་འཁྱག་ལྟོགས་བཀྲེས་སྐོམ་དང་། ཚེ་སྲོག་ལའང་མ་འཛེམས་པར། ཉིན་མཚན་བར་མེད་དུ་མྱུར་སྐྱོབ་བྱས་མཐར་ཞིག་རལ་ཁྲོད་མནན་པའི་མི་སྐོར་ཞིག་སྐྱོབ་ཐུབ་བྱུང༌། ད་དུང་ཆག་སྒོ་ཐེབས་པའི་དམངས་རྣམས་ཀྱི་ནོར་རྫས་ཀྱང་མང་པོ་སློག་ཐུབ་སོང༌། འདི་འདྲའི་གོད་ཆག་ཆེན་པོ་ཐེབས་པའི་སྐབས། སྲིད་གཞུང་གི་རྩ་འཛུགས་དང་། མགོ་ཁྲིད་ཁོ་ནར་བརྟེན་ན་གནད་དོན་ཧ་ཅང་མང་པོ་ཞིག་ཐག་གཅོད་ཡོང་བ་ཆེས་དཀའ་བར་སྣང༌བ་ཀུན་གྱིས་ཤེས་གསལ་ལྟར་རེད། དེས་ན་སྲིད་གཞུང་གིས་ཧུར་བརྩོན་ལེགས་སྒྲིག་གིས་ཕྱོགས་གང་སར་སྟོབས་ཤུགས་བསྐྱེད་དེ། མི་དམངས་ཀྱི་དགེ་ལས་འདུ་ཤེས་ལ་ཤུགས་སྣོན་དང་དོ་སྣང་བྱས་པའི་རྨང་གཞིའི་སྟེང་ནས། མགྱོགས་མྱུར་གྱིས་དགེ་ལས་ཀྱི་རྩ་ཁྲིམས་འཛུགས་ཐུབ་པ་དང་། འཐུས་སྒོ་ཚང་བའི་དགེ་ལས་བཅའ་ཁྲིམས་ལམ་ལུགས་ལག་བསྟར་བྱས་པའི་སྒོ་ནས་མི་ཆེས་མང་པོས་སྤྱི་ཚོགས་ཀྱི་ལས་འགན་འཁུར་ཐུབ་པར་བྱེད་དགོས།
གཉིས། དམངས་ཡོངས་ཀྱི་དགེ་ལས་ཀྱི་འདུ་ཤེས་ཤུགས་སྣོན་བརྒྱབས་ཏེ། རྩ་བའི་སྟེང་ནས་ཡར་སྔོན་གྱི་བསམ་བློར་འགྱུར་བ་གཏོང་དགོས། དེང་དུས་མི་མང་ཆེ་བ་ཞིག་ལ་སློབ་རའི་ནང་ཐོབ་པའི་སློབ་གསོ་དང་། དཔེ་ཀློག་གིས་ནར་སོན་ཚེ་སྤྱི་ཚོགས་ལ་ཕན་པའི་སྒོ་ནས་བཀོལ་སྤྱོད་བྱེད་མི་ཐུབ་པ་མ་ཟད། ད་དུང་མི་གཤིས་དང་ཀུན་སྤྱོད་བཟང་པོའི་གསོ་སྐྱོང་མི་འདང་བར་ཆགས་ཡོད། བྱ་བའི་འདུག་སྟེགས་སྟེང་སླེབས་རྗེས་ཉིན་གང་བོར་གོ་གནས་དང་དངུལ་གྱི་ཆེད་ལ་ཕྱོགས་བཞིར་ཁོམ་ལོང་མེད་པར་འདུར་རྒྱུག་བྱས་ཀྱང་མཐར་རང་ཉིད་ལ་སྡུག་བསྔལ་ཁོ་ན་ལས་འཐོབ་བྱ་ཅི་ཞིག་ཡོད། དེའི་ཕྱིར་སློབ་གྲྭ་ཡིན་ཡང་ཆོག དེ་མིན་གཞན་པ་ཚང་མས་སློབ་གསོའི་ནུས་པ་ཇེ་ལེགས་སུ་གཏོང་རྒྱུ་དང་། ཆུང་དུས་སུ་ན་གཞོན་ཚོ་ལ་གུས་བཀུར་དང་། སྙིང་བརྩེའི་འདུ་ཤེས་ཀྱིས་དུས་ནམ་ཡིན་ཡང་། ཁོ་ཚོར་གཞན་ཕན་བསྒྲུབ་པར་དགའ་བའི་འདུ་ཤེས་ཤིག་གསོ་སྐྱོང༌བྱ་དགོས་པ་མ་ཟད། བྱམས་སྙིང་རྗེའི་ཀུན་སློང་ལ་བརྟེན་ནས་ཡོད་ཚད་དགེ་ལས་ཀྱི་ཕྱོགས་སུ་བསྒྱུར་དགོས། དེ་རིང་སྤྱི་ཕན་དགེ་ལས་བགྲོ་གླེང་གི་རྒྱབ་ལྗོངས་ནི་ཆེས་ཆེ་བའི་ ༼ དགེ ་༽ ཞེས་པའི་ཡིག་འབྲུ་འདི་རེད། གལ་ཏེ། མི་རེ་རེ་བཞིན་ཆུང་དུས་སུ་དགེ་སེམས་ཞིག་ཡོད་པ་ཡིན་ན། ཁྲིམས་དང་འགལ་བའི་དོན་དག་མང་པོ་བཟོ་མི་སྲིད། དེའི་སྟབས་ཀྱིས་དེང་སང་གི་སྤྱི་ཚོགས་ལ་ཆེས་མཁོ་བ་ནི། ཕྱི་རོལ་གྱི་དངོས་པོ་དང་ཤོག་དངུལ་ཁོ་ན་མ་ཡིན་པར། ནང་སེམས་ཀྱི་ཀུན་སློང་དང་ཀུན་སྤྱོད་བཟང་པོ་དེ་ཡིན། ཀུན་ཀྱིས་མཁྱེན་གསལ་ལྟར། དུས་རབས་ཉི་ཤུ་བའི་མཇུག་དང་དུས་རབས་ཉེར་གཅིག་གི་དུས་མགོར། མིའི་རིགས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྔར་བྱུང་མ་མྱོང་བའི་ཚད་མཐོན་པོར་སླེབས་པ་རེད། ཡིན་ནའང་། མི་རྣམས་ལ་ཆོག་ཤེས་མེད་པར། མི་ཆོས་ཀུན་སྤྱོད་ཉིན་རེ་ནས་ཉིན་རེར་མར་འགྲིབ་པ་དང་། ནང་སེམས་ཀྱི་སྐྱོ་ངལ་བར་མ་ཆད་པར་ཇེ་ཆེ་རུ་འགྱུར་བཞིན་ཡོད་པ་རེད། དེའི་སྟེང་རང་བྱུང་གནོད་འཚེ་བསྟུད་མར་བྱུང་དང་འབྱུང་བཞིན་ཡོད། དེའི་ཕྱིར་ན། སེམས་ལ་དགེ་བའི་འདུ་ཤེས་མེད་ན། ཕྱི་རོལ་གྱི་དངོས་པོ་ཆེས་ཕུན་སུམ་ཚོགས་ཀྱང༌། དོན་དངོས་ཀྱི་བདེ་སྐྱིད་བག་ཕེབས་ནི་འཐོབ་མི་ཐུབ་པ་ཞིག་རེད། དེ་ཕྱིར། མི་རེ་རེས་རང་ཉིད་ཀྱི་བསམ་བློར་འགྱུར་བ་གཏོང་རྒྱུ་ནི་ཆེས་དོ་གལ་ཆེ་བ་ཞིག་རེད།
གསུམ། དགེ་ལས་བྱ་གཞག་དོ་དམ་ལམ་ལུགས་ལེགས་བཅོས་བྱེད་དགོས། གལ་ཏེ། ལས་ཁུངས་དང་སྲིད་གཞུང་གི་དཔལ་འབྱོར་བཀོལ་སྤྱོད་དག་ཁ་གསལ་གཏིང་གསལ་གྱི་ཚད་མི་མཐོ་བ་དང་། བེད་སྤྱོད་བྱེད་ཐབས་འཐུས་ཚང་མ་ཡིན་ན། སྤྱིའི་ཡིད་ཆེས་ཀྱི་སྟོབས་ཤུགས་ཤོར་ཏེ་དམངས་ཡོངས་ཀྱི་རྒྱབ་སྐྱོར་དང་ཁས་ལེན་འཐོབ་མི་སྲིད། དེ་ལྟར་ན། དགེ་ལས་ལས་རིགས་ཀྱི་དུས་ཚོད་ཀྱང་ཡུན་རིང་བོ་མི་ཐུབ་པར་མཇུག་དྲིལ་འགྲོ་བ་རེད། མདོར་ན། རྒྱ་ནག་དང༌། ཡང་ན་གཞན་པའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་གང་ཡིན་རུང༌། དགེ་ལས་ཀྱི་འདུ་ཤེས་དང་། ནུས་ཤུགས། བདག་གཉེར་ཐད་དར་རྒྱས་ཆེ་བའི་ནུབ་ཕྱོགས་རྒྱལ་ཁབ་དང་བསྡུར་ན། གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་རེད། དེ་བས། ང་ཚོས་རྗེས་སོར་སེམས་གཏད་ནས་དགེ་ལས་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་རྒྱུ་ནི། ཤེས་ལྡན་མི་སྣ་རེ་རེས་བསམ་བློ་མི་གཏོང་ཐབས་མེད་ཀྱི་དོན་གནད་ཅིག་རེད། མཇུག་མཐར། ང་ཚོས་བརྩེ་སེམས་སམ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ཏེ། འགྲོ་བ་མིའི་རིགས་སམ་སེམས་ཅན་ཐམས་ཅད་ལ་ཕན་བདེ་འོང་བའི་ཤིས་སྨོན་བཅས། ཐུགས་རྗེ་ཆེ།
མདོ་འཛིན་པས།
ཡང་བསྐྱར་མཁན་པོ་ཚང་ལ་ཐུགས་རྗེ་ཆེ་ཞུ། དེ་དང་ཆབས་ཅིག་ཏུ་གྲོགས་པོ་རྣམ་པ་ཆིན་ཧྭ་ཚན་རྩལ་གླིང་དུ་ཕེབས་པར་བཀའ་དྲིན་ཆེ། དོ་ནུབ་ཀྱི་འཆད་ཁྲིད་འདི་ནས་མཇུག་རྫོགས་པ་ཡིན། ཚང་མར་བཀའ་དྲིན་ཆེ།
༼དཀོན་མཆོག་ནོར་འཛིན་གྱིས་བསྒྱུར།༽
མུར་འགོད།

日期: 2012-08-15

来自: ཨ་མའི་གླེབས་རིལ།

主题: ཆོས་སྲིད་ཟུང་འཇུག

༆ ། ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་ལས། ༢༽
ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།

འདི་བཤད་པ་ལ་གསུམ་སྟེ། ཆོས་སྲིད་ཟུང་འཇུག་བཤད་པ་དང་། ཆོས་སྲིད་ཁ་བྲལ་བཤད་པ་དང་། དེ་གཉིས་ཀྱི་དོན་ལ་དཔྱད་པའོ། དང་པོ་ལ་འཛམ་གླིང་ནུབ་ཕྱོགས་སུ་གཙོ་བོར་གྲགས་པའི་ཆོས་སྲིད་ཟུང་འཇུག་དང་། བོད་བཙན་པོའི་དུས་ཀྱི་ཆོས་སྲིད་ཟུང་འཇུག་གི་ངོ་བོ་ངོས་གཟུང་བའོ། །

དང་པོ་ནི། དེང་སང་འཛམ་གླིང་ཡོངས་ལ་གྲགས་པའི་ཆོས་སྲིད་ཟུང་འཇུག་ཅེས་པ་ནི། ཆབ་སྲིད་ཀྱི་དབང་ཆ་དང་ཡེ་ཤུ་ཆོས་ལུགས་ཀྱི་ཆོས་ཚོགས་ལྟ་བུའི་ཆོས་ལུགས་སྒྲིགས་འཛུགས་ཀྱི་དབང་ཆ་གཉིས་པོ་མི་གཅིག་གིས་བཟུང་བ་སྟེ། ཆབ་སྲིད་ཀྱི་གཙོ་འཛིན་གྱིས་ཆོས་ལུགས་ཀྱི་གཙོ་འཛིན་ཡང་བྱེད་པའམ་ཆོས་ལུགས་ཀྱི་གཙོ་འཛིན་གྱིས་ཆབ་སྲིད་ཀྱི་གཙོ་འཛིན་ཡང་བྱེད་པའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ལ་བྱ་སྟེ། ཐ་སྙད་འདི་དེང་སང་ཚད་ལྡན་དུ་བརྩི་བའི་ཚིག་མཛོད་སོགས་དཔེ་ཆ་མང་པོ་ལས་དེ་ལྟར་ངོས་འཛིན་བྱེད་པར་སྣང་སྟེ། དེ་ཡང་ཨོ་ཁུ་སུ་ཧྥོད་ཚིག་མཛོད་ལས། (Oxford Dictionary,牛津字典)སྲིད་གཞུང་འདིས་འཇིག་རྟེན་བྱེད་པོའམ་ལྷ་དེ་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་མི་དམངས་ཀྱི་དབང་སྒྱུར་པ་པོར་ཁས་ལེན་པར་བྱེད་དེ། རྒྱལ་ཁབ་དེ་ཐད་ཀར་ལྷའི་ནུས་པའམ་ལྷས་ཁྲིད་སྟོན་བྱ་བའི་དཔོན་པོས་སྣ་ཁྲིད་བྱེད་པར་འདོད་པའོ། །

(Theo-cracy)ཞེས་པའི་ཧེ་ལིན་གྱི་ཡི་གེའི་ནང་དོན་ཡང་། ལྷས་དབང་བསྒྱུར་བྱ་བ་ཞེས་པའི་དོན་ཡིན། དད་ལྡན་རྣམས་ལ་མཚོན་ན། བྱེད་པ་པོའི་ལྷའམ་ཆོས་ལུགས་ལས་ཁུངས་ཏེ། ཆོས་ཚོགས་ལྟ་བུ་ཞིག་གིས་སྤྱི་དམངས་སྲིད་གཞུང་གི་གོ་གནས་ཀྱི་ཚབ་བྱས་ནས་མིའི་འཇིག་རྟེན་ལ་དབང་སྒྱུར་བའི་སྲིད་གཞུང་སྟེ། ལྷ་དབང་སྲིད་གཞུང་གིས་ལག་ལེན་དུ་བསྟར་བ་ནི་འཇིག་རྟེན་བྱེད་པ་པོས་ལྷ་ཆེམས་ལས་བཤད་པའི་ཁྲིམས་ལུགས་དག་གོ །

ཞེས་སྨྲས་ཏེ། འདི་ལ་ལྷ་དབང་ཆབ་སྲིད་ཅེས་ཀྱང་གྲགས་སོ། །

ཡང་ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད་ཀྱི་རྣམ་པ་ཅུང་ཟད་མི་འདྲ་བ་གཞན་ཞིག་ནི། དབྱིན་ཇིའི་ཤེས་བྱ་ཀུན་འདུས་ལས།

(Encyclopedia Bri tannica Online,大英百科全书电子版)ཆབ་སྲིད་ཀྱི་མ་ལག་འདིའི་ནང་དུ་རྒྱལ་ཁབ་ཀྱི་མགོ་ཁྲིད་དེ་ཆོས་ཚོགས་ཀྱི་མགོ་གཙོ་དང་ཆོས་ལུགས་ཀྱི་བྱ་བའི་ནང་གི་ཆེས་མཐོ་བའི་ཁྲུན་གཅོད་པའང་ཡིན། ཐ་སྙད་འདི་རོམ་བཙན་རྒྱལ་གྱི་མཇུག་གི་དུས་སམ་པེལ་ཟན་ཐེམ་(Byzan tium,拜占庭)རྒྱལ་རབས་ཀྱི་ལོ་རྒྱུས་ནང་དུ་རྟག་པར་འབྱུང་། དེང་རབས་ཀྱི་ལོ་རྒྱུས་རིག་པ་པ་ཕལ་ཆེ་བས་པེལ་ཟན་ཐེམ་གྱི་ཁྲིམས་ལུགས་ཡིག་ཆའི་ནང་དུ་བྲིས་ཡོད་པ་དེ་རྒྱལ་པོའི་བརྒྱུད་པ་དང་ཆོས་ལུགས་ལས་ཁུངས་ཕན་ཚུན་བརྟེན་ནས་གནས་པའི་འབྲེལ་བ་ཡིན་གྱི། ཆོས་ལུགས་ལས་ཁུངས་ཁོ་ན་རྒྱལ་པོའི་བརྒྱུད་པ་ལ་བརྟེན་ནས་གནས་པ་མིན་པར་འདོད། ལོ་རྒྱུས་རིག་པ་པ་རྣམས་ཀྱིས་པེལ་ཟན་ཐེམ་གྱིས་ཡེ་ཤུ་ཆོས་ལུགས་ཀྱི་དད་པའི་ཐད་ལ། རྒྱལ་པོ་ལ་ཡོད་པའི་མི་ནུབ་པའི་དབང་ཆ་དང་ཡེ་ཤུ་ཆོས་དཔོན་ལ་ཡོད་པའི་ལྷས་གནང་བའི་དབང་ཆ་དག་ཁས་མི་ལེན་པར་འདོད་དོ། །

ཞེས་ཟེར་ཏེ། རྒྱལ་པོ་ལ་ཡོད་པའི་མི་ནུབ་པའི་དབང་ཆ་ཞེས་པ་དང་ཆོས་དཔོན་ལ་ཡོད་པའི་ལྷས་གནང་བའི་དབང་ཆ་ཞེས་པའི་དོན་ནི། གོང་དུ་བཤད་པའི་ལྷ་དབང་ཆབ་སྲིད་ཀྱི་སྐབས་སུ་བྱུང་བའི་རྒྱལ་པོ་རྣམས་ལྷའི་སྐུ་ཚབ་ལྟ་བུར་བྱས་ནས་ཁོང་རྣམས་ལ་འཇིག་རྟེན་བྱེད་པ་པོའི་ལྷས་གནང་བའི་དབང་ཆ་དམིགས་བསལ་བ་ཡོད་པར་འདོད་པ་དེ་ཡིན་ལ། ཆོས་དཔོན་ལ་ལྷས་གནང་བའི་དབང་ཆ་ཞེས་པའང་དེའོ། །

ཨོ་ཁུ་སུ་ཧྥོད་ཡེ་ཤུ་ཆོས་ལུགས་ཀྱི་བསྡུས་གསལ་དག་ཡིག་ལས། (The Concise Oxford Dictionary of The Christian Church ,牛津基督教简明字典)ལྟོས་མེད་ཀྱི་དབང་ཆ་ལོངས་སུ་སྤྱད་དུ་ཡོད་པའི་རྒྱལ་པོའི་རྒྱུད་པ་དེར་ཁོའི་མངའ་ཁུངས་ཀྱི་ཆོས་ཚོགས་ནང་དུའང་བླ་ན་མེད་པའི་ཚོད་འཛིན་གྱི་དབང་ཆ་ཡོད་པ་སྟེ། དབང་ཆ་བཀོལ་སྤྱོད་ཀྱི་རྒྱ་ཁྱོན་དེ་ཐ་ན་ནམ་རྒྱུན་ཆོས་ཚོགས་རང་གིས་བསྒྲུབ་པར་བྱ་བའི་བདག་གཉེར་ཡན་ཆད་ལ་ཁྱབ་པ་ཞིག་གོ །

ཐ་སྙད་འདི་ཆེས་རྒྱུན་པར་མཐོང་བ་ནི་པེལ་ཟན་ཐེམ་དུས་རབས་ཀྱི་རྒྱལ་པོ་དག་གིས་ཆོས་ལུགས་ལས་ཁུངས་ལ་དབང་བྱེད་པའི་བཤད་པ་དག་ལས་སོ། །

ཞེས་སྨྲས་ཏེ། ལྟོས་མེད་ཀྱི་དབང་ཆ་ཞེས་པ་ནི་སུ་ལའང་ལྟོས་མི་དགོས་པའི་དབང་ཆ་རང་རྐྱ་ཐུབ་པའོ། །

ཡང་དེ་ཉིད་ལས། སྲིད་གཞུང་གི་ཁེ་དབང་དང་ཆོས་ཚོགས་ཀྱི་རྣམ་ཤེས་ཕྱོགས་ཀྱི་དབང་ཆ་ཟུང་དུ་འབྲེལ་བའམ་ཆོས་ཚོགས་ལས་མཐོ་བའམ་དེའི་གོང་ན་གནས་པའི་འདུ་ཤེས་ཤིག་སྟེ། ཁྱད་པར་དུ་དེ་གཉིས་ཀྱི་འབྲེལ་བ་ལ་མཚོན་ན། ཆེས་རྩེར་སོན་པའི་སྐབས་ཀྱི་རྣམ་པ་དེ་ནི་ཆབ་སྲིད་ཀྱི་རིག་པ་ཞིག་ཡིན་པར་མངོན་ཅིང་། རྒྱལ་ཁབ་ཀྱི་གཙོ་འཛིན་གནའ་རབས་ཡོ་རོབ་ཀྱི་རྒྱལ་པོ་ལྟ་བུ་དེ་དག་ཆོས་ཚོགས་ཀྱི་ཆེས་མཐོ་བའི་གཙོ་འཛིན་ཡང་ཡིན་པ་སྟེ། རྣམ་པ་འདི་ནི་ལྷ་དབང་ཆབ་སྲིད་ཀྱི་ལྡོག་ཕྱོགས་སུ་གནས་པའོ། ། ཞེས་སོ། །

ཆོས་ཚོགས་ཀྱི་རྣམ་ཤེས་ཕྱོགས་ཀྱི་དབང་ཆ་ཞེས་པ་ནི་མི་སེམས་ལ་དབང་སྒྱུར་བ་འདི་ཆོས་ཕྱོགས་ཀྱི་དབང་ཆ་ཡིན་པར་སྟོན་པའོ། །

ལྷ་དབང་ཆབ་སྲིད་ཀྱི་ལྡོག་ཕྱོགས་སུ་གནས་པ་ཞེས་པ་ནི། ལུགས་འདི་རྒྱལ་པོ་ལ་ལྷས་བྱིན་པའི་དབང་ཆ་ཡོད་པར་མི་འདོད་པ་ཡིན། དེས་ན་ལྷ་དབང་ཆབ་སྲིད་དང་འདི་གཉིས་ཀའང་ཆོས་སྲིད་ཟུང་འཇུག་གི་ཆབ་སྲིད་ལམ་ལུགས་ཡིན་པ་ལ་ཁྱད་པར་མེད་ཀྱང་། ལྷ་དབང་ཆབ་སྲིད་ཀྱི་ལྷས་བྱིན་པའི་དབང་ཆ་གཙོ་བོར་བྱས་ནས་དབང་སྒྱུར་པ་དང་། འདིས་མི་གཅིག་གིས་ཆོས་སྲིད་གཉིས་ཀ་ལ་དབང་སྒྱུར་ཆོག་པའི་མིའི་དབང་ཆ་གཙོ་བོ་བྱས་ཏེ་དབང་སྒྱུར་བ་ཡིན་པར་མངོན་ནོ། །

ཀྲུང་གོའི་ཤེས་བྱ་ཀུན་འདུས་ཆེན་མོ་ལས། ཆོས་སྲིད་ཟུང་འཇུག་ཞེས་པ་དེ་ཆབ་སྲིད་ཀྱི་དབང་ཆ་དང་ལྷའི་དབང་ཆ་གཉིས་གཅིག་ཏུ་བྱས་པའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་སྟེ། འདིའི་རྩ་བའི་ཁྱད་ཆོས་ནི། རྒྱལ་ཁབ་ཀྱི་མགོ་གཙོ་དང་ཆོས་ལུགས་ཀྱི་གཙོ་འཛིན་གཉིས་མི་གཅིག་གིས་བྱེད་ཅིང་ཆབ་སྲིད་ཀྱི་དབང་ཆ་དང་ཆོས་ཀྱི་དབང་ཆ་གཉིས་མི་གཅིག་གིས་འཛིན་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་ཀྱི་གཞི་རྩ་ཆོས་ལ་བྱས་ཏེ། ཆོས་ཀྱི་ནང་དོན་དེ་དམངས་ཁྲོད་ཀྱི་དོན་ཐམས་ཅད་ཐག་གཅོད་བྱེད་པའི་ཚད་གཞིར་བྱེད་པ་དང་། སྤྱིར་བཏང་མི་ཐམས་ཅད་ལ་ཕྱོགས་རིས་པའི་ཆོས་ལུགས་གཅིག་ལ་དད་ཞེན་དྲག་པོ་ཡོད་པ་བཅས་ཡིན་ཞེས་ཟེར་རོ། །

ཆབ་སྲིད་ཀྱི་ལམ་ལུགས་འདི་དག་ནི་ཡོ་རོབ་ལོ་རྒྱུས་ཀྱི་ཐོག་གི་དུས་རབས་དཀྱིལ་མ་ཞེས་པ་ཧ་ལམ་ཕྱི་ལོ་༤༧༦ནས་༡༤༥༣བར་གྱི་ལོ་སྟོང་ལ་ཉེ་བ་ཙམ་གྱི་རིང་ལ་བྱུང་བ་དག་ཡིན་ལ།

ཕྱིས་སུ་བྱུང་བའི་ཡོ་རོབ་དང་ཨ་རིའི་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་དུས་སྐབས་འདི་ལ་མུན་པའི་དུས་སྐབས་ཞེས་ཀྱང་སྨྲ་བར་འདུག་སྟེ། འདིའི་རིང་ལ་ཆོས་ལུགས་ལ་བརྟེན་ནས་བྱུང་བའི་གཡུལ་འགྱེད་མང་པོ་དང་ནད་ཡམས་མང་པོ་བྱུང་ནས་ཡོ་རོབ་ཀྱི་མི་རྣམས་ཀྱིས་དཀའ་སྡུག་མང་པོ་མྱང་དགོས་བྱུང་བས་དེ་སྐད་དུ་བརྗོད་པ་ཡིན་འདུག་གོ །

མུར་འགོད།

日期: 2012-08-08

来自: ཨ་མའི་གླེབས་རིལ།

主题: ཆོས་སྲིད་ཟུང་འཇུག

༆ ། ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་ཞེས་བྱ་བ་
བཞུགས་སོ། །
ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།
བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།
སའི་གོ་ལའི་ཐོག་འདིར་མིའི་འགྲོ་བ་ཆགས་པ་ནས་བཟུང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་སོགས་ཉོན་མོངས་པའི་བསམ་པ་མང་པོ་ཞིག་ལྷན་སྐྱེས་སུ་བྱུང་། དེ་རྣམས་མཐུ་བརྟས་པ་ལས་རིགས་མཐུན་ནམ་རིགས་མི་མཐུན་པའི་ནང་ཕན་ཚུན་དུ་དྲག་ཞན་དང་མཐོ་དམན་དང་ཕྱོགས་རིས་སོགས་འདྲ་མཉམ་མ་ཡིན་པའི་བྱ་བ་སྣ་ཚོགས་པ་ཞིག་མགོ་འབུས་པ་ནས་སྨིན་པ་དང་དར་བར་གྱུར། དེ་དག་ཀྱང་ཡོངས་སུ་མཐུ་བརྟས་པ་ལས་རྩོད་པ་དང་འཐབ་པ་དང་གཡུལ་འགྱེད་པ་དང་ནོར་འཕྲོག་པ་དང་བྲན་དུ་བཀོལ་བ་དང་རྫུན་གྱིས་བསླུ་བ་སོགས་ཀྱི་བྱ་བ་རྒྱ་ཆེ་ཞིང་རྒྱུན་རིང་བ་གྲངས་མེད་པ་ཞིག་བྱུང་སྟེ། དེའི་ཆ་ནས་གླེང་ན་མིའི་རིགས་ཀྱི་ལོ་རྒྱུས་དེ་འཐབ་རྩོད་ཀྱི་ལོ་རྒྱུས་ཤིག་ཡིན་ཞེས་བརྗོད་ན་མི་འཐད་པ་ཅི་ཡང་མེད་པ་ལྟ་བུ་ཞིག་ཡིན། དེ་དག་གི་མཇུག་འབྲས་སུ་ནད་ཡམས་འཇིགས་སུ་རུང་བ་མཆེད་ནས་མི་ཕལ་མོ་ཆེ་ཁ་དག་པ་དང་། མུ་གེ་ཆེན་པོ་བྱུང་ནས་མིའི་ཤ་ཡང་གཞན་གྱི་ལག་ནས་ཉོས་ཏེ་བཟའ་དགོས་པའི་དུས་ལ་ཐུག་པ་སོགས་སྡུག་བསྔལ་གྱི་རྣམ་གྲངས་བརྗོད་ཀྱིས་མི་ལངས་པ་གཅིག་རྗེས་གཉིས་མཐུད་དུ་བྱུང་སྟེ། ནད་མུག་འཁྲུག་རྩོད་འདི་རྣམས་ཀྱི་ཕྱོགས་ནས་བརྗོད་ན་མིའི་རིགས་ཀྱི་ལོ་རྒྱུས་དེ་སྡུག་བསྔལ་གྱི་ལོ་རྒྱུས་རིང་མོ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་ལྟ་བུར་ཡོད་དོ། །

དེའི་ཕྱིར་སྡུག་བསྔལ་དེ་དག་བསལ་བའི་ཆེད་དུ་མི་ཁྲི་འབུམ་དུ་མས་ལོ་ཁྲི་ཁྲག་མང་པོའི་བར་དུ་བསམ་བློ་བཏང་ཞིང་བཙལ་བས་ཐབས་གཉིས་རྙེད་དེ། གཅིག་ནི་རེ་ཞིག་ལུས་དང་ངག་གི་ངན་སྤྱོད་ཅི་རིགས་པ་ཞིག་ལ་ཚོད་འཛིན་ཕྱོགས་རེ་བ་ཞིག་བྱས་ཏེ་གནས་སྐབས་བདེ་འཇགས་ཀྱི་ངང་དུ་གནས་པར་བྱེད་པའི་ཐབས་ཏེ། འཇིག་རྟེན་མི་ཆོས་ཞེས་བྱ་བ་དེ་ཡིན། གཅིག་ནི་ལུས་ངག་ཡིད་གསུམ་གྱི་ངན་སྤྱོད་ཐམས་ཅད་བསྡམས་ནས་མི་ཡུལ་ཞི་བདེའི་ངང་དུ་གནས་པར་བྱེད་པའི་ཐབས་ཏེ་ལྷ་ཆོས་ཞེས་བྱའོ། །

འདི་གཉིས་གཅིག་གི་གྲོགས་སུ་གཅིག་འགྲོ་བའི་འབྲེལ་བ་ཅན་ཡིན་པའམ་གཅིག་གི་གཤེད་དུ་གཅིག་ལངས་པའི་འགལ་བ་ཅན་གང་ཡིན་གྱི་ཐད་ལ་ཅ་ཅོ་སྣ་ཚོགས་འདོན་པར་སྣང་ཡང་མང་པོ་ཞིག་གིས་དབྱེ་འབྱེད་བྱེད་མ་ཤེས་པའི་དབང་གིས་བློ་རབ་ཏུ་འཁྲིགས་པར་འདུག་པས་འདི་ལ་རང་གི་བསམ་ཚུལ་ཞིག་བརྗོད་པར་འདོད་དོ། །

མུར་འགོད།

日期: 2012-08-07

来自: ཨ་མའི་གླེབས་རིལ།

主题: ལུགས་གཉིས་འབྱེད་པའི་ཀེ་ཏ་ཀ

༆ ། ལུགས་གཉིས་འབྱེད་པའི་ཀེ་ཏ་ཀ་བཞུགས་སོ། ། ༧༽
དཔལ་སྤྲུལ་རིན་པོ་ཆེ་ནས།
དེ་ལྟར་རང་གཞན་གྱི་བྱ་བ་བྱེད་ཚད་ཐམས་ཅད་ལ་བསམ་པ་ཕན་སེམས་དྲང་པོ་ཞིག་ཡོད་ན་རང་གཞན་གྱི་དོན་ཐམས་ཅད་འགྲུབ། ཚེ་འདིར་དཀར་ཕྱོགས་ཀྱི་སྲུང་མ་རྣམས་ཀྱིས་སྲུང་སྐྱོབ་མཛད་དེ་ཁ་རྗེ་རླུང་རྟ་དར། མི་ཐམས་ཅད་ཀྱིས་བྱམས་ཤིང་བཀུར་བསྟི་བྱེད། ཚེ་ཕྱི་མའི་ཆོས་ཀྱང་རང་བཞིན་ཤུགས་ཀྱིས་འགྲུབ་ཡོང་བས། བསམ་པ་བཟང་པོ་འདི་དང་མི་འབྲལ་བ་ནི་ཤིན་ཏུ་གལ་ཆེ་བ་ཡིན། བསམ་པ་གཞན་ལ་གནག་ན་སྦྱོར་བ་རང་ལ་རྩུབ་ཟེར་བ་རེད། ཕན་སེམས་དེའང་རང་ལ་ཕན་བཏགས་མིན་དང་ཆ་རྒྱུས་ཡོད་མེད་ལ་མ་ལྟོས་པར་མཐོ་དམན་བཟང་ངན་བར་མ་ཡོངས་ལ་ཕན་འདོགས་པའི་བསམ་པ་བཟང་པོ་ཞིག་ཡོད་དགོས་པ་རེད་མ་གཏོགས། རང་གི་གཉེན་གྲོགས་དགའ་མཐུན་བུ་ཚ་ཆུང་མ་ཚོ་ལ་གཅེས་འཛིན་བརྩེ་སེམས་འཆང་བ་ཙམ་ལ་ཟེར་བ་མ་རེད། དེ་དང་ལྔ་ཡིན། དེ་ལྔ་ཀ་ཚང་ན་གཞན་ཅི་ཡང་མེད་རུང་མིའི་དམ་པ་མཆོག་ཏུ་གྱུར་པ་ཞིག་ཡིན་ནོ། །

ཞེས་ཟེར། ཡང་གཞོན་ནུ་བློ་ལྡན་གྱིས། དེ་ལྟར་བསླབ་བྱ་ཐམས་ཅད་ཤེས་ཀྱང་ལག་ལེན་ལ་མི་ཐེབས་ཏེ། དེང་སང་སྐྱེ་བོ་ཕལ་མོ་ཆེས་ཁ་ནས་བཤད་ཚུལ་ལ་བལྟས་ན་མི་ཡ་རབས་མཁས་པ་ཞིག་མ་ཡིན་པ་མེད་པ་ལྟ་བུ་དང་། ལག་གི་བྱ་སྤྱོད་ལ་བལྟས་ན་མ་རབས་ཁོ་ན་མ་གཏོགས་མེད་པ་ལྟ་བུ་ཞིག་འདུག་པས་དེ་ཚོ་ཅིའི་ལན་པ་རེད་གསུང་བར་ཞུ་ཟེར་བ་ལ། རྒན་པོས། འོ་གཞོན་ནུ་བློ་ལྡན་ཁྱོད་ཀྱིས་ལེགས་པར་ཉན་ཏེ་སེམས་ལ་ཞོག་དང་། ད་དེང་སང་གི་སྐྱེ་བོ་ཐམས་ཅད་ཀྱིས་ཤེས་རུང་ལག་ལེན་ལ་མི་ཐེབས་པ་ནི་རང་འདོད་ཉོན་མོངས་པའི་དབང་དུ་ཤོར་བས་ལན་པ་རེད། ཟུར་ནས་བལྟས་ན་གླེན་པ་མཁས།། ལག་ཏུ་བཞག་ན་གཅིག་མི་ཤེས།། ཟེར་བ་ལྟར་རེད། དེས་ན་རང་རྒྱུད་འདི་ཉོན་མོངས་པའི་དབང་དུ་གཏོང་མི་རུང་། འདོད་ཆགས་ཀྱི་དབང་དུ་སོང་ན་གཞན་གྱི་ནོར་རྫས་བརྐུ་བ། ལྐོག་ཟས་ཟ་བ། བུད་མེད་འཕྲོག་ཅིང་ཉེས་གྱོད་འཁྱེར་བ། ལྷ་རྟེན་བཤིག་ཅིང་གྲོགས་པོ་བསླུ་བ། སྲོག་གཅོད་པ་སོགས་བྱེད་ཡོང་། ཞེ་སྡང་གི་དབང་དུ་སོང་ན་ཕ་མ་སོགས་ལ་བརྡུང་བརྡེག་ཚིག་ངན། གྲོགས་ལ་མཁོན་འཛིན་སྐྱོན་བརྗོད། སུ་དང་སུ་ལའང་འཛིང་རྩོད་བསད་བརྡུང་སོགས་ཀྱིས་རང་གཞན་ཚང་མ་སྡུག་ལ་སྦྱོར་ཡོང་། ང་རྒྱལ་གྱི་དབང་དུ་སོང་ན་རང་མཐོང་ཁེངས་སེམས་ཀྱིས་རྒྱུད་སྦོས་ཏེ་གཞན་ལ་བརྙས་བཅོས་ངན་བཤད་འཕྱ་སྨོད་དམན་སྡང་སོགས་བྱེད་ཡོང་། ཕྲག་དོག་གི་དབང་དུ་སོང་ན་གོང་མ་རྣམས་ལ་སྐུར་འདེབས་ངན་སྨྲས། རང་མཉམ་རྣམས་ལ་འགྲན་སེམས་ཟུར་ཟ། གཞན་གྱི་སྟོབས་འབྱོར་མངའ་ཐང་སོགས་ལ་མི་དགའ་བར་བྱེད་ཡོང་། སེར་སྣའི་དབང་དུ་སོང་ན་རང་ལ་ནོར་རྫས་ཇི་ཙམ་ཡོད་ཀྱང་ཡར་མཆོད་མར་སྦྱིན་མི་བྲ། ཕན་ཐོགས་གཡར་སྐྱི་མི་བྲ། ཆོག་དུས་འགྲིགས་དུས་མི་འོང་། ཐ་ན་རང་གི་ལྟོ་རྒྱབ་ལེགས་པོ་ཞིག་གི་བེད་གཅོད་ཙམ་མི་བྲ་བ་བསེ་རག་དངོས་ཡིན། གཏི་མུག་གི་དབང་དུ་སོང་ན་དགེ་བསྒྲུབ་སྡིག་སྤོང་། བྱ་བ་ལེགས་ཉེས། མིའི་བཟང་ངན་བླང་དོར་གང་ཡང་མི་ཤེས་པར་ཐོམ་ཡོ་རེ་བ་དེ་ཡིན། དེ་ལྟར་ཉོན་མོངས་དུག་ལྔ་སེར་སྣ་དང་དྲུག་འདིས་འདི་ཕྱི་གཉིས་ཀྱི་སྡུག་བསྔལ་མི་འདོད་པ་ཐམས་ཅད་ཀྱི་སྣ་འདྲེན་ཡོང་བས་ན། ཆོས་དང་འཇིག་རྟེན་གཉིས་ཀའི་བྱ་བ་ཉེས་འགྲོ་བའི་རྐྱེན་རྩ་ཉོན་མོངས་པ་རང་འདོད་འདིས་གང་བསམ་བསམ་བསྒྲུབ་ནས་རང་ཚུག་མ་ཟིན་པའི་ལན་པ་ཡིན་པས། ད་ནི་འདི་ཕྱིའི་བདེ་སྐྱིད་ལ་ལོངས་སྤྱོད་འདོད་ཡོད་པ་ཚོས་གདོང་ཕར་ཕྱོགས་ནས་གཞན་གྱི་བཟང་ངན་ཡིན་མིན་ཞིག་ཤོད་ཀྱིན་མི་སྡོད་པར། ཚུར་རང་གི་གདོང་པར་ལྟོས་ལ་དུས་རྒྱུན་དུ་རང་སེམས་འདི་རང་གིས་བརྟག རང་རྒྱུད་འདི་རང་གིས་འཆོས། རང་གིས་རང་ལམ་ལ་ཞོག་དང་། ཆོས་དང་འཇིག་རྟེན་གཉིས་ཀའི་བསྒྲུབ་ཐབས་ཐམས་ཅད་དེ་ལ་འདུས་ནས་ཡོད་དོ། །

ཨེ་གོ་བུ་བློ་དང་ལྡན་པ་ད་དུང་ཅུང་ཟད་ཉོན་དང་། ནོར་ནི་ཁེ་ཉེན་ཆེ་བའི་རྒྱུ།། མཆོད་སྦྱིན་བསོད་ནམས་སྙིང་པོ་ལོངས།། མི་ལུས་རྙེད་དཀའ་ད་རེས་ཙམ།། བསྙེན་གནས་དགེ་བསྙེན་ཚུལ་ཁྲིམས་བསྲུང་།། ཞེ་སྡང་དམྱལ་བར་སྐྱེ་བའི་རྒྱུ།། གང་ལ་བཟོད་པའི་གོ་ཆ་གྱོན།། ལེ་ལོས་འདི་ཕྱིའི་དོན་མི་འགྲུབ།། བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་བསྟེན།། རྣམ་གཡེང་ཅན་གྱིས་མི་ཚེ་འདས།། དོན་ཆེན་དགེ་ལ་རྩེ་གཅིག་གཞོལ།། ལུགས་གཉིས་བྱ་བ་ཤེས་པ་ལ།། ཐོས་བསམ་སྒོམ་པའི་ཤེས་རབ་བསྟེན།། ང་རྒྱལ་ཅན་ལ་མགུ་དུས་མེད།། ཕྲག་དོག་ཅན་ལ་བདེ་དུས་མེད།། འདོད་ཆགས་ཅན་ལ་ཆོག་དུས་མེད།། ཞེ་སྡང་ཅན་ལ་མཐུན་དུས་མེད།། སེར་སྣ་ཅན་ལ་ཡོད་དུས་མེད།། གཏི་མུག་ཅན་ལ་འགྲུབ་དུས་མེད།། འཁྲུལ་བའི་སེམས་ལ་བདེ་དུས་མེད།། ཉོན་མོངས་ཆུང་ན་སྡུག་བསྔལ་ཆུང་།། ཉོན་མོངས་ཟད་དུས་སྡུག་བསྔལ་ཟད།། དེ་ཕྱིར་མི་འདོད་ཀུན་གྱི་གཞི།། ཉོན་མོངས་དགྲ་བོ་བཅོམ་ན་ལེགས།། ཞེས་ཟེར་ཏེ་དལ་གྱིས་ལངས་བྱུང་བ་ན། གཞོན་ནུ་བློ་ལྡན་དེ་སྙིང་ནས་ཡིད་ཆེས་དགའ་མགུ་ཡི་རང་སྟེ་རྒན་པོ་ལ་ཕྱག་དང་ཞེ་ས་བྱས་ནས་འདི་སྐད་ཅེས། ཀྱེ། བསྐལ་པ་བཟང་པོའི་སྐྱེས་བུ་དེ།། ལེགས་བཤད་ནོར་བུའི་གཏེར་དང་འདྲ།། དྲིན་ཆེན་ཕ་མ་རྒན་རབས་དེ།། ཡ་རབས་སྐྱེ་བོའི་སྙིང་དང་འདྲ།། བསླབ་བྱ་སྙིང་གི་བདུད་རྩི་འདི།། དེ་སྔོན་ཁོ་བོས་ཐོས་མ་མྱོང་།། དེ་རིང་མཁས་པ་རྒན་པོའི་དྲིན།། ད་ཕྲུག་ཕ་མའི་ཁ་ད་འདྲ།། ད་ནི་ཕ་དང་བུ་བཞིན་དུ།། ཡང་ཡང་ཞལ་ད་གནང་བར་ཞུ།། བཀའ་དྲིན་འཁོར་མེད་རིན་པོ་ཆེ།། དགྱེས་ཞལ་ཡང་ཡང་མཇལ་བར་སྨོན།། ཞེས་ཞུས་པས། རྒན་པོ་དགྱེས་ཤིང་བརྩེ་བའི་ཉམས་ཀྱིས། འོ་ཡ་ཡ། ཨ་བུ་བུ་ལོ། ཁྱོད་བདེ་བར་སྡོད་ཅིག་ཨ་ཟེར་ནས་དལ་གྱིས་བཞུད་སོང་ངོ་། ། ། །

日期: 2012-08-01

来自: ཨ་མའི་གླེབས་རིལ།

主题: ལུགས་གཉིས་འབྱེད་པའི་ཀེ་ཏ་ཀ

༆ ། ལུགས་གཉིས་འབྱེད་པའི་ཀེ་ཏ་ཀ་བཞུགས་སོ།། ༦༽
དཔལ་སྤྲུལ་རིན་པོ་ཆེ་ནས།
སྤྱིར་མིའི་བཟང་ངན་འདི་རང་གིས་ཞིབ་ཏུ་དཔྱད་ན་མ་གཏོགས་དེང་སང་ཕལ་ཆེར་ཞིག་གིས་ཡ་རབས་དམ་པའི་ལུགས་སྲོལ་དང་མཐུན་མི་མཐུན་མི་བརྟག་པར། རང་ལ་ཕན་ཐོགས་ཕྲན་བུ་རེ་དང་ངོ་འཛུམ་བསྟན་བྱུང་ན་བསྟོད་ཅིང་། རང་གི་བསམ་ཐོག་ཏུ་མ་བཏང་བ་སོགས་མི་དགའ་བ་རེ་བྱས་བྱུང་ན་ངན་སྨྲས་བྱེད་པ་དང་། གཞན་གྱི་མི་ཁའི་རྗེས་སུ་རྒྱུག་ནས་བསྟོད་སྨད་བྱེད་པ་ལ་ཉན་རྒྱུ་མེད། མཁས་པ་རང་གིས་དཔྱད་ཤེས་ཀྱིས།། བླུན་པོ་གྲགས་པའི་རྗེས་སུ་འབྲངས།། ཁྱི་རྒན་ཀུ་ཅོ་འདོན་པ་ན།། རྒྱུ་མཚན་མེད་པར་གཞན་དག་རྒྱུག། གསུང་པ་ལྟར། གཏམ་མི་ཁ་བརྒྱུད་ན་ཇེ་མང་། ཟས་མི་ལག་བརྒྱུད་ན་ཇེ་ཉུང་། ཟེར་བ་རེད། ལར་ནི། རང་དབང་ཐམས་ཅད་བདེ་བ་ཡིན།། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།། ཐུན་མོང་པ་ནི་རྩོད་པའི་གཞི།། དམ་བཅའ་བ་ནི་འཆོར་བའི་རྒྱུ།། ནོར་གྱི་མཆོག་ནི་ཆོག་ཤེས་ཡིན།། ཡོན་ཏན་མཆོག་ནི་ཕན་སེམས་ཡིན།། རྒྱན་གྱི་མཆོག་ནི་མཁས་པ་ཡིན།། གྲོགས་ཀྱི་མཆོག་ནི་མི་བསླུ་བ།། བདེ་བའི་མཆོག་ནི་སེམས་བསྐྱེད་པ།། ཞེས་གསུངས་པ་རེད། དེའང་ནོར་ཅན་བླུན་པོའི་ནང་དུའང་ཡོད། དཔའ་བོ་གཅན་གཟན་ཁྲོད་ནའང་ཡོད། རང་འདོད་ཙམ་དུད་འགྲོ་ཚོས་ཀྱང་བསྒྲུབ་ཤེས་མོད། མཁས་པ་ཡ་རབས་དེ་ནི་འཇིག་རྟེན་འདི་ན་དཀོན་ཟེར་བ་ཡིན་པས། སྐྱེ་བོ་ཡ་རབས་དམ་པའི་ལུགས་ལ་ཅི་ནས་སློབ་ཅིག རེམ་རེམ། ཞེས་ཟེར་བ་ན། གཞོན་ནུ་བློ་ལྡན་གྱིས། འོ་ལགས་སོ། ཁྱེད་ཀྱིས་བསླབ་བྱ་ཞིབ་ཏུ་གསུངས་པ་བཀའ་དྲིན་ཆེ། འོན་ཀྱང་དེ་འདྲ་མང་པོ་སེམས་ལ་མི་ཟིན་པས་དོན་མདོར་བསྡུས་ནས་བཤད་པར་ཞུ་ཟེར་བ་ལ། རྒན་པོས། འོ་ཡ་ཁྱོད་བདེན། ཉོན་དང་ངས་བཤད། ད་མི་ལུགས་ཐམས་ཅད་གཙོ་བོར་ཚུར་བསྡུ་ན། རྒྱུད་འཇམ་པ་དང་གཅིག བྱ་སྤྱོད་ཚོད་ཟིན་པ་དང་གཉིས། ཁོག་ཡངས་ཤིང་ཚུགས་བརྟན་པ་དང་གསུམ། བྱ་བ་ཀུན་ལ་ཐོག་མར་བརྟག་དཔྱད་མཁས་པ་བཞི། དེ་ཐམས་ཅད་ལ་ཕན་སེམས་དྲང་པོས་ཟིན་པ་དང་ལྔ་པོ་དེ་ལ་འདུས་ཡོད། དང་པོ་རྒྱུད་ཁོང་ཁྲོ་ཚིག་རྩུབ་ཅན་ཞིག་ཡིན་ན་མི་སུ་དང་ཡང་མི་མཐུན། ཕར་ལ་ཕན་ཐོགས་བྱས་རུང་ཚུར་ལ་བཅར་སྙིང་མི་འདོད། ཀུན་གྱིས་མཐོང་ས་འགྲོགས་ས་མེད་པ་ཡོང་བས་རྒྱུད་འཇམ་དགོས། རྒྱུད་འཇམ་ཟེར་བ་དེ་མི་ཐམས་ཅད་ལ་ཁོང་ཁྲོ་ཚིག་རྩུབ་མེད་པར་རྒྱུད་འཇམ་ལྷོད་དེ་ཡོད་པ་ཞིག་ལ་ཟེར་བ་རེད་མ་གཏོགས་གླ་ལྤགས་འདྲ་བའི་གར་འཐེན་ས་ནས་ནུར་འགྲོ་བ། སྦྲང་རྩི་འདྲ་བ་གར་ཐུག་ས་རུ་འགོས་འགྲོ་བ་ཞིག་ལ་ཟེར་བ་མ་རེད། དེ་གཅིག་ཡིན། བྱ་བ་མང་ཞིང་རང་ཚོད་མ་ཟིན་ན་ཁེ་ཉེན་ཆེ་ཞིང་། སྐབས་རེ་ལེགས་རུང་སྐབས་རེ་བརླག མིས་འཕྱ་གཞི་ཞིག་ལས་མི་ཡོང་བས། གྲོགས་དང་བྱ་བ་རང་ཚོད་གཅིག་གི་ཐོག་ནས་བློ་སྣ་འགྱུར་ལྡོག་མི་མང་བར་བྱ་བྱེད་ཐམས་ཅད་ཚོད་ཟིན་དགོས། བྱ་བ་རང་ཚོད་ཟིན་ཟེར་བ་དེ་བྱ་བ་གང་བྱེད་རུང་རང་གི་རྒྱུད་ཚོད་ཐུབ་ཚོད་ནུས་ཚོད་མི་ཚོད་སོ་སོར་བསྟུན་ཤེས་པ་ཞིག་ལ་ཟེར་བ་རེད་མ་གཏོགས་གླེན་པ་ཨུ་ཚུག་ཅན་བྱ་སྤྱོད་གང་ཡང་ཁས་མི་ལེན་པ་ཞིག་ལ་ཟེར་བ་མ་རེད། དེ་དང་གཉིས་ཡིན། ཁ་ཟས་ནོར་རྫས་བུད་མེད་སོགས་མི་འདོད་མཁན་མེད་ཀྱང་ལོངས་སུ་སྤྱད་ལུགས་ཕུགས་ཀྱི་ཁེ་ཕན་ཆེ་ཆུང་ལ་བསམ། འཕྲལ་གྱི་ངོ་ཚ་ཁྲེལ་འཛེམ་ལ་བསམ། ཡང་ཚག་ངན་གནོད་པ་སོགས་ལ་མ་ཁྲོ་མཁན་མེད་ཀྱང་། སྤྱིར་གྱིས་བཀའ་ཁྲིམས་ཆད་པ་སོགས་ལ་བསམ། སྒོས་ཀྱི་འདི་ཕྱི་ལས་འབྲས་ལ་བསམ་དགོས། བཟང་ངན་སྐྱིད་སྡུག་གང་གིས་ཀྱང་གཤིས་མི་འགྱུར་བའི་ཚུག་ཐུབ་པོ་དེ་ནམ་ཕུགས་རྒྱལ་ཁམས་ཀུན་གྱིས་བསྟོད་ནས་ཡོང་ངེས། དེས་ན་གང་ལའང་འགྱུར་ལྡོག་མེད་པའི་ཚུག་ཟིན་པ་ཞིག་དགོས། ཚུག་ཐུབ་ཟེར་བ་དེ་རང་གིས་དྲན་ཚད་མིས་ཟེར་ཚད་ཚང་མའི་རྗེས་སུ་མི་རྒྱུག་པར་བྱ་སྤྱོད་རྟག་ཐུབ་པ་ཞིག་ལ་ཟེར་བ་རེད་མ་གཏོགས། སྒལ་ཚིགས་ནང་དུ་དབྱུག་པ་བརྒྱུས་པ་འདྲ་བ་བཀུག་རྒྱུ་མེད་པ་ཞིག་ལ་ཟེར་བ་མ་རེད། དེ་དང་གསུམ་ཡིན། དེ་ལྟར་བྱ་སྤྱོད་ཐམས་ཅད་ལ་སྔ་བསམ་ཕྱི་བསམ་གཏོང་། རང་དང་གཞན་ལ་འཕྲལ་དང་ཕུགས་སུ་གང་ཕན་གང་གནོད་སོགས་ཁེ་ཉེན་ལེགས་ཉེས་ཐམས་ཅད་ཞིབ་པར་བརྟག དཔྱད་མཁས་ན་གང་བསམ་ལེགས་པར་འགྲུབ་ནས་འོང་། བརྟག་ལོང་དཔྱད་ལོང་མེད་པར་བྱ་བ་བསྒྲུབ་ན་ངེད་རང་ཚོ་ལྟ་ཞོག རྒྱལ་པོ་དཔའ་བའི་བྱིན་དང་ལངྐའི་རྒྱལ་པོས་ཀྱང་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་དང་དྲང་སྲོང་བཟོད་པར་སྨྲ་བ་བཙུན་མོ་རྣམས་དང་ལྷན་ཅིག་འཁོད་ཚུལ་ལ་བལྟས་ནས་འདོད་པས་བཙུན་མོ་དབང་དུ་བསྡུ་འདོད་རེད་སྙམ་སྟེ་ཤན་པའི་ལག་ཏུ་སྤྲད་ནས་བཀྲོངས། ཕྱིས་ནས་འགྱོད་པ་སྐྱེས་ཀྱང་བཅོས་ཐབས་མེད་པ་ལྟ་བུའང་ཡོད། ཡང་གཞན་གྱི་ངག་རྗེས་སུ་རྒྱུག་པ་དང་གཡོ་སྒྱུས་མགོ་བསྐོར་བའང་ཡོད་དེ། གཡོ་ཅན་པདྨའི་རྩ་ལག་གིས་བཟང་མོ་བསད་ནས་རལ་གྲི་ཁྲག་ཅན་གཽ་ཏ་མའི་མདུན་དུ་འཕངས་པས་གཽ་ཏ་མ་ལ་ཁྲིམས་ཕོག་པ་དང་། རྐུན་མ་ཞིག་གིས་བེའུ་བརྐུས་ཏེ་ནགས་སུ་རང་སངས་རྒྱས་ཀྱི་མདུན་དུ་འཕངས་ནས་བྲོས་པས་རང་སངས་རྒྱས་ཁྲིམས་ལ་ཐུག་པ་ལྟ་བུའང་ཡོད། དེས་ན་བྱ་བྱེད་གང་ལའང་བརྟག་དཔྱད་ཞིབ་པར་བྱེད་དགོས། ཧ་གོ་ངེས་མ་བྱུང་བར་དུ་གཏམ་མ་བཤད། དོན་རྟོགས་ངེས་མ་བྱུང་བར་དུ་མནའ་མ་བསྐྱལ། ཟེར་བའི་དཔེ་ལྟར་བརྟག་དཔྱད་དེ་ཡང་རང་གཞན་གྱི་བྱ་སྤྱོད་གང་ཡིན་ཡང་བརྩམ་ན་འགྲུབ་དང་མི་འགྲུབ། འགྲུབ་ན་དོན་འབྲས་ཆེ་ཆུང་སོགས་ལ་དཔྱད་མཁས་པ། མདའ་གང་འཕང་ཐང་ལ་མི་ཡར་བ། ལས་གང་བསྒྲུབ་ཐུར་ལ་མི་ལྷུང་བ་ཞིག་ལ་ཟེར་བ་རེད་མ་གཏོགས། རང་སྐྱོན་བལྟ་བའི་མེ་ལོང་མེད་པར་གཞན་སྐྱོན་འཚོལ་བའི་ཐུར་མ་བཟུང་ནས་མི་ཐམས་ཅད་ཀྱི་ཚོད་བླངས་ཏེ་གཡོ་སྒྱུའི་རིག་པ་བཀྱེ་ཐབས་ཞིག་ལ་ཟེར་བ་མ་རེད། དེ་དང་བཞི་ཡིན།
མུར་འགོད།

日期: 2012-08-01

来自: ཨ་མའི་གླེབས་རིལ།

主题: དགེ་བཅུའི་སྲོལ་གྱི་རྣམ་གཞག

༆ ། དགེ་བཅུའི་སྲོལ་གྱི་རྣམ་གཞག་བཞུགས་སོ། །
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།
བདུན་པ་སྲོལ་འདི་འཛུགས་ཚུལ་ནི།
སྲོལ་འདི་མེད་པའི་ས་ཕྱོགས་སུ་དང་པོ་སློབ་གསོ་ལ་བརྟེན་ནས་མི་རིགས་ཀྱི་རིན་ཐང་གི་ལྟ་བ་ཉམས་གསོ་དང་བསྐྱར་བསྐྲུན་བྱ་དགོས། དེ་ཙ་ན་མི་རྣམས་ཀྱི་གཞི་སྤུས་ཇེ་བཟང་དུ་འགྲོ ། གོ་བརྡ་འཕྲོད་ཅིང་གཞི་སྤུས་ཀྱི་ཚད་ངེས་ཅན་ཞིག་སླེབས་པ་ན། སྲོལ་འདི་རྣམས་ལག་ལེན་དུ་བཏབ་ན་གདོད་ལེགས་གྲུབ་འོང་། དེ་ཡང་ཐོག་མ་ནས་ཆད་པ་སྤྱི་དང་ཁྱད་པར་དུ་དཔལ་འབྱོར་གྱི་ཆད་པ་སོགས་བཙན་ཤུགས་ཀྱིས་གཅུན་ན་དོན་དུ་འགྱུར་དཀའ་བས་དེ་ལྟར་མི་བྱ། སྤྱིར་བྱ་བ་འདི་ཡུལ་ཁམས་དེ་ན་གནས་པའི་སྐྱེ་འགྲོ་ཡོངས་ལ་ཕན་འདོགས་པར་བྱེད་པའི་ཐབས་ཡིན་ཡང་། དེ་ལྟར་དུ་གོ་བ་ལེན་མཁན་དཀོན། དེས་ན་དགོན་པ་སོ་སོའི་བླ་སྤྲུལ་མཁན་སློབ་བམ་གྲྭ་པ་དཀྱུས་མ་ཡན་ཆད་དང་། ཡུལ་མི་ཤེས་ཡོན་ཅན་རྣམས་ཀྱིས་དགུན་དུས་སོགས་ཁོམ་སྐབས་དང་བསྟུན་ནས་མང་ཚོགས་རྣམས་ལ་ཆོས་ཚོགས་ཀྱི་རྣམ་པའམ་སྦྱོང་བརྡར་འཛིན་གྲྭའི་རྣམ་པ་གང་རུང་གི་སྒོ་ནས་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུ་སོགས་ཡ་རབས་ཀྱི་བསམ་བློ་དང་ཡུལ་སྲོལ་རྣམས་དང་། ཁོར་ཡུག་སྲུང་སྐྱོབ་དང་ནད་འགོག་འཕྲོད་བསྟེན་དང་གཙང་སྦྲ་སོགས་དང་། གཞན་ཡང་དུས་རབས་གསར་བའི་འཚོ་བའི་རྒྱུན་ཤེས་དགོས་ངེས་ཅན་རྣམས་རིན་མེད་ཀྱི་སྒོ་ནས་སློབ་སྦྱོང་བྱེད་དུ་འཇུག་དགོས། རང་ཅག་གི་ཕ་མེས་ཀྱི་རིང་གི་འདུ་ཤེས་ཕལ་མོ་ཆེ་ཞིག་ནི་དུས་རབས་གསར་བའི་ནང་དུའང་ཤིན་ཏུ་རིན་ཐང་དང་ལྡན་པ་ཡིན་ཏེ། ལས་དགེ་སྡིག་གི་རྒྱུ་འབྲས་ཀྱི་འདུ་ཤེས་ལ་བརྟེན་ནས་དྲང་བདེན་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱང་བདེ་སྡུག་གི་ཚོར་བ་ཅན་གྱི་ཚེ་སྲོག་ཡིན་པ་ལ་བསམ་བློ་བཏང་ནས་འདྲ་མཉམ་བྱ་བ་དང་། སྔོན་རང་གི་ཕ་མ་བྱས་པ་དང་ད་ལྟའང་དྲིན་ཆེ་བ་ལ་བསམ་ནས་སྒོ་ཕྱུགས་རྣམས་ཀྱང་བྱམས་པ་དང་སྙིང་རྗེའི་དམིགས་ཡུལ་དུ་བྱ་དགོས་པ་སོགས་ཀྱི་སློབ་གསོ་འཕྲོད་ངེས་བྱའོ། །
དེ་ནས་དགེ་བཅུའི་སྲོལ་དེའང་ཧ་ཅང་དམ་ཆེས་ནས་མི་ཐེགས་པའི་ཁུར་དུ་སོང་བ་ཞིག་བྱས་ན་བསྲུང་དཀའ་བས། དེ་ཙམ་གྱིས་དམ་པའང་མ་ཡིན་ལ། ཧ་ཅང་ལྷོད་ཆེས་ནས་གསོད་གཅོད་རྐུ་འཕྲོག་སོགས་ཅི་ཙམ་བྱས་ཀྱང་མི་སྒེར་རམ་དགོན་པའམ་བླ་བྲང་རང་ཉིད་ཀྱི་ཁེ་ཕན་ལ་གནོད་པ་མ་བྱུང་ཚེ་ཅི་མི་སྙམ་དུ་འཇོག་པ་ཞིག་ཀྱང་མ་ཡིན་པར་སྲོལ་ལེགས་པོ་འཛུགས་པར་བྱ། དེ་ཡང་མང་གཙོ་བྱས་ནས་འཛུགས་དགོས་ཀྱི། བླ་མ་དང་སྤྲུལ་སྐུ་སོགས་མི་འགའ་ཞིག་གིས་ཐག་བཅད་ན་མི་འགྲིག་པས། ཡུལ་དེའི་མང་ཚོགས་ལ་དྲིས་ནས། བརྒྱ་ཆ་དྲུག་ཅུ་བདུན་ཅུ་ཙམ་གྱིས་འཛུགས་པར་མོས་པའི་ཚེ་ན་གཟོད་འཛུགས་དགོས། བཙུགས་ཟིན་པའི་རྗེས་སུ་དུས་གང་འཚམ་ཞིག་སོང་བའི་ཚེ། མང་སེམས་བརྟག་དཔྱད་བྱས་ནས་མང་ཚོགས་ཀྱི་འཚོ་བ་དང་བདེ་འཇགས་དང་ཀུན་སྤྱོད་སོགས་ལ་ཕན་པའམ་གནོད་པ་ཇི་ཙམ་བྱུང་ཡོད་མེད་རྒྱུས་ལོན་བྱ། སྲོལ་དེ་དམ་ལྷོད་ཇི་ལྟར་བྱ་བ་དང་རྒྱུན་འཁྱོངས་བྱེད་དང་མི་བྱེད་ཐམས་ཅད་མང་གཙོའི་ལམ་ལུགས་ལ་བརྟེན་ནས་ཐག་གཅོད་བྱ་དགོས་ཏེ། དགེ་བཅུའི་སྲོལ་འདི་མཐར་གཏུགས་ན་བོད་མང་ཚོགས་ཀྱི་ཚེ་འདི་ཕྱིའི་དོན་ཡིན་གྱི། བླ་མ་དང་དགོན་པ་སུའི་དོན་ཡང་མ་ཡིན་པའི་ཕྱིར་རོ། །
དེ་ལྟར་མང་ཚོགས་ཀྱིས་སྲོལ་དེ་དགོས་ངེས་སུ་མཐོང་ནས་དང་ལེན་བྱེད་ཀྱང་། གང་ཟག་རེ་ཟུང་ཙམ་གྱིས་སྲོག་གཅོད་པ་དང་རྐུ་བྱེད་པ་སོགས་ཀྱིས་སྲོལ་དེ་ལ་གཏོར་བཤིག་གཏོང་བ་བྱུང་ན། དགོན་པའི་བླ་སྤྲུལ་སོགས་ཀྱིས་ཀྱང་སྙིང་རྗེའི་བསམ་པས་མ་དོར་བའི་ངང་ནས་ཐོག་མར་སློབ་གསོ་བྱ་བ་དང་། དེས་ཀྱང་མི་གཏོང་ན་ཁྲིམས་ལུགས་དང་ཆོས་ལུགས་ལ་མི་འགལ་བའི་སྒོ་ནས་ངན་སྤྱོད་ལས་བཟློགས་ཏེ། དགེ་བཅུའི་སྲོལ་ལ་གནས་པའི་ཐབས་གང་དྲག་བྱ་དགོས། དེ་ལྟར་བྱས་པ་ལ་ཉེས་པ་མེད་དེ། འདི་མི་རིགས་ཀྱི་ཤ་ཞེན་དང་སྤྱི་ཚོགས་ཀྱི་བདེ་འཇགས་དང་སེམས་ཅན་ཐམས་ཅད་ཀྱི་འདི་བདེ་ཕྱི་སྐྱིད་ཀྱི་དོན་ལ་བརྩོན་པར་བྱས་པ་ཡིན་གྱི། དགོན་པ་དང་བླ་མ་དང་གྲྭ་པ་སོགས་ཀྱི་སྒེར་དོན་སྒྲུབ་པ་མ་ཡིན་པ་ཤིན་ཏུ་གསལ་བའི་ཕྱིར་རོ། །
བརྒྱད་པ་དགེ་བཅུའི་སྲོལ་ལ་དོགས་པ་བསལ་བ་ནི།
འགའ་ཞིག་གིས་མི་མི་གསོད་པ་དང་རྐུ་མི་བྱེད་པ་དང་རྫུན་མི་སྨྲ་བ་འདི་དག་དགོས་ཀྱང་། རི་དྭགས་དང་སྒོ་ཕྱུགས་མི་གསོད་པ་འདི་ལ་དགོས་པ་མེད་དོ་སྙམ་ན། སྒོ་ཕྱུགས་བཤས་ཚོང་བྱེད་པ་ལ་བརྟེན་ནས་དེ་དང་འབྲེལ་ནས་བྱུང་བའི་བྱ་བ་ངན་པ་རྣམས་ཀྱིས་བོད་ཀྱི་སྤྱི་ཚོགས་བདེ་འཇགས་ལ་གནོད་རྐྱེན་མང་པོ་འབྱུང་བ་ནི་གོང་དུ་བཤད་ཟིན་པ་ལྟར་ཡིན་ལ། དེ་ལས་གཞན་ཡང་དང་པོ་མི་རིགས་རང་ཉིད་ཀྱི་ངོས་ནས་བཤད་ན། རང་རེ་བོད་གངས་ཅན་པ་ཞེས་པ་འདི་གཤིས་རྒྱུད་དྲང་ཞིང་བྱམས་སྙིང་རྗེ་དང་ལྡན་པའི་ཡ་རབས་ཀྱི་མི་རིགས་ཤིག་ཡིན་པར་རང་གཞན་ཀུན་གྱིས་བྱེད་ལ། དེའི་ཆ་ནས་འཛམ་བུ་གླིང་འདི་ན་རང་རེའི་མི་རིགས་འདི་ལ་དགའ་ཞེན་བྱེད་པའི་མི་ཤིན་ཏུ་མང་པོ་ཞིག་འདུག །འོན་ཀྱང་རང་ཅག་གིས་སྒོ་ཁ་ན་ཡོད་པའི་ཟོག་ལུག་དང་རི་མགོ་ན་ཡོད་པའི་རི་དྭགས་ཐམས་ཅད་ཀྱི་སྲོག་བཅད་དེ། དེའི་རིན་གྱིས་ཕྱིན་ཅི་ལོག་གི་བྱ་བ་ཁོ་ན་བསྒྲུབ་ནས་བསྡད་ན། སེམས་ཅན་གྱི་ཚེ་སྲོག་ལ་རྡོག་རྫི་བྱེད་ཅིང་གནས་ལུགས་མི་བཤད་པའི་དམུ་རྒོད་ཀྱི་མི་རིགས་ཐ་ཆད་པ་ཞིག་ཡིན་པར་ཤིན་ཏུ་གསལ་བས། ལས་རྒྱུ་འབྲས་ལ་རྩི་སྲུང་བྱེད་པའི་དྲང་བདེན་ཅན་དང་བྱམས་སྙིང་རྗེ་ཅན་ཡིན་ཞེས་པ་དེའི་རྫུན་ཕུགས་རྡིབ་པ་ཡིན། ལར་མི་རིགས་གང་ཞིག་ཡིན་ཡང་རུང་མི་རིགས་དེ་བྱམས་སྙིང་རྗེ་ཅན་དང་གནས་ལུགས་སམ་དྲང་བདེན་ལ་བརྩི་འཇོག་བྱེད་པ་དང་། འདྲ་མཉམ་དང་རང་དབང་ལ་གཙིགས་ཆེན་ཡིན་མིན་ནི། ཁ་ནས་མང་པོ་བཤད་པས་དགོས་པ་ཅི་ཡང་མེད། དོན་གྱི་ཐོག་ནས་མི་རིགས་དེས་རང་ལས་ཉམ་ཆུང་བའི་དུད་འགྲོ་རྣམས་ལ་བྱ་བ་ཇི་འདྲ་ཞིག་བྱེད་ཀྱིན་འདུག་བལྟས་པས་གསལ་པོར་ཤེས་ཐུབ་པ་ཡིན། དུད་འགྲོ་རྣམས་ལ་འཚོ་གནས་ཀྱི་རང་དབང་ཙམ་ཡང་མི་སྤྲོད་པའི་མི་རིགས་དེས་གལ་ཏེ་ཐུབ་ན། མིའི་རིགས་ཀྱི་ནང་ལའང་དེ་ལྟར་དུ་ལག་ལེན་བྱེད་པ་གསལ་བར་མཚོན་ནུས་པས། དེ་འདྲའི་མི་རིགས་དེ་གདུག་རྩུབ་ཅན་དང་མ་རུངས་པའི་མི་རིགས་ཤིག་ཏུ་ངོས་འཛིན་པར་འགྱུར་གྱི། ཞི་བདེ་དང་གཞན་ཕན་ལ་དགའ་བའི་སྔོན་ཐོན་གྱི་མི་རིགས་སུ་ཚུད་ཐབས་ག་ལ་ཡོད། དེས་ན་དུད་འགྲོ་བྱམས་སྐྱོང་བྱེད་པ་འདི་བོད་མི་རིགས་ཀྱིས་སྲོག་ཆགས་མཐའ་དག་གི་འཚོ་གནས་ཀྱི་རང་དབང་དང་འདྲ་མཉམ་དང་བདེ་སྐྱིད་སོགས་ལ་ངེས་པ་དོན་གྱི་ཐོག་ནས་མཐོང་ཆེན་བྱེད་པའི་བླ་ན་མེད་པའི་རིན་ཐང་གི་ལྟ་བ་དང་། ཀུན་སྤྱོད་ཀྱི་ཚད་གཞི་མཚོན་བྱེད་ཡིན་པས་ཤིན་ཏུ་གལ་ཆེ་སྙམ་དུ་སེམས་སོ། །
གཉིས་པ་དུད་འགྲོ་རྣམས་ཀྱི་ངོས་ནས་བཤད་ན། དུད་འགྲོ་འདི་རྣམས་ཤ་དང་ཁྲག་དང་རྣམ་ཤེས་དང་ཚོར་བ་ཡོད་ཅིང་། བདེ་བ་ལ་དགའ་ཞིང་སྡུག་བསྔལ་ལ་སྐྲག་པའི་སེམས་ཅན་རང་ཅག་དང་འདྲ་བ་ཤ་སྟག་རེད། དེས་ན་མ་མཐར་ཡང་ཉམ་ཆུང་གི་དུད་འགྲོ་འདི་རྣམས་ལ་འཚོ་གནས་ཀྱི་རང་དབང་ཙམ་ཞིག་སྦྱིན་ན། དེ་ཙམ་ལ་མི་འོས་རྒྱུ་ཅི་ཡང་མི་འདུག་སྟེ། སེམས་ཅན་འདི་རྣམས་རང་ཅག་ལ་ཤིན་ཏུ་དྲིན་ཆེ་བ་ཡིན། འབྲོག་པ་རྒན་པོ་རྣམས་ཀྱིས་ཀྱང་སྒོ་ཟོག་དྲིན་ཅན་རྣམས་ཞེས་མ་ཎི་ལྡོག་པོ་གཅིག་ལས་མ་བཏོན་ཀྱང་བསྔོ་བ་བྱེད་པ་དེས་རྟོགས་པ་ཡིན་ནོ། །
ཡང་འགའ་ཞིག་གིས་སེམས་ཅན་གྱི་སྲོག་མ་བཅད་ན་འབྲོག་པའི་འཚོ་བ་ལ་གནོད་ཟེར། དེ་འབྲོག་པའི་ད་ལྟའི་འཚོ་བ་ལ་ཞིབ་འཇུག་དང་མ་འོངས་པའི་མདུན་ལམ་ལ་མནོ་བསམ་ཞིབ་མོ་མ་བཏང་བའི་སྐད་ཆ་ཁོ་ན་ཡིན། དེ་ཇི་ལྟར་ཞེ་ན། འབྲོག་པ་རྣམས་ཀྱི་འཚོ་བ་ཡར་རྒྱས་སུ་མི་འགྲོ་བ་འདི་སེམས་ཅན་གྱི་སྲོག་མི་གཅོད་པ་ལ་གཏན་ནས་ཐུག་མེད། གལ་ཏེ་འབྲོག་པ་ཁྱིམ་ཚང་ཞིག་གི་སྒོ་ན་ཡོད་པའི་ཟོག་ལུག་ཡོད་ཚད་བཤས་ཚོང་བྱས་ཀྱང་དེས་ཕྱུགས་པོ་འགྱུར་མི་ཐུབ། གང་གི་ཕྱིར་ཞེ་ན། ཁམས་ཕྱོགས་ཀྱི་འབྲོག་པ་རྣམས་ཀྱི་ནང་དུ་སྒོ་ན་ཟོག་ལུག་ཧ་ཅང་མང་པོ་ཡོད་པའི་ཁྱིམ་ཚང་ཤིན་ཏུ་ཉུང་ཉུང་ཡིན། ཕལ་ཆེ་བ་ཞིག་ལ་བཅུ་ཕྲག་འགའ་རེ་ནས་བརྒྱ་ཕྲག་འགའ་རེའི་བར་ཙམ་ལས་མེད། དེ་རྣམས་ཡོངས་རྫོགས་བཤས་རར་ཕབ་པའི་དབང་དུ་བྱས་ཀྱང་སྒོར་ཁྲི་ཚོ་འགའ་ཞིག་གི་རིན་ཙམ་ལས་མེད་པས། དེས་ཁྱིམ་ཚང་ཞིག་གི་གཟའ་མི་ཡོངས་རྫོགས་ཀྱི་མི་ཚེ་གཅིག་གི་ཁ་སོས་ཐབས་གཏན་ནས་མི་འོང་བའི་ཕྱིར་རོ། །
འོ་ན་གང་ཡིན་ཞེ་ན། གཙོ་བོ་འབྲོག་པ་ཡོངས་རྫོགས་ཀྱི་སྐྱེས་པ་རྣམས་ལ་གོམས་སྲོལ་ཤིན་ཏུ་ཐ་ཆད་ཅིག་ཡོད་པ་ནི། ནམ་རྒྱུན་ངལ་རྩོལ་མི་བྱེད་པ་དང་རིག་གནས་དང་ལག་རྩལ་མི་སློབ་པར་རང་དགར་ཉི་མ་འཕུལ་ནས་འདུག་པ་འདི་ལ་ཐུག་ཡོད། འདི་གནའ་སྔ་མོའི་དུས་ནས་བྱུང་བའི་བག་ཆགས་ཤིག་སྟེ། སྔོན་དུས་འབྲོག་པ་དཀྱུས་མ་ཞིག་གི་འཚོ་བ་སྐྱེལ་བ་ལ་རིག་གནས་དང་ལག་རྩལ་མང་པོ་མི་དགོས། ཤེས་ཀྱང་བཀོལ་སྤྱོད་བྱ་ས་མེད། ངལ་རྩོལ་ཡང་ཕྱུགས་ལས་གཅིག་པོ་མ་གཏོགས་གཞན་པ་བསྒྲུབ་རྒྱུ་མེད་པས་ཁག་མེད། ད་ལྟ་དེ་དང་མི་འདྲ་བས་དུས་རབས་གསར་བ་འདིའི་ནང་དུ་འཚོ་ཐབས་གསར་བ་བཙལ་དགོས་ཀྱི། སྔར་མུས་ཁོ་ན་བཞིན་དུ་བསྡད་པས་དཔལ་འབྱོར་ཡར་རྒྱས་སུ་མི་འགྲོ་བ་ཐག་ཆོད་རེད། འཛམ་བུ་གླིང་གི་དཔལ་འབྱོར་ཡར་རྒྱས་སུ་བཏང་བ་ཕལ་ཆེ་བ་བཟོ་ལས་ལག་རྩལ་ལམ་ཚོང་ལས་རིག་གནས་ལ་བརྟེན་ནས་ཡར་རྒྱས་སུ་བཏང་བ་ལས། སེམས་ཅན་གྱི་སྲོག་གཅོད་པ་དང་རྐུ་འཕྲོག་ལ་བརྟེན་ནས་བཏང་བ་མིན། རང་ཅག་གིས་སྲོག་གཅོད་པ་གཅིག་པོ་འཚོ་ཐབས་ཀྱི་རྩ་བར་བཟུང་སྟེ། ད་དུང་མུ་མཐུད་ནས་འདི་བཞིན་བསྡད་ན་ཕ་དང་མེས་པོའི་རིང་ལའང་སྲོག་གཅོད་པ་ལས་འཚོ་ཐབས་གཞན་པ་མི་ཤེས་ཤིང་། བུ་དང་ཚ་བོའི་རིང་ལའང་དེ་ལས་གཞན་པ་མི་ཤེས། མི་རབས་ནས་མི་རབས་ཀྱི་བར་དུ་སྲོག་གཅོད་པ་ལས་གཞན་ཅི་ཡང་མི་ཤེས་པས་ཡར་རྒྱས་རྩ་བ་ནས་འགྲོ་རྒྱུ་མེད། གལ་ཏེ་རང་གི་ངལ་རྩོལ་མི་བྱེད་ཅིང་འཚོ་ཐབས་ཐམས་ཅད་སེམས་ཅན་གྱི་སྲོག་གཅོད་པ་ལ་བརྟེན་ནས་བསྡད་ན། འདི་གཅན་གཟན་རྣམས་ཀྱི་འཚོ་བ་སྐྱེལ་ཚུལ་ཡིན་གྱི། མིའི་འཚོ་བ་སྐྱེལ་སྟངས་ག་ལ་ཡིན། རང་གི་ཡུལ་ན་ཡོད་པའི་བཟོ་ལས་དང་ཚོང་ལས་སོགས་དཔལ་འབྱོར་ཡར་རྒྱས་གཏོང་བྱེད་ཀྱི་ཐབས་ཤེས་བཟང་པོ་ཐམས་ཅད་གཞན་གྱི་ལག་ཏུ་བཅུག་ནས་རང་ཉིད་ཀྱིས་ལུག་འགའ་རེའི་སྲོག་ལ་བརྟེན་ནས་འཚོ་ཐབས་བྱེད་པ་འདི་ཆེས་ཡིད་ཕམ་དགོས་པ་ཞིག་ཡིན་པ་ཁྱོད་ཅག་གིས་ད་དུང་རྩ་བ་ནས་ཤེས་མེད་པ་འདྲ། འདི་ལྟར་བྱས་མཐར་རང་ཡུལ་གྱི་བཟོ་ཚོང་སོགས་ལག་ཏུ་མི་འོངས་པར་མ་ཟད་ཐ་ན་སྡོད་གནས་ཀྱི་ས་ཆ་ཅུང་ཟད་བཟང་པོ་ཙམ་ཡང་མི་རྙེད་པ་ཞིག་འོང་ཐག་ཆོད་རེད། དེས་ན་འབྲོག་པ་རྣམས་ཀྱིས་ཀྱང་ཕྱུགས་ལས་བསྒྲུབ་པ་གཞིར་བཞག་གི་ཐོག་ནས་ཡོང་སྒོ་གཞན་པ་ཅི་རིགས་པ་ལ་འབད་ན་ད་གཟོད་འཚོ་བ་ལ་དཀའ་ངལ་མེད་པ་ཞིག་འོང་བར་འདུག་གོ །
འོ་ན་ཇི་ལྟར་འབད་དགོས་ཞེ་ན། འདི་ལ་དོན་གསུམ་སྟེ། དང་པོ་ནི། རིག་པའི་གནས་གང་རུང་ལ་སྦྱངས་ནས་འཚོ་ཐབས་སྒྲུབ་པ་སྟེ། རང་རེ་བོད་པ་རྣམས་ད་ལྟའི་བར་དུ་ཕལ་མོ་ཆེ་ཞིག་ཡིག་རྨོངས་ཁོ་ན་ཡིན། རིག་གནས་ཡོད་པའི་མི་ཤིན་ཏུ་ཉུང་། ད་ཕན་ཆད་ཅེས་ཀྱང་རིག་གནས་སྦྱོང་བ་ལ་མཐོང་ཆེན་བྱ་དགོས། རིག་གནས་སྦྱང་བ་ནི་བྱིས་པ་ཆུང་ངུའི་དུས་ནས་སྦྱང་བར་བྱ་དགོས་ཀྱི། མི་ཆེན་པོར་གྱུར་ཟིན་པའི་རྗེས་སུ་ད་གཟོད་སྦྱང་ན་ཅུང་ཟད་དཀའ། དེ་ཡང་སྲོལ་རྒྱུན་དང་དེང་རབས་ཀྱི་རིག་གནས་གཉིས་ཆར་སྦྱང་བར་མ་བྱས་ན་རེ་རེ་ཤེས་པ་ཙམ་གྱིས་དེང་སང་གི་དུས་ན་མི་འོངས། རིག་གནས་ལེགས་པོ་ཤེས་ན་དཀའ་ལས་ཆེན་པོ་བྱེད་མི་དགོས་པར་འཚོ་བ་བཟང་ཙམ་ཞིག་སྐྱེལ་ཐུབ་པ་ཡིན། མི་རིགས་སྤྱིའི་ཁེ་ཕན་ལ་བསམ་ནའང་མི་རིགས་འདིའི་ཁྲོད་དུ་རིག་གནས་ཤེས་མཁན་མེད་ན་མི་རིགས་དེའི་གྲངས་ཀ་ཅི་ལྟར་མང་ཡང་ཕན་པ་མེད། རིག་གནས་པ་མང་པོ་ཡོད་ན་གྲངས་ཀ་དེ་ཙམ་མ་མང་ཡང་དཔལ་འབྱོར་སོགས་གང་ཐད་ནས་ཀྱང་ཡར་རྒྱས་སུ་འགྲོ་བར་འགྱུར་རོ། །
གཉིས་པ་ནི། ལག་རྩལ་སྦྱངས་ནས་འཚོ་ཐབས་སྒྲུབ་པ་སྟེ། སྲོལ་རྒྱུན་གྱི་ལག་རྩལ་དང་དེང་རབས་ཀྱི་ལག་རྩལ་ལ་སྦྱངས་ནས་འཚོ་ཐབས་བྱ་དགོས། རང་རེ་བོད་ལ་སྲོལ་རྒྱུན་གྱི་ལག་རྩལ་ཤིན་ཏུ་མང་། དེ་རྣམས་ལ་བརྟེན་ནས་འཚོ་བ་བསྒྲུབས་ན་གཅིག་ནས་ལག་རྩལ་གྱི་སྲོལ་མི་ནུབ་ཅིང་དར་སྤེལ་འོང་པ་དང་། གཉིས་ནས་དཀའ་ལས་ཆེན་པོ་མི་དགོས་པར་འཚོ་བ་སྐྱེལ་ཐུབ་པ་སོགས་ཀྱི་ཕན་པ་མང་པོ་ཡོད་པས་དེ་སྦྱང་དགོས། དེ་ཡང་ལོ་ཅུང་ཟད་ཐོན་ཞིང་རིག་གནས་རྒྱ་ཆེན་པོ་སྦྱོང་མི་ཐུབ་པའི་རོང་འབྲོག་གི་ན་གཞོན་རྣམས་ཀྱིས་སྦྱངས་ན་ཤིན་ཏུ་འོས་ཤིང་འཚམ་པ་ཡིན། དེང་སང་རང་རེའི་ལག་རྩལ་རྣམས་གཞན་གྱིས་སྤྱད་ནས་ཐོན་རྫས་སྣ་ཚོགས་པ་བཟོས་ཏེ། དཔལ་འབྱོར་སྒྲུབ་པར་འདུག་པ་འདི་སུས་ཀྱང་མི་མཐོང་བའི་དོན་མེད། དེས་ན་འདི་ཚོ་ལ་བརྟེན་ནས་དཔལ་འབྱོར་ཡར་རྒྱས་སུ་གཏོང་བའི་སྐུལ་མ་མི་བྱེད་པར་སྲོག་གཅོད་པ་ཁོ་ན་ལ་སྐུལ་སློང་དང་དེ་མ་བྱས་ན་འཚོ་ཐབས་མེད་ཚུལ་སོགས་སྨྲ་བ་འདི་ཤིན་ཏུ་ཡ་མཚན་པ་ཞིག་ཏུ་སྣང་ངོ་། །
གསུམ་པ་ནི། ངལ་རྩོལ་བྱས་ནས་འཚོ་ཐབས་སྒྲུབ་པ་སྟེ། རིག་གནས་སློབ་པ་དང་ལག་ཤེས་སྦྱོང་བ་གང་ཡང་མ་ནུས་ན་ལུས་ཀྱི་ངལ་རྩོལ་ལ་བརྟེན་ནས་འཚོ་བ་ཡར་རྒྱས་སུ་གཏོང་དགོས། དེ་ཡང་དེང་སང་བོད་ཡུལ་ན་ཁང་པ་བཟོ་བསྐྲུན་དང་གཞུང་ལམ་བཟོ་བ་སོགས་ལས་ཀ་མང་པོ་ལས་རྒྱུ་ཡོད། ངལ་རྩོལ་བྱེད་ཐུབ་མཁན་ཞིག་ཡིན་ན་ཉིན་རེ་ལ་དམངས་སྒོར་མང་པོ་རྙེད། དེ་དག་བསགས་ནས་མཐར་ཚོང་ཁང་ངམ་ཟ་ཁང་སོགས་ཚོང་ལས་ཆུང་ངུ་རེ་གཉེར་ན་སྡིག་པ་དང་དཀའ་ངལ་ཧ་ཅང་ཆེན་པོ་མི་དགོས་པར་རང་ཁ་ལེགས་པར་སོས། དེ་མིན་ཡང་ལོ་རེའི་ལྟོ་རྒྱབ་ཕྱིད་པ་ཙམ་ཞིག་འོང་བར་འདུག །འོན་ཀྱང་ལས་ཀ་འདི་དག་གི་ནང་དུ་བོད་ཡུལ་གྱི་རོང་པ་འགའ་རེ་མ་གཏོགས་འབྲོག་པ་ཕལ་ཆེར་གཅིག་ཀྱང་མཐོང་རྒྱུ་མེད། གལ་ཏེ་ཉིན་རེ་འགའ་ལ་ལས་ཀའི་ནང་དུ་ཞུགས་ཀྱང་དཀའ་ཚེགས་མི་ཐུབ་ཟེར་ནས་རྒྱུན་མི་སྐྱོང་། ལས་ཀ་གང་ཡང་སྦྱང་མི་མོས། བསྒྲུབ་མི་འདོད་པར་ལེ་ལོ་དང་སྒྱིད་ལུག་ཁོ་ནའི་ངང་དུ་དུས་འདའ། རྟག་པར་རུ་བ་ཕན་ཚུན་གྱི་ནང་ངམ་གྲོང་སྡེ་དག་གི་ནང་དུ་སོང་ནས་འཁྱམས་ཏེ་འདུག །རང་གིས་རིག་གནས་དང་ལག་རྩལ་མི་སློབ། ངལ་རྩོལ་མི་བྱེད་པར་མ་ཟད་བུ་ཕྲུག་རྣམས་ལ་རིག་གནས་སློབ་པ་དང་ལག་ཤེས་སྦྱོང་བ་དང་ངལ་རྩོལ་བྱེད་དགོས་པའི་སློབ་གསོའང་མི་བྱེད་པར་རང་དགར་རྒྱ་ཡན་དུ་གཏོང་། སྒོར་མོ་དགོས་མཁོ་བྱུང་ཚེ་སྒོ་ཁར་ཡོད་པའི་ཟོག་ལུག་སོགས་བཤས་རར་ཕབ་པ་ལས་གཞན་པའི་ཐབས་གང་ལའང་བསམ་བློ་མི་གཏོང་བ་འདི་འདྲའི་ངང་དུ་བསྡད་ན། འཚོ་བ་ཡར་རྒྱས་སུ་རྩ་བ་ནས་འགྲོ་ཐབས་མེད་དོ། །
དེས་ན་འབྲོག་པ་རྣམས་ཀྱི་མགོ་ལ་སྦྲ་ནག་ཕུབ། སྒོ་ན་ནོར་གནག་འཚོ། རང་ས་རང་གིས་འཛིན། བལ་ཁུལ་རྩིད་གསུམ་དང་། མར་ཆུར་འོ་ཞོ་ལ་འཚོ་རྟེན་བྱེད། དེའི་སྟེང་དུ་རིག་གནས་དང་ལག་རྩལ་སྦྱང་། ལ་ཁ་ནས་སྨན་རྩྭ་བརྐོ། ལུང་ཁོག་ནས་ས་བརྐོ་རྡོ་སློག་ཡན་ཆད་ཀྱི་ངལ་རྩོལ་ལ་ཞུགས། སྤུན་ཟླའི་ནང་དུ་མཐུན་སྒྲིལ་བྱེད། ཡ་རབས་དམ་པའི་ངང་ཚུལ་དགེ་བ་བཅུའི་སྲོལ་ལ་གནས་ན། ཚེ་འདིར་ཁ་སོས་པ་ཙམ་དུ་མ་ཟད་ཕྱུགས་པོར་འགྱུར། ཚེ་ཕྱི་མ་བདེ་ནས་བདེ་བར་འགྲོ་བ་ཡིན་ནོ། །
ཞེས་པ་འདི་བོད་རབ་གནས་ལྕགས་ཡོས་ལོའི་ཟླ༡༡པའི་ཚེས༧ཉིན་ཚུལ་ཁྲིམས་བློ་གྲོས་ཀྱིས་གྲོང་ཁྱེར་པདྨ་ཅན་དུ་བྲིས་པའོ།

日期: 2012-07-23

来自: ཨ་མའི་གླེབས་རིལ།

主题: རེ་བའི་ངུ་ངག

མི་ཆུང་ངས་ མགོ་ལོག་སྲིད་གཞུངདང་ཤེས་ལྡན་ཅན། ལྷག་བསམ་ཅན་རྣམས་ལ་དྲྭ་ཚུགས་འདི་ཡར་རྒྱས་ཞིག་གཏོང་བའི་རེ་བ་སྙིང་ནས་ཞུ།

日期: 2012-07-23

来自: ཨ་མའི་གླེབས་རིལ།

主题: དགེ་བཅུའི་སྲོལ་གྱི་རྣམ་གཞག

༆ ། དགེ་བཅུའི་སྲོལ་གྱི་རྣམ་གཞག་བཞུགས་སོ། །
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།
ལྔ་པ་དགེ་བཅུའི་སྲོལ་མེད་པའི་སྐྱོན་ནི།
དེང་སང་མདོ་ཁམས་ཕྱོགས་ཀྱི་འབྲོག་སྡེར་དགེ་བཅུའི་སྲོལ་མེད་པའམ་ཡོད་ཀྱང་ལག་ལེན་ཡག་པོ་མ་བྱུང་བ་རྣམས་ཀྱི་ནང་དུ། ལོ་གཅིག་གི་རིང་ལ་ཚོ་བ་ཆུང་ངུ་ཞིག་གི་ནང་དུ་མི་གསུམ་བཞི་ཙམ་རེ་ནང་གསོད་བྱེད་པ་ཧ་ཅང་མང་། འདི་རྣམས་ཀྱི་རྒྱུ་རྐྱེན་རྐུ་བྱས་པ་ལ་བརྟེན་ནས་བྱུང་བ་མང་སྡེ། གཞིས་ནངས་ལོ་གཡག་འགའ་རེ་བརྐུས་པ་ལ་བརྟེན་ནས་མི་གསུམ་བསད། ད་ལོ་གཡག་བརྐུས་པ་ལ་བརྟེན་ནས་ཚོ་བ་གཉིས་ཀྱིས་ཕན་ཚུན་མི་བསད། དམག་དྲངས་ནས་དེའུ་བར་དབྱེ་མི་ཐུབ་རྒྱུ་ཞིག་བྱུང་བ་ལྟ་བུ་རེད། ཡང་དོན་ཆུང་ངུ་རེའི་ཕྱིར་དུའང་མཚོན་གྱིས་འཐབ་མོ་བྱས་ནས་མི་མང་པོ་གསོད་དེ། ད་ལོའི་སྟོན་དུས་སུ་ཚོ་བ་གཉིས་འཐབ་ནས་ཕན་ཚུན་མི་བདུན་བསད་པ་དང་། མི་བསད་པའི་རྗེས་སུ་མི་གསོད་མཁན་ཚང་མ་རི་མགོར་བྲོས། ཤ་ལན་རྩོད་པ་དང་གྱོད་བཤད་པ་དང་སྟོང་མཇལ་བ་སོགས་འཐབ་རྩོད་དང་མི་བདེ་བ་འབའ་ཞིག་གི་ངང་དུ་དུས་འདའ། ཚོ་བ་ཕན་ཚུན་བར་དུ་རྐུ་བ་དང་མཚོན་ཆ་མང་པོ་ཉོ་སྒྲུབ་བྱེད། བོད་པ་ཁ་ཤས་རྒྱ་ནག་གི་གྲོང་ཁྱེར་འགའ་རེའི་ནང་དུ་སོང་ནས་རྐུ་འཕྲོག་མང་པོ་བྱས་པ་དང་། བོད་ཡུལ་གྱི་ཡུལ་སྐོར་ལྗོངས་གནས་རྣམས་ནས་ཡུལ་སྐོར་དུ་འོང་མཁན་རྣམས་གནས་ལུགས་མི་བཤད་པར་སྒོར་མོ་གཡོ་ལེན་བྱེད། ཐ་ན་མགྲོན་འཁོར་ཁ་ལོ་པ་ཡན་ཆད་གཏམ་ཐོག་ཚིག་ཐོག་ནས་མི་འདུག་པར་འཁོར་གླ་གཡོ་འཕྲོག་བྱེད། དབྱར་རྩྭ་དགུན་འབུ་རྫུན་མ་དང་མར་རྫུན་མ་སོགས་བཟོས་ཏེ་བཙོང་པས། ད་ལྟ་མི་རིགས་གཞན་པའི་མི་མང་པོ་ཞིག་གིས་བོད་ཅེས་པ་རྐུན་མ་ཁྲམ་པ་ཤ་སྟག་རེད་སྙམ་སྟེ། བརྙས་སྨོད་བྱ་བའི་ཡུལ་དུ་གྱུར། བྱ་བ་དེ་ཚོ་ཐམས་ཅད་མི་ཤིན་ཏུ་ཉུང་ཤོས་ཤིག་གིས་བྱས་པ་ཡིན་མོད། འོན་ཀྱང་སྐྱོན་དེ་དག་མི་རིགས་ཧྲིལ་པོའི་མགོ་ལ་རྩི་བར་འདུག དེ་བཞིན་དུ་ཡུལ་ཕལ་མོ་ཆེ་ཞིག་ཏུ་སྒོ་ཟོག་མང་པོ་བཤས་ཚོང་བྱེད་པ་ལ་ཚོད་འཛིན་རྩ་བ་ནས་མེད་པ་འདིས་བོད་ཀྱི་སྤྱི་ཚོགས་བདེ་འཇགས་ལ་དངོས་སམ་བརྒྱུད་ནས་གཏོར་བཤིག་ཧ་ཅང་ཚབ་ཆེན་ཐེབས་ཀྱིན་འདུག་སྟེ། རྐུན་མ་རྣམས་ཀྱིས་གོ་སྐབས་འདི་དང་བསྟུན་ནས་གཞན་གྱི་རྟ་ནོར་རླུང་འཁོར་མང་པོ་བརྐུས་ནས་བཤས་ཁང་རྣམས་ལ་འཚོང་བས་རྐུན་ཇག་ཇེ་མང་དུ་སོང་། ད་ལོའི་ལོ་གཅིག་པོ་འདིའི་རིང་ལ་ས་ཆ་འགའ་ཤས་ལ་འདི་འདྲའི་དོན་རྐྱེན་མང་པོ་བྱུང་། གོང་དུ་བཤད་པ་བཞིན་མེ་མདའམ་བོའུ་རིང་ཐུང་དང་དེའི་མདེའུ་མང་པོ་ཉོ་སྒྲུབ་བྱེད་པ་དེའང་སེམས་ཅན་མང་པོ་བཤས་སུ་ཕབས་ནས་དེའི་རིན་གྱིས་ཉོ་བ་ཡིན་ཏེ། ལོ་འགའ་ཞིག་གི་སྔོན་དུ་འབྲོག་པ་འགའ་རེས་མེ་མདའ་གཅིག་གི་རིན་དུ་གཡག་ཉི་ཤུ་ལྷག་ཙམ་རེ་བྱིན་པ་ཡོད་ཅིང་། ད་ལོ་མཚོ་སྔོན་ཕྱོགས་ཀྱི་མི་འགའ་ཞིག་ཁམས་ཕྱོགས་ཀྱི་འབྲོག་པའི་ནང་དུ་འོངས་ནས་ཟོག་རླངས་འཁོར་འགའ་ཞིག་ཉོས་ནས་རིན་དུ་མེ་མདའ་རིང་ཐུང་དང་མདེའུ་ཤ་སྟག་སྤྲད་པ་དང་། ད་ལོ་དབྱར་དུས་སུ་འབྲོག་པ་རྒད་པོ་ཞིག་གིས། ཁོ་ལ་མེ་མདའ་བཟང་པོ་གཉིས་ཡོད། ཁོང་ཅག་ཉེ་སྐོར་ཁྱིམ་ཚང་གསུམ་ཡོད་དེ། གསུམ་པོའི་ད་ཡོད་ཀྱི་རྒྱུ་རྫས་ཡོངས་རྫོགས་བསྡམས་ཀྱང་མེ་མདའ་གཉིས་པོ་དེའི་རིན་ཙམ་མེད་ཅེས་ཟེར་བ་ལྟ་བུ་སྟེ། དེ་དག་ཐམས་ཅད་གཡག་བཙོང་ནས་དེའི་རིན་གྱིས་ཉོས་པ་རེད། མེ་མདའ་འདི་རྣམས་ཐམས་ཅད་བོད་པ་ནང་འཐབ་ཀྱི་ཆེད་ཁོ་ནར་དམིགས་ནས་ཉོ་བ་ཡིན་ཏེ། ཚོ་བ་གཉིས་ཀྱི་བར་དུ་གྱོད་གཞི་ཅུང་ཙམ་ཞིག་བྱུང་ཚེ། འཕྲལ་དུ་ཕྱོགས་གཉིས་ཀས་མེ་མདའ་མང་པོ་ཉོ། དེ་ཉོ་བྱེད་ཐམས་ཅད་བཤས་ཚོང་བྱས་པ་ལས་བྱུང་བ་ཡིན་པ་འབྲོག་པའི་ནང་དུ་སོང་ནས་བལྟས་ན་ཤེས། གཞན་ཡང་ཟོག་ལུག་གི་རིན་གྱིས་ཤྭ་རྒྱལ་སྐུག་པར་བྱེད་དེ། ལོ་འགའ་ཞིག་གི་སྔོན་དུ་རྒྱལ་སྐུག་པ་ཧ་ཅང་དགའ་མཁན་གྱི་འབྲོག་པ་ན་གཞོན་ཞིག་གིས། ཁོས་རྒྱལ་བསྐུག་རྒྱུ་ཁོ་ནའི་དོན་དུ་ནོར་གནག་ཉིས་བརྒྱ་ལྷག་ཅིག་བཤས་ཁང་ལ་བཙོང་པ་ཡིན་ཞེས་ཟེར་བ་ལྟ་བུ་རེད། མདོར་ན། བཤས་ཚོང་བྱས་པའི་རིན་གྱིས་སྔ་སོར་གཅན་གཟན་གྱི་པགས་པ་འབོར་ཆེན་ཉོ། ད་ལྟ་རྒྱལ་སྐུགས་པ་དང་མཚོན་ཆ་ཉོ། འགའ་རེས་གྲོང་ཁྱེར་རྣམས་སུ་སོང་ནས་ཉིན་འགའི་རིང་ལ་འཁྱམས་ཏེ། བཤས་རིན་ཐམས་ཅད་དོན་མེད་འཕྲོ་བརླག་ཏུ་གཏོང་གིན་འདུག་སྟེ། དགོས་ངེས་ཀྱི་འཚོ་བའི་ནང་དུ་འགྲོ་བ་ཤིན་ཏུ་ཉུང་ཉུང་ཡིན་པ་ཞིབ་ཏུ་བལྟས་པས་གསལ། འབྲོག་པ་ཁ་ཤས་ཀྱིས་འབྲི་གཡག་བེའུ་དང་བཅས་པ་སྒོ་ན་ཡོད་ཚད་ཐམས་ཅད་བཤས་ཚོང་བྱས་ནས་གྲོང་བརྡལ་དག་གི་མཐར་སོང་ནས་བསྡད། དེ་ནས་ལྟོ་མ་ཕྱིད་ནས་སླར་ཡང་འབྲོག་པའི་ནང་དུ་ལོག་དགོས་བྱུང་བ་མང་པོ་འདུག །དུད་འགྲོའི་ཚེ་སྲོག་ལ་གཅེས་སྤྲས་མི་བྱེད་པ་འདིའི་བག་ཆགས་རིམ་གྱིས་གོམས་པས་མཐར་མིའི་ཚེ་སྲོག་ལའང་གཅེས་སྤྲས་མི་ཤེས་པ་འདི་འབྱུང་བ་ཡིན་ཏེ། ཨ་མེ་རི་ཁའི་བཙོན་ཁང་ཞིག་གི་ནང་དུ་བརྟག་དཔྱད་བྱས་པས། མི་གསོད་པ་སོགས་ནག་ཉེས་ཧ་ཅང་ཚབས་ཆེན་བྱེད་མཁན་རྣམས་ལས་བརྒྱ་ཆ་བདུན་ཅུ་དེ་སྔར་དུད་འགྲོ་རྣམས་ལ་མནར་གཅོད་གཏོང་མཁན་ཡིན་པ་ལྟ་བུ་རེད། དེས་ན་དུད་འགྲོའི་ཚེ་སྲོག་ལ་ཤ་ཚ་མི་བྱེད་པ་འདིས་མ་ཤེས་མ་ཚོར་བཞིན་དུ་མི་རྣམས་ཀྱི་ནང་ཕན་ཚུན་དུའང་འཐབ་འཛིང་དང་གསོད་གཅོད་སྣ་ཚོགས་པ་བྱུང་བའི་རྒྱུ་བྱེད་པ་ཡིན། དེས་ན་འབྲོག་པ་ཚོས་གཡག་ལུག་གསོད་པ་དང་པགས་པ་བཤུ་བ་དང་ལྟོ་བ་ཕྲལ་བ་སོགས་ལ་བྱིས་པ་རྣམས་ལ་ལྟད་མོ་བལྟར་མི་འཇུག་པ་འདིས་བྱིས་པ་ཚོ་ལ་བག་ཆགས་ངན་པ་ཐེབས་པར་འགྱུར་བས་ཅིས་ཀྱང་གཟབ་པར་བྱ། མདོར་ན་བོད་གངས་ཅན་གྱི་ཕ་མྱེས་རྣམས་ཀྱིས་བཞག་པའི་ལུགས་སྲོལ་བཟང་པོ་དེ་རྣམས་གཞན་གྱིས་གཏོར་བཤིག་བཏང་བ་དང་། རང་གིས་སྣང་མེད་དུ་དོར་བ་ལ་བརྟེན་ནས་ད་ལྟ་བྱ་སྤྱོད་ངན་པ་མང་པོ་ཞིག་འབྱུང་བཞིན་འདུག་སྟེ། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ནང་དུ་ཞུགས་ནས་བརྟགས་ན་ཤེས་སླ། འདི་དག་གིས་བོད་མི་རིགས་ཀྱི་ཡ་རབས་ཀྱི་གཤིས་ཀ་དང་ཞི་བདེའི་ཁོར་ཡུག་གཉིས་ཀ་གཞི་ནས་བརླག་པར་འགྱུར་བ་ལས་ཕན་པ་ཅི་ཡང་མི་འདུག་པའི་བོད་པ་རྣམས་ཀྱིས་བསམ་བློ་ཞིབ་ཏུ་གཏོང་དགོས་པར་སྣང་ངོ་། །
དྲུག་པ་དགེ་བཅུའི་སྲོལ་གྱི་ཕན་འབྲས་ནི།
ཐོག་མར་སྲོག་མི་གཅོད་པའི་སྲོལ་དེ་ལེགས་པོ་ཞིག་ཚུགས་ན། ཚོ་བ་ཕན་ཚུན་བར་དང་ཉེ་སྐོར་ཕན་ཚུན་བར་དང་མི་སྒེར་ཕན་ཚུན་བར་མི་གསོད་པ་འདི་མེད་པའམ་ཤིན་ཏུ་ཉུང་བར་འགྱུར། དེ་ཉུང་བས་མི་གསོད་མཁན་རྣམས་རི་མགོར་བྲོས་ཏེ། རྐུན་ཇག་སོགས་མུ་མཐུད་ནས་སྤྱི་ཚོགས་མི་བདེ་བའི་བྱ་བ་བྱེད་པ་དང་། བྱིས་པ་དང་བུད་མེད་རྣམས་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་ཐབས་མེད་པར་སྡུག་བསྔལ་ངང་དུ་དུས་འདའ་བ་དང་། མི་བསད་པ་ལ་སྟོང་འཇལ་བ་དང་། ཡང་ན་མཚོན་ཆ་མང་པོ་ཉོ་བའི་ཕྱིར་དུ་ཁྱིམ་ཚང་གཅིག་པོ་ལ་ཡོད་པའི་དཔལ་འབྱོར་ཡོངས་རྫོགས་འཕྲོ་བརླག་ཏུ་གཏོང་བ་དང་། སྡིག་པ་དང་སྡུག་བསྔལ་གྱི་ཕུང་པོ་རྒྱ་ཆེན་པོ་ཞིག་གཅིག་ལ་གཅིག་འབྲེལ་ནས་ཡོད་པས། དེ་རྣམས་ཀྱིས་གཅིག་གིས་གཅིག་ཁྲིད་ནས་མི་མང་པོ་ཞིག་གི་མི་ཚེ་སྡིག་སྡུག་ལ་གཟད་པའི་ཡིད་སྐྱོ་བའི་བྱ་སྤྱོད་འདི་རྣམས་རྒྱུན་འཆད་པར་འགྱུར་ཏེ། དེང་སང་དགེ་བཅུའི་སྲོལ་ལེགས་པོ་ཡོད་པའི་ས་གནས་འགའ་རེ་ན། མཚོན་ཆ་མི་ཉོ་བའམ་མི་འདོགས་པ་དང་། རྐུ་མི་བྱེད་པ་འཐབ་མོ་མི་བྱེད་པ་འདི་དག་གིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཕན་འབྲས་བཟང་པོ་ཐོན་པ་མངོན་སུམ་ཡིན་ལ། དགེ་བཅུའི་སྲོལ་ཁོ་ན་ལ་བསམ་བློ་བཏང་སྟེ། འཐབ་མོ་མི་བྱེད་པ་དང་བྱས་པ་རྣམས་ཀྱང་ལས་སླ་མོའི་སྒོ་ནས་ཞི་བར་གྱུར་པ་མང་པོ་ཡོད། སྔར་གྲོང་ཚོ་གཅིག་གི་ནང་དུ་ལོ་རེ་ལ་བསད་པའི་མིའི་གྲངས་ཀ་ད་ལྟ་རྫོང་གཅིག་གི་ནང་དུའང་མེད་པ་ལྟ་བུ་བྱུང་ཞིང་། ས་གནས་མང་པོར་རྐུན་མ་ཇེ་ཉུང་དུ་སོང་བ་དང་། མཚོན་ཆ་མི་འདོགས་པ་སོགས་སྤྱི་ཚོགས་བདེ་འཇགས་ཀྱི་ཐད་ལ་ཕན་འབྲས་ལེགས་པོ་ཐོབ། དེའི་ཕྱིར་དགེ་བཅུའི་སྲོལ་འདི་མུ་མཐུད་ནས་འཛུགས་ཐུབ་ན་ཕན་པ་བཟང་པོ་འདུག་ཅེས་དགའ་བསུ་བྱེད་མཁན་གྱི་མང་ཚོགས་ཤིན་ཏུ་མང་པོ་འདུག་གོ །
དེ་བཞིན་དུ་སྒོ་ཕྱུགས་མང་པོ་བཤས་ཚོང་མི་བྱེད་པ་འདི་ལ་བརྟེན་ནས་དེའི་རིན་གྱིས་རྒྱལ་སྐུག་པ་དང་མཚོན་ཆ་ཉོ་བ་དང་ཕན་ཚུན་བར་ལ་རྐུ་འཕྲོག་བྱེད་པ་སོགས་འདི་རྣམས་ཀྱང་མེད་པར་འགྱུར་ཞིང་། རྐུན་ཇག་བྱེད་པ་འདི་ཁེགས་ན་དེ་ལ་བརྟེན་ནས་དམག་འབུད་པ་དང་མི་གསོད་པ་དང་དཔལ་འབྱོར་འཕྲོ་བརླག་ཏུ་གཏོང་བ་ཐམས་ཅད་ངང་ངམ་ཤུགས་ཀྱིས་ཁེགས་པས། རོང་འབྲོག་མང་ཚོགས་དང་བཟོ་ཚོང་གི་བྱ་བ་གཉེར་མཁན་སུ་ཡིན་ཡང་བདེ་འཇགས་ཀྱི་ངང་དུ་གནས་ཆོག་པ་དང་། བག་ཡངས་ཀྱི་སྒོ་ནས་རྒྱུ་ཆོག་པར་འགྱུར། དེར་མ་ཟད་དགེ་བཅུའི་སྲོལ་ཡོད་པའི་གནས་རྣམས་སུ་དུད་འགྲོ་རྣམས་ལའང་བདེ་བ་ཅུང་ཟད་ཐོབ་པར་འགྱུར་ཏེ། རི་དྭགས་ལ་མཚོན་ན་སྔོན་གྱི་དུས་སུ་བོད་ན་རྐྱང་དང་འབྲོང་དང་ཤྭ་བ་དང་གླ་བ་སོགས་རི་དྭགས་ཀྱི་རིགས་ཤིན་ཏུ་མང་པོས་གང་སར་ཁྱབ་ནས་ཡོད་མཆི། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་དགུ་བཅུ་ཙམ་ན་རྐྱང་འབྲོང་གི་རིགས་རྒྱུད་འཆད་ལ་ཁད་དུ་གྱུར་བར་མ་ཟད། ཐ་ན་ཤྭ་བ་དང་གླ་བ་སོགས་ཀྱང་ཧ་ཅང་དཀོན་པོར་གྱུར། དུས་ཕྱིས་སུ་ས་གནས་ཅི་རིགས་པ་ཞིག་གི་དགེ་བཅུའི་སྲོལ་ཅུང་ཟད་སླར་སོས་བྱུང་བས། ད་ལྟ་ས་གནས་དེ་རྣམས་སུ་ཤྭ་བ་དང་གླ་བ་སོགས་རི་དྭགས་རྣམས་གང་སར་མཐོང་ཐུབ་པར་གྱུར་པ་ལྟ་བུའོ། །
མདོར་ན་དགེ་བཅུའི་སྲོལ་འདི་ལེགས་པོ་ཞིག་ཚུགས་ན། བོད་གངས་ཅན་གྱི་ལྗོངས་འདི་ཞི་བདེ་དང་བག་ཡངས་ཉམས་དགའི་ཁོར་ཡུག་ཅིག་ཏུ་འགྱུར་ཞིང་། འཛམ་བུ་གླིང་གི་མི་སུ་ཞིག་གནས་འདིར་ཕེབས་ཡང་ཐམས་ཅད་ཀྱིས་བོད་མི་རིགས་ཀྱི་རིག་གནས་ཀྱིས་བསྐྲུན་པའི་ཞི་བདེ་དང་སོས་དལ་དང་གུ་ཡངས་ཀྱི་ཁོར་ཡུག་འདི་ཉམས་སུ་མྱོང་ཐུབ་ཅིང་། བོད་མིའི་གཤིས་ཀ་ལས་བྱུང་བའི་དྲང་བདེན་དང་ཕན་སེམས་སོགས་ཀྱི་བསམ་སྦྱོར་བཟང་པོས་ཀུན་གྱི་ཡིད་ལ་དགའ་བདེའི་ཚོར་བ་སྟེར་ཐུབ་པ་ཞིག་འོང་ཞིང་། གནས་འདི་ན་འཁོད་པའི་སྲོག་ཆགས་ཐམས་ཅད་ལའང་འདྲ་མཉམ་གྱི་རང་དབང་དང་ཞི་བདེའི་སྣང་བ་ལོངས་སུ་སྤྱད་དུ་ཡོད་པ་དང་། འཛམ་གླིང་གི་མི་རིགས་གཞན་པ་རྣམས་ཀྱིས་ཀྱང་བོད་མི་རིགས་ལ་གདེང་འཇོག་ལེགས་པོ་བྱེད་པ་དང་། བོད་ཀྱི་རིག་གནས་ལའང་གཙིགས་ཆེན་བྱེད་མཁན་ཇེ་བས་ཇེ་མང་དུ་འགྲོ་བ་གོར་མ་ཆག་གོ །
མུར་འགོད།

条目: 37 - 48 共 161

ངེད་དྲ་ཚིགས་ལ་ཕེབས་པར་དགའ་བསུ་བྱེད

བོད་ཀྱི་ལོ་རྒྱས་དང་རིག་གནས་ནི་་ཆས་ཕུན་སུམ་ཚོགས་པའི་འཛམ་གླིང་གི་ནོར་བུ་ལྟ་བུ་ཡིན།

 

གསར་འགྱུར།

2009-11-21 19:25

ཚན་རྩལ།

  བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སི་ནི་བོད་རང་སྐྱོང་ལྗོངས་ཚན་རྩལ་ རྣམ་པའི་ཁེ་ལས་ཤིག་ཡིན་ལ།ཀུང་སིའི་ཁོངས་མི་དག་ཡང་ཆེད་ལས་ལག་རྩལ་རྩེར་སོན་པ་དང་ མི་རིགས་དང་རིག་གནས་ལ་བློ་དཀར་ཞིང་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པའི་འདུ་ཤེས་ཟབ་པས།  རྒྱུན་དུ་བོད་ཡིག་མཉེན་ཆས་གསར་སྤེལ་དང་།བོད་ཡིག་གློག་རྡུལ་ཐོན་ར
2009-11-21 17:17

བརྡ་སྤྱོར།

  དུས་རབས་གསར་བའི་ནང་དུ་འཛམ་གླིང་གི་རྒྱལ་ཁབ་མང་པོ་དང་། མི་རིག་མང་པོས་རང་རང་གི་མཐུན་མིན་རིག་གནས་བདག་དམ་དང་འཕེལ་རྒྱས་སུ་གཏོང་ཅི་ཐུབ་བྱེད་པའི་སྒང་འདིར་ང་ཚོས་ཀྱང་ཕྱི་རུ་ངོམས་རིན་ཡོད་པ་དང་། གོང་དུ་སྤེལ་ལུགས་ཡོད་པའི་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་ཞིག་སྟེ། རྩམ་དྲི་དང་འོ་དྲི་མ་ཡལ་བའི
2009-11-10 15:06

༼ གངས་རྒྱན་ཞོགས་གླང ༽སྙན་ངག་གྱེར་འདོན།

གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པའི་.pptx (553,2 kB)
2009-11-04 18:40

གསར་འགྱུར

crdb.webnode.comངེད་དྲ་ཚིགས་ནི་བོད་མི་རིགས་ལ་ཞབས་ཞུ་ཁོ་ན་སྒྲྲིབས་པའི་ན་གཞོན་འགའ་ཡིན།ཁྱེད་ཀྱིས་རང་མི་རིགས་ ལ་ཞབས་ཞུ་ཞིག་སྒྲིབས་དགོས་འདོད་ཡོད་དམ།
2009-11-03 04:11

དྲ་ཚིག་གི་གནས་ཚུལ་སྤེལ་བ།

༢༠༠༨ལོར་ང་ཚོའི་མགོ་ལོག་ས་ཁུལ་སྐབས་དང་བོའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲན་རྩོལ་བྱ་འགུལ་སྤེལ།ད་ལོའི་འཆར་གཞི་ལ་༢༠༠༩ལོའི་ཟླ་༡༡པའི་ཚེས་༡༤ཉིན༼གངས་རྒྱན་ཞོགས་གླིང༽ཞིས་པའི་ཁུལ་ཡོངས་ཀྱི་སྙན་ངག་གྱེར་འདོན་དང་༢༠༠༩ལོའི་ཟླ་༡༡པའི་ཚེས་༢༨ཉིན་ཁུལ་ཡོངས་ཀྱི་སྐབས་གཉིས་བའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲ

站内搜索

联系人

ཉི་མའི་བུ་རྒྱུད ཆེས་མཐའ་མཇུག་གི་གཙང་ས། རྨ་ཡུལ་མཐོང་བ་ཀུན་སྨོན། 13897556557


གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་
གྱི་ཚིག་མཛོད་ཆེན་མོ།

www.tibettl.com/blog/
བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སིས་གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་སློབ་སྦྱོང་འཕྲུལ་ ཆས་2009ལོའི་ཟླ་10བའི་ཚེས་5ཉིན་ཚོང་རྭར་དགྲམ་རྒྱུ་ཡིན་པས།རྣམ་པ་ལྷན་རྒྱས་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་མངགས་ཉོ་གནང་བར་ཐུགས་རྗེ་ཞུའོ།

民意调查

གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་ཆེན་མོ།

ཧ་ཅང་བཟང་པོ་འདུག (59)
53%

བཟང་རྒྱུ་མེད། (53)
47%

总票数: 112