འདི་ན་་ཤེས་རིག་གི་འོད་སྟོང་འབར་ཞིང་ཞི་བདེ་ཡིས་དར་ཆ་སྒྲེང་ཡོད

Photo Gallery: 主页

/album/photo%20gallery%3a%20%e4%b8%bb%e9%a1%b5/a7216888581-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a41538676037-gif/
/album/photo%20gallery%3a%20%e4%b8%bb%e9%a1%b5/a55a0dd809f39f1936d81196a-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a92054217948-jpg/

སྐད་དང་ཡི་གེ

日期: 2012-05-19

来自: ཨ་མའི་གླེབས་རིལ།

主题: སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས།

དང་པོ་སྐད་སྐྱེས་ཚུལ་ནི། དེང་སང་གི་ཟེར་སྒྲོས་ལྟར་བཤད་ན། མི་རྣམས་ཀྱི་ཐོག་མ་སྤྲ་ལས་བྱུང་ལ་དེ་ཡང་ཨ་སྥེ་རི་ཀ་ནས་བྱུང་བར་འདོད་དེ། ལོ་ས་ཡ་བདུན་ནས་ས་ཡ་ལྔའི་བར་ཙམ་གྱི་ཡར་སྔོན་ན་ཨ་སྥེ་རི་ཀའི་ཡུལ་དུ་མིའི་རིགས་ཀྱི་ཐོག་མའི་མེས་པོར་གྱུར་པའི་སྤྲ་དང་སྤྲ་གཞན་རྣམས་རིམ་འགྱུར་གྱི་དབང་གིས་སོ་སོར་རིགས་མི་འདྲ་བར་གྱུར། མིའི་རིགས་ཀྱི་མེས་པོ་དེ་རྣམས་ཕྱིས་སུ་སྐོར་ཆེན་པོ་གཉིས་སུ་གྱེས་ཏེ། ལྷོ་སྤྲའི་(Autralopithecus,南猿属)སྐོར་དང་མིའི་(Homo,人属)སྐོར་རོ། །
ལྷོ་སྤྲའི་སྐོར་དེ་རྣམས་ལོ་ས་ཡ་བཞི་དང་འབུམ་ཕྲག་གཅིག་གི་སྔོན་ཙམ་ན་རིམ་པར་འགྱུར་ཏེ་གྱེན་དུ་འགྲེངས་ནས་ལངས་ཐབས་སུ་འགྲོ་བར་གྱུར།ལོ་ས་ཡ་ཕྲག་གསུམ་ཙམ་སྔོན་གྱི་ལྷོ་སྤྲའི་རིགས་དེ་རྣམས་ད་ལྟའི་སྤྲ་ནག་པོ་དང་མཚུངས་ཏེ།ལངས་ནས་འགྲོ་ཤེས་ཀྱང་གཏམ་སྨྲ་མི་ཤེས་ཞེས་ཆེད་མཁས་པ་ཕལ་ཆེ་བས་འདོད་དོ། །
ལྷོ་སྤྲའི་སྐོར་གྱི་ནང་གི་སྐོར་གཅིག་ལོ་ས་ཡ་གཉིས་དང་འབུམ་ལྔ་ཙམ་གྱི་སྔོན་ནས་རིམ་པ་བཞིན་དུ་འགྱུར་ཏེ་མིའི་སྐོར་ཞེས་པ་དེར་གྱུར།མི་སྐོར་དེའི་ནང་ནས་ལོ་ས་ཡ་གཉིས་དང་འབུམ་ཕྲག་བཞི་ཙམ་གྱི་སྔོན་དུ་འཇོན་མི་(Homo Habilis,巧人)ཞེས་པ་བྱུང་སྟེ།འཇོན་མིའི་རིགས་བརྒྱུད་མང་དུ་འཕེལ་ཞིང་དེ་རྣམས་ཀྱིས་རྡོ་ཆས་སྟབས་བདེ་བཟོ་ཤེས་ཤིང་མེ་བཀོལ་སྤྱོད་བྱེད་ཤེས་ཏེ།མེ་བཀོལ་སྤྱོད་བྱེད་པའི་སེམས་ཅན་ཐོག་མ་དེའང་ཁོ་ཚོ་ཡིན།ལོ་ས་ཡ་གཅིག་དང་འབུམདྲུག་ཙམ་གྱི་སྔོན་ན་བཟོ་མི་(Homo Ergaster,匠人)ཞེས་པ་བྱུང་།འཇོན་མི་དང་བཟོ་མི་གཉིས་ཀའི་ལུས་ཁམས་ཀྱི་ཆགས་ཚུལ་ལ་བརྟགས་ན་ད་དུང་སྐད་ཆ་ཤོད་ཐུབ་པའི་ཆ་རྐྱེན་ཚང་མེད།དེས་ན་གཏམ་སྨྲ་ཤེས་པའི་མིའི་རིགས་ཀྱི་མེས་པོ་ཐོག་མ་ད་ལྟ་ཤེས་པ་ནི་ལོ་འབུམ་ཕྲག་བཞིའི་སྔོན་ཙམ་དུ་བྱུང་བའི་འགྲེང་མི་(Homo Erectus,直立人)ཞེས་པ་དེ་ཡིན།འོན་ཀྱང་འགྲེང་མིས་བཤད་པའི་སྐད་དེ་ཐ་སྙད་ཐར་ཐོར་སྟབས་བདེ་ཙམ་ཞིག་ཡིན་པར་མངོན།འགྲེང་མི་ལས་ཡང་མི་གཉིས་སུ་གྱེས་ཏེ།ལོ་འབུམ་ཕྲག་གསུམ་གྱི་སྔོན་དུ་བྱུང་བའི་མཛངས་མི་(Homo Sapiens,智人)ཞེས་པ་དང་།ལོ་འབུམ་ཕྲག་གསུམ་ནས་ཁྲི་ཕྲག་གསུམ་བར་གྱི་སྔོན་དུ་བྱུང་བའི་ནེ་ཨན་ཏིར་ཐུ་(Homo Neanderthalensis,尼安德塔人)ཞེས་པའི་མིའོ། །
ལོ་ཁྲི་ཕྲག་བཅོ་ལྔའི་སྔོན་ནས་དེང་རབས་མི་བྱུང་ངོ་། །
མི་དེ་རྣམས་ཀྱི་ནང་ནས་ནེ་ཨན་ཏིར་ཐུ་མི་ནས་བཟུང་གཏམ་ལེགས་པར་སྨྲ་ཤེས་པས་རྙོག་འཛིང་ཅན་གྱི་མིང་ཚིག་རྣམས་ཡོད་ཅེས་ཟེར་རོ། །
དེས་ན་མི་རྣམས་ཀྱིས་གཏམ་ལེགས་པར་སྨྲ་ཤེས་ནས་ལོ་འབུམ་ཕྲག་གསུམ་སོང་བས་མིའི་རིགས་ཀྱི་སྐད་ཡོངས་སུ་སྨིན་པར་གྱུར་པའི་ལོ་རྒྱུས་ལ་ལོ་འབུམ་ཕྲག་གསུམ་ཙམ་ཡོད་ཅེས་བརྗོད་པར་བྱའོ། །
དེ་ལྟ་ནའང་རྣམ་གཞག་འདི་དག་ཐམས་ཅད་ས་འོག་ནས་རྙེད་པའི་མིའི་རུས་པ་སོགས་ལ་བརྟགས་ནས་ཚོད་དཔག་གིས་སྨྲས་པ་དག་ཡིན་ལ།དངོས་པོ་གསར་རྙེད་བྱུང་རིམ་བཞིན་དུ་བཤད་ཚུལ་ལའང་འགྱུར་བ་མང་པོ་འོང་གིན་འདུག་པས་མཐའ་གཅིག་ཏུ་ངེས་པ་ཡོད་དཀའ་བར་སྣང་སྟེ།ད་ལྟ་གནས་སྐབས་ཀྱི་འདོད་ཚུལ་ཙམ་ཞིག་ཡིན་ཞེས་ཤེས་པར་བྱའོ། །
གཉིས་པ་ཡི་གེ་སྐྱེས་པའི་ལོ་རྒྱུས་ནི།འཛམ་བུ་གླིང་གི་ཡི་གེ་ལ་སྐྱེས་ནས་དར་བའི་དུས་སྐབས་རིམ་པ་སྔ་ཕྱི་གསུམ་དུ་སྣང་སྟེ།གདོད་མའི་ཡི་གེའི་དུས་སྐབས་དང་།གནའ་རབས་ཡི་གེའི་དུས་སྐབས་དང་།དབྱངས་གསལ་ཡི་གེའི་དུས་སྐབས་སོ། །
དང་པོ་གདོད་མའི་ཡི་གེའི་དུས་སྐབས་ནི།སྤྱི་ལོའི་སྔོན་གྱི་ལོ་༨༠༠༠ནས་སྤྱི་ལོའི་སྔོན་གྱི་ལོ་༣༥༠༠བར་གྱི་མི་ལོ་༤༥༠༠ཙམ་གྱི་རིང་ཡིན་ཏེ།དེའི་སྐབས་སུ་བྱུང་བའི་བརྗོད་བྱ་གང་རུང་མཚོན་བྱེད་ཀྱི་རི་མོ་སྣ་ཚོགས་པ་སྟེ།འདི་ལ་བརྐོས་རིས་ཡི་གེ་དང་བྲག་རིས་ཡི་གེ་དང་ཡིག་རིས་དང་རིས་ཡིག་སོགས་ཀྱི་དབྱེ་བ་ཡོད་དོ། །
དེ་ལས་དང་པོ་བསྐོས་རིས་ཡི་གེ་ཞེས་པ་ནི་རྫའམ་ཤིང་ངམ་རྡོ་སོགས་ཀྱི་ངོས་སུ་བརྐོས་པའི་མཚན་མ་སྣ་ཚོགས་པ་དོན་སྟོན་པའི་ནུས་པ་ཡོད་པ་རྣམས་ཏེ།དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་ནང་དུ་རྒྱ་ནག་གི་ཤི་ཨན་ནས་ལོ་སྟོང་ཕྲག་ལྔའི་སྔོན་གྱི་རྫ་ཚོན་མ་ས་འོག་ནས་ཐོན་པ་དག་གི་སྟེང་དུ་རི་མོའི་མཚན་མ་མི་འདྲ་བ་མང་པོ་བཏབ་ཡོད་པ་ལྟ་བུ་དང་།ཁམས་བྲག་མགོ་ཡར་སྡེ་ས་ཆའི་དུར་ས་ལས་ཐོན་པའི་ལི་སྣོད་ཀྱི་ངོས་སུ་བྲིས་པའི་གཟུགས་རིས་ལྟ་བུ་ཡིན།བརྐོས་རིས་འདི་འདྲ་བ་འཛམ་བུ་གླིང་གི་ས་ཆ་མང་པོ་ནས་ཐོན་ཞིང་དེ་རྣམས་ཕན་ཚུན་འདྲ་བའི་ཆའང་དུ་མ་ཡོད།འོན་ཀྱང་འདི་ཇི་ལྟར་བཀླག་ཚུལ་དང་བརྗོད་བྱ་ཅི་ཡིན་རྟོགས་པ་ནི་ཤིན་ཏུ་བྱ་དཀའ་བའི་གནས་སུ་སྣང་ངོ་། །
༼བརྐོས་རིས་ཡི་གེ བྲག་མགོ་ཡར་སྡེ་ནས་ཐོན་པའི་བརྐོས་རིས་ཡི་གེ༽
གཉིས་པ་བྲག་རིས་ཡི་གེ་ནི།བྲག་དང་ཕུག་པ་སོགས་ཀྱི་ངོས་སུ་བྲིས་པའི་གཟུགས་རིས་སྣ་ཚོགས་པ་སྟེ།རི་དྭགས་བཤོལ་བ་དང་ཕྱུགས་འཚོ་བ་དང་གཡུལ་འགྱེད་པ་སོགས་ཀྱི་རི་མོ་ཡོད།བོད་ཀྱི་གནམ་མཚོ་ཕྱུག་མོའི་འགྲམ་གྱི་བྲག་གསེབ་ཀྱི་ཕུག་པ་དག་གི་ནང་ན་རི་མོ་འདི་རིགས་མང་དུ་མཐོང་རྒྱུ་འདུག་ལ།གཞན་ཡང་མངའ་རིས་དང་དབུས་གཙང་དང་མཚོ་སྔོན་པོ་སོགས་དང་འཛམ་བུ་གླིང་གི་ས་ཆ་མང་པོ་ནའང་ཡོད།གཟུགས་རིས་འདི་རྣམས་ཡི་གེའི་རྣམ་པར་དངོས་སུ་མ་གྲུབ་ཀྱང་མཚོན་དོན་གྱི་བརྗོད་བྱ་ཡོད་ཅིང་།གཟུགས་རིས་དང་ཡི་གེ་གཉིས་སོ་སོར་གྱེས་པའི་མགོ་རྩོམ་པའི་གནས་སྐབས་ཙམ་ཞིག་ཡིན་ནོ། །
༼གདོད་མའི་ཡི་གེ་ལས་བྲག་རིས་ཡི་གེ༽
གསུམ་པ་ཡིག་རིས་ཡི་གེ་ནི།ཡིག་རིས་ཞེས་པ་རི་མོའི་ཚོགས་པ་རིལ་པོ་གཅིག་གི་ཆ་ཤས་སོ་སོ་བ་རྣམས་ཀྱིས་དོན་སོ་སོ་མཚོན་པ་སྟེ།སྲོག་ཆགས་དང་རི་ཆུ་རྩི་ཤིང་མེ་ཏོག་ཁང་པ་ལམ་སོགས་མཉམ་དུ་བསྡེབས་ནས་དོན་གྱི་བརྗོད་བྱ་གང་རུང་ཞིག་མཚོན་པར་བྱེད་པ་ཡིན།ཡིག་རིས་འདི་ལ་བཀླག་ཚུལ་གྱི་སྒྲ་གདངས་ངེས་ཅན་ཞིག་མེད་པས་སྐད་རིགས་ཀྱི་དབྱེ་བ་མེད་ལ།རི་མོར་བལྟས་ཏེ་དོན་རྗེས་སུ་དཔག་པའམ་ངག་ཐོག་ནས་འགྲེལ་བཤད་བྱ་དགོས་པ་ཡིན།དཔེར་ན་སྲོག་ཆགས་འདྲ་མིན་འགའ་ཞིག་བྲིས་ནས་དེ་དག་སོ་སོའི་སྙིང་ཁ་ནས་རི་མོ་ཞིག་གཅིག་གི་སྙིང་ཁར་འཐེན་ནས་སྲོག་ཆགས་ཀྱི་གཟུགས་བརྙན་དེ་དག་གིས་མཚོན་པའི་མི་དེ་དག་གི་བསམ་པ་ནི་གཙོ་བོ་ལྟ་བུའི་མི་དང་གཅིག་གྱུར་ཡིན་ཞེས་པའི་དོན་མཚོན་པར་བྱེད་པ་ལྟ་བུ་ཡིན།ཡི་གེ་འདི་རིགས་ཨིན་དིའི་(Indian,印地安)མི་དག་གིས་བྲིས་པ་དེང་སང་ཡང་མང་དུ་མཐོང་རྒྱུ་འདུག་གོ །
ཡི་གེ་འདིས་བརྗོད་བྱ་སྟོན་ཚུལ་ལམ་མཚོན་ཚུལ་ལ་གཉིས་ཡོད་དེ་གཟུགས་མཚོན་དང་དོན་མཚོན་ནོ། །
དཔེར་ན་གྲུ་ཤན་ཞིག་གི་གཟུགས་བྲིས་ནས་དེའི་སྟེང་དུ་རི་མོ་ཐུང་ངུ་དགུ་བྲིས་ནས་མི་དགུས་གྲུ་གཏོང་བར་མཚོན་པ་ན།གྲུའི་གཟུགས་དངོས་སུ་བྲིས་པས་གཟུགས་མཚོན་ཡི་གེ་དང་མི་དགུའི་གཟུགས་དངོས་སུ་མ་བྲིས་ཀྱང་རི་མོ་དེས་དོན་མི་དགུ་མཚོན་པར་བྱེད་པས་དོན་མཚོན་ཡི་གེ་ཡིན་པ་ལྟ་བུའོ། །
༼ཡིག་རིས་ཡི་གེ༽
རི་མོ་གཡས་པ་འདི་ནི་ཨ་རི་བྱང་མ་ཨིན་དིའི་མི་ཁྲུ་ཕེ་ཝ་(Chipewa)ཞེས་པའི་ཚོ་བ་བདུན་གྱིས་ཨ་རིའི་སྲིད་འཛིན་ནམ་རྒྱལ་ཚོགས་ལ་ཕུལ་བའི་ཞུ་ཡིག་ཅིག་སྟེ།ཞུ་ཡིག་གི་ནང་དོན་ནི་ཁོང་ཅག་སྔར་གནས་པའི་གཙང་པོའི་འགྲམ་ནས་མཚེའུ་ཡོད་པའི་ས་ཁུལ་དུ་གནས་སྤོ་བའི་ཆོག་མཆན་ཞུ་བའོ།རི་མོ་འདིའི་ནང་གི་སྲོག་ཆགས་བདུན་གྱིས་ཚོ་བ་བདུན་མཚོན།དེའི་ནང་གི་ཁྲུང་ཁྲུང་གིས་ཚོ་བ་གཙོ་བོ་མཚོན།སྲོག་ཆགས་ཐམས་ཅད་ཀྱི་སྙིང་ག་ནས་རི་མོ་ཞིག་ཁྲུང་ཁྲུང་གི་སྙིང་ཁར་འཐེན་པ་ནི་བློ་མཐུན་པ་མཚོན།ཁྲུང་ཁྲུང་གི་མིག་ནང་ནས་རི་མོ་ཞིག་འགྲམ་གྱི་མཚེའུའི་ནང་དུ་འཐེན་པ་ནི་མཚེའུ་ཡོད་པའི་ས་ཁུལ་དུ་གནས་སྤོ་བར་འདོད་པ་མཚོན།སྲོག་ཆགས་ཐམས་ཅད་ཀྱི་མིག་ནས་རི་མོ་ཞིག་ཁྲུང་ཁྲུང་གི་མིག་ནང་དུ་འཐེན་པ་ནི་བསམ་ཚུལ་གཅིག་པ་ཡིན་པར་མཚོན།ཁྲུང་ཁྲུང་གི་མིག་ནང་ནས་རི་མོ་ཞིག་གྱེན་དུ་འཐེན་པ་ནི་གོང་ལ་ཞུ་བ་ཡིན་པ་མཚོན་པའོ། །
བཞི་པ་རིས་ཡིག་ནི།རིས་ཡིག་ཅེས་པ་གཟུགས་རིས་རིལ་པོ་མི་འདྲ་བ་མང་པོ་བྲིས་ནས་བརྗོད་བྱེད་ཀྱི་ངག་གམ་གཏམ་གྲུབ་པར་བྱེད་པ་གཟུགས་རིས་ཀྱི་རྣམ་པ་ཅན་གྱི་ཡི་གེ་སྟེ།དཔེར་ན་བྱ་ལ་བྱའི་གཟུགས་རིས་དང་ཉ་ལ་ཉའི་གཟུགས་མི་ལ་མིའི་གཟུགས་དང་མི་ནད་ཀྱིས་བཏབ་པ་ལ་མི་ཐང་ལ་འགྱེལ་བའི་གཟུགསསོགས་བརྗོད་བྱ་དེ་རྣམས་ཀྱི་གཟུགས་རིས་རྣམས་བྲིས་ནས་དོན་སྟོན་པར་བྱེད་པ་སྟེ།ནག་ཤུལ་གྱི་སྟོན་པའི་ཡི་གེ་དང་རྒྱ་ནག་གི་སྐོགས་རུས་ཡི་གེ་ལྟ་བུ་ཡིན།ད་ལྟའི་རྒྱའི་ཡི་གེའང་ཡིག་རིགས་འདི་རིམ་གྱིས་གཟུགས་འགྱུར་བ་ལས་བྱུང་བ་ཡིན།རང་རེའི་སྔོན་གྱི་སྐར་ཡིག་འགའ་རེ་ན་གཟའ་རྣམས་ཀྱི་མིང་འབྲི་བ་ན། ཉི་མ་ལ་རི་མོ་ཟླུམ་པོ་དང་ཟླ་བ་ལ་ཚེས་རུ་དང་མིག་
དམར་ལ་མིག་དང་ཕུར་བུ་ལ་ཕུར་བའི་གཟུགས་བྲིས་ཡོད་པའང་འདི་དང་འདྲ་བ་ཡིན།འདི་ནི་ཡི་གེ་སྔ་མ་རྣམས་རིམ་པར་འཕེལ་རྒྱས་སུ་སོང་ནས་ཡི་གེ་དངོས་གནས་པ་འགའ་ཞིག་འགྲུབ་བྱེད་ཀྱི་དངོས་རྒྱུ་སྟེ།ཡི་གེ་འགྲུབ་བྱེད་ཀྱི་མྱུ་གུའི་གནས་སྐབས་ཞེས་བྱའོ། །
༼གནམ། སྨུག་པ། ཐོག་རྒྱག་པ། ཉི་མ། འོད་ཟེར། བྱི་བ། རི་སྒང་། རི་ཞོལ། གངས་རི། གཡས། ནགས་ཚལ། འཛིན།ནག་ཤུལ་སྟོན་པའི་ཡི་གེ༽
ཡིག་རིས་དང་རིས་ཡིག་གཉིས་ཀྱི་ཁྱད་པར་ནི།ཡིག་རིས་ལ་བརྗོད་བྱ་སྟོན་པར་བྱེད་པའི་ཡི་གེའིནང་དོན་ཡོད་ཀྱང་ངོ་བོ་རི་མོའི་ཁོངས་གཏོགས་ཙམ་ཡིན་པས་ཡི་གེའི་རྣམ་པ་ཤིན་ཏུ་ཞན་ཏེ་རི་མོའི་རྣམ་པ་ལས་ཡི་གེའི་རྣམ་པ་མིའཆར།རིས་ཡིག་ནི་རྣམ་པ་གཟུགས་རིས་ཡིན་ཡང་ངོ་བོ་ཡི་གེ་ཞིག་གི་ཁོངས་གཏོགས་ཡིན་པས་བརྗོད་བྱ་སྟོན་པའི་ཚད་མཐོ་ཞིང་ཡི་གེའི་རང་བཞིན་དུ་གནས་པ་ཡིན་ནོ། །
འདིའི་སྐབས་སུ་མི་རྣམས་ལ་ཡི་གེ་འབྲི་བའི་སྲོལ་ནི་མ་དར་ལ།དོན་འགའ་ཞིག་དགོས་པའི་དབང་གིས་སྒྲ་མ་ཡིན་པའི་ཐབས་ཤིག་ལ་བརྟེན་ནས་མཚོན་པར་འདོད་པས་རི་མོ་སྣ་ཚོགས་པ་འབྲི་རྒྱུ་དྲན་པ་ཡིན་ཏེ།ངེད་ཀྱི་ཕ་ཡུལ་ན་ཨང་ཀི་ཙམ་འབྲི་ཤེས་ལ་ཡི་གེ་གཞན་པ་འབྲི་མི་ཤེས་པའི་མི་ཞིག་ཡོད་པ་དེས་ཁོའི་ཁྱིམ་ཚང་གི་གྲོ་ནས་སྲན་གསུམ་གྱི་རྒྱ་མའི་གྲངས་ཀ་འབྲི་བར་འདོད་ནས་སྲན་མའི་མིང་ལ་རི་མོ་ཟླུམ་པོ་ཞིག་བྲིས།ནས་ཀྱི་མིང་ལ་རི་མོ་འཇོང་པོ་ཞིག་བྲིས།གྲོའི་མིང་ལ་རི་མོ་འཇོང་པོའི་ལྟོ་བ་ལ་གསེག་རིས་ཤིག་བྲིས་ཏེ་ནས་མ་ཡིན་པ་གོ་བར་བྱས་པས་སྲན་མ་དང་ནས་གཉིས་གཟུགས་མཚོན་གྱི་ཡི་གེ་དང་གྲོའི་ལྟོ་བ་ལ་གསེག་རིས་ཤིག་བརྒྱབ་པ་དོན་མཚོན་གྱི་ཡི་གེར་སོང་བ་ལྟ་བུའོ། །

日期: 2012-05-19

来自: ཨ་མའི་གླེབས་རིལ།

主题: སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས།

གཉིས་པ་གནའ་རབས་ཡི་གེའི་སྐབས་ནི།སྤྱི་ལོའི་སྔོན་གྱི་ལོ་༣༥༠༠སྔོན་ཙམ་གྱི་དུས་ནས་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་གཅིག་ནང་ཡོ་རོབ་ཀྱི་ས་དབུས་རྒྱ་མཚོའི་ཤར་འགྲམ་དུ་དབྱིངས་གསལ་གྱི་ཡི་གེ་བྱུང་བའི་བར་གྱི་ལོ་༢༤༠༠ཙམ་གྱི་རིང་ཡིན་ཏེ།དེ་ཡང་ད་ལྟའི་ཨི་རག་(Iraq,伊拉克)རྒྱལ་ཁབ་ཀྱི་ས་ཆ་ན་ཆུ་བོ་ཆེན་པོ་ཡེས་ཕ་ར་ཐེ་སུ་(Euphrates,幼發拉底)ཞེས་པ་དང་ཐེ་ཀི་རེ་སུ་(Tigris,底格里斯)ཞེས་པ་གཉིས་ཡོད་པའི་འབབ་ཡུལ་ན་མི་རིགས་འགའ་ཞིག་གནས་པ་ལས་སོས་མེར་(Euphrates,蘇美爾)གྱི་མི་རྣམས་ཀྱིས་ཡི་གེ་འཛེར་མགོ་མའམ་འཛེར་ཡིག་ཅེས་པ་གསར་གཏོད་བྱས།འཛེར་མགོ་མ་ཞེས་པའི་དོན་ཡི་གེའི་སྙུག་རིས་ཐམས་ཅད་ཀྱི་མགོ་འཛེར་མའི་མགོ་ལྟར་ལེབ་ལེབ་མོ་ཡིན་པས་དེ་སྐད་དུ་བཏགས་པ་ཡིན།འདི་ནི་མིའི་རིགས་ཀྱི་ཆེས་སྔ་བའི་ཡི་གེ་ཡིན་པས་ལོ་རྒྱུས་ཀྱི་རིན་ཐང་བླ་ན་མེད་པ་དང་ལྡན་པ་ཞིག་གོ །
འཛེར་ཡིག་འདི་ཕྱིས་སུ་རིམ་བཞིན་ཉམས་ཞིང་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ནས་དང་པོའི་བར་ཅུང་ཟད་སླར་སོས་བྱུང་ཡང་མ་ཕན་ཏེ་ནུབ་པར་གྱུར།དེ་ནས་ལོ་༡༥༠༠བར་དུ་སུས་ཀྱང་མ་ཤེས་པར་སའི་འོག་ཏུ་གཉིད་ནས་བསྡད།ཕྱིས་སུ་གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་རྙེད་ཀྱང་དུས་རབས་༡༨པའི་མཇུག་གི་དུས་ད་དུང་དེའི་དོན་ཤེས་མཁན་མ་བྱུང་།དུས་རབས་༡༩པའི་ནང་ནས་ད་གཟོད་དེའི་དོན་རྣམས་ཤེས་པར་གྱུར་ཏོ། །
༼སོས་མེར་གྱི་འཛེར་ཡིག༽
དེ་ལས་ཅུང་རྗེས་ཙམ་ནས་ནེས་ལེ་གཙང་པོའི་(Nile,尼羅)འབབ་ཡུལ་ན་གནས་པའི་གནའ་རབས་ཨེ་ཅིབ་(Egypt,埃及)ཀྱི་མིས་ལྷ་ཡིག་ཅེས་པའི་ཡི་གེ་གསར་བསྐྲུན་བྱས།འདི་ལ་བརྐོ་བྲིས་དང་བཙུན་བྲིས་དང་དམངས་བྲིས་ཞེས་ཡིག་གཟུགས་གསུམ་བྱུང་།བརྐོ་བྲིས་ཞེས་པ་ལྷ་ཁང་གི་ལྡེབས་དང་དུར་སའི་རྡོ་རིང་དང་ལྷ་མཆོད་པའི་མཆོད་ཆའི་སྟེང་དུ་བསྐོ་བར་བྱ་བའི་ཡིག་གཟུགས་ཏེ།མཛེས་ཆ་ཆེ་བའི་བྲིས་གཟུགས་ཡིན།བཙུན་བྲིས་ཞེས་པ་སྔར་གྱི་བརྐོ་བྲིས་དེ་མགྱོགས་པོར་བྲིས་པས་སྲོག་ཆགས་སོགས་ཀྱི་གཟུགས་བརྙན་གྱི་རྣམ་པ་ཆེར་མི་མངོན་པར་གྱུར། ཐོག་མར་སེར་སྐྱ་གཉིས་ཀས་བཀོལ་ཞིང་ཕྱིས་སུ་ཆོས་ལུགས་ཀྱི་གཞུང་འབྲི་བྱེད་ཀྱི་ཡི་གེར་བྱས་ནས་བཙུན་པ་རྣམས་ཀྱིས་འབྲི་བར་བྱེད་པས་དེ་སྐད་ཅེས་བྱ།དམངས་བྲིས་ཞེས་པ་ནི་བཙུན་བྲིས་ཀྱི་རི་མོ་མང་ལ་ཉོག་པ་རྣམས་སླ་ཆོས་སུ་བྲིས་ནས་དམངས་ཕལ་བ་རྣམས་ཀྱིས་ཀྱང་བཀོལ་བདེ་བར་བྱས་པས་དེ་སྐད་ཅེས་བྱ།བྲིས་གསུམ་པོ་འདིའི་གཟུགས་ལ་ནང་ཕན་ཚུན་དུ་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད། བཙུན་བྲིས་འདི་སྤྱི་ལོ་ཚུགས་པའི་རྗེས་ཀྱི་དུས་རབས་གསུམ་པའི་ནང་བར་དུ་གནས་ལ། དམངས་བྲིས་ནི་སྤྱི་ལོའི་དུས་རབས་ལྔ་པའི་བར་དུ་གནས། དེའི་རྗེས་ནས་ཨེ་ཅིབ་ཀྱི་ཡི་གེ་ཐ་མ་དམངས་བྲིས་དེའང་ནུབ་པར་གྱུར་ཏོ། །
དེ་ལྟར་ཡི་གེ་འདི་དང་ཡི་གེ་འདིའི་བརྗོད་བྱ་ལོ་༣༥༠༠རིང་གི་ལོ་རྒྱུས་དང་བཅས་པ་ས་དང་བྱེ་མའི་འོག་ཏུ་ཉལ་བས་སུས་ཀྱང་མི་ཤེས་པར་གྱུར། ལོ་༡༥༠༠ཙམ་སོང་བའི་རྗེས་ནས་གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་སླར་ཡང་ས་འོག་ནས་རྙེད་ཀྱང་དེ་ཤེས་མཁན་ནི་གཅིག་ཀྱང་མ་བྱུང་།དུས་རབ་༡༦པ་ནས་༡༨པའི་བར་གྱི་ལོ་༣༠༠རིང་ལ་མཁས་པ་རྣམས་ཀྱིས་བརྟག་དཔྱད་ཟབ་ནན་བྱས་ཀྱང་དེའི་དོན་མ་རྟོགས། སྤྱི་ལོ་༡༧༩༩ལོར་ཧྥ་རེན་སིའི་དམག་དཔོན་ཞིག་གིས་ཨེ་ཅིབ་ཀྱི་རོ་སི་ཐ་(Rosetta,羅塞塔)ཞེས་པའི་ས་ཆ་ནས་རྡོ་རིང་ཞིག་རྙེད་པ་དེ་ཉིད་ཨེ་ཅིབ་ཀྱི་ཡི་གེའི་གསང་བ་འབྱེད་པའི་ལྡེའུ་མིག་ལྟ་བུར་གྱུར།དེ་ཡང་རྡོ་རིང་དེ་ནི་སྤྱི་ལོའི་སྔོན་གྱི་ལོ་༡༩༧ནས་༡༧༦པའི་བར་དུ་བཟོས་པ་ཞིག་ཡིན་ལ།དེའི་ངོས་ན་ཨེ་ཅིབ་ཡི་གེ་བརྐོ་བྲིས་དང་དམངས་བྲིས་དང་ཧེ་ལིན་གྱི་ཡི་གེ་གསུམ་ཤན་སྦྱར་ནས་བྲིས་ཏེ།ཨེ་ཅིབ་ཀྱི་བཙུན་པ་རྣམས་ཀྱིས་བྱས་པའི་རྒྱལ་པོའི་བསྟོད་པ་ཞིག་ཡིན་འདུག དེར་ཧེ་ལིན་གྱི་ཡི་གེ་ལས་དཔགས་ནས་ཨེ་ཅིབ་ཀྱི་དམངས་བྲིས་ཀྱི་དོན་ཤེས།དམངས་བྲིས་ལས་དཔགས་ནས་བརྐོ་བྲིས་ཀྱི་དོན་རྟོགས་ཤིང་།མཐར་བཙུན་བྲིས་ཀྱང་ཤེས་པས་ཐམས་ཅད་ཤེས་པར་གྱུར།དེའི་དབང་གིས་ཨེ་ཅིབ་ཀྱི་ལོ་༣༥༠༠རིང་གི་ལོ་རྒྱུས་དག་མི་རྣམས་ཀྱི་མིག་ལམ་དུ་སླར་ཡང་སྣང་བར་གྱུར་ཏོ། །
༼ཨེ་ཅིབ་ཀྱི་ལྷ་ཡིག༽
དེ་རྗེས་སྤྱི་ལོའི་སྔོན་གྱི་ལོ་༡༣༠༠སྔོན་ཙམ་ནས་ལྷོ་ཨེ་ཤ་ཡའི་རྨ་ཆུའི་འབབ་ཡུལ་དུ་རུས་སྦལ་གྱི་སྐོགས་དང་དུད་འགྲོའི་རུས་པའི་ངོས་སུ་བསྐོས་པའི་སྐོགས་རུས་ཡི་གེ་(甲骨文)ཞེས་པ་བྱུང་།འདི་སྐབས་སུ་ནུབ་ཕྱོགས་ཀྱི་ཡེ་ཤེས་དག་བྱུང་ཟིན་པས་ཡི་གེ་འདི་དེ་ལ་བརྟེན་ནས་བྱུང་བ་ཡིན་ཡང་རུང་ཞེས་ཟེར།གང་ལྟར་ཡང་རྒྱ་ནག་གི་ཧྲིང་(商)རྒྱལ་རབས་ཀྱི་མཇུག་གི་དུས་ཡུན་རྒྱལ་རབས་(殷朝)ཀྱི་སྐབས་ཙམ་ནས་བྱུང་སྟེ། སྐབས་དེར་རུས་སྦལ་གྱི་སྐོགས་དང་དུད་འགྲོའི་རུས་པའི་ངོས་སུ་མཚན་མ་སྣ་ཚོགས་པ་བཏབ་ནས་རྒྱལ་པོས་རྒྱལ་སྲིད་ཀྱི་བྱ་བ་ལ་མོ་འདེབས་ཤིང་།མོ་བཏབ་པའི་འབྲས་བུ་དང་བྱ་བ་བསྒྲུབས་པའི་མཇུག་འབྲས་རྣམས་སྐོགས་དང་རུས་པའི་ངོས་སུ་ཡི་གེར་བཀོད། ཡུན་རྒྱལ་པོའི་རབས་བཅུ་སྟེ་ལོ་༢༧༠ཙམ་གྱི་རིང་ལ་སྐོགས་རུས་ཡི་གེའི་ཟིན་ཐོ་འབོར་ཆེན་བྱས། འདི་ད་ལྟའི་རྒྱ་ནག་གི་ཡི་གེའི་རབས་སྔོན་མ་དེ་ཡིན་པར་གྲག་གོ །
འོན་ཀྱང་འདི་བར་སྐབས་སུ་ནུབ་ནས་སུས་ཀྱང་མི་ཤེས་པར་གྱུར།དེ་ནས་ལོ་སུམ་སྟོང་ལ་ཉེ་བ་ཙམ་སོང་བའི་རྗེས་ཀྱི་སྤྱི་ལོ་༡༨༩༩ལོར་པེ་ཅིང་ན་གནའ་བོའི་ཡི་གེ་ཞིབ་འཇུག་བྱེད་པའི་རྒན་པོ་ཝང་ཡུས་རོང་(王懿榮)ཞེས་པ་ནད་ཀྱིས་ཐེབས་ནས་རྒྱ་སྨན་བསྟེན་པའི་སྐབས་སུ་སྨན་དེའི་ནང་དུ་འབྲུག་རུས་ཞེས་པ་ཞིག་ཡོད་པའི་ངོས་སུ་རི་མོ་སྣ་ཚོགས་ཡོད་ཅིང་རི་མོའི་ནང་དུ་མཚལ་བྱུག་པའང་མཐོང་།ཁོས་དེ་གནའ་བོའི་ཡི་གེ་ཞིག་ཨེ་ཡིན་སྙམ་ནས་འབྲུག་རུས་མང་དུ་ཉོས་ནས་བརྟགས་པས་ཡི་གེ་ཞིག་ཡིན་པར་ཐག་ཆོད། དེ་ལས་ལོ་བཅུ་ཉི་ཤུ་ཙམ་གྱི་སྔོན་ནས་ཧུ་ནན་(河南)ཞིང་ཆེན་ཨན་ཡང་(安陽)རྫོང་གི་ཤོ་ཐུན་(小屯)གྲོང་གི་ཞིང་པ་རྣམས་ཀྱི་ཞིང་རྨོ་སྐབས་ཡི་གེ་ཅན་གྱི་རུས་པ་དེ་མང་དུ་རྙེད་ནས་སྨན་ཁང་ལ་བཙོང་བ་ལས་བྱུང་ཞིང་།གྲོང་དེ་ནི་སྔོན་གྱི་ཡུན་རྒྱལ་རབས་ཀྱི་རྒྱལ་ས་ཡིན་ནོ།ཡི་གེ་འདི་ད་ལྟ་ཚགས་སྡེབས་སུ་བྱས་པ་༤༠༠༠ཙམ་དང་དེ་ལས་བཀླག་ཤེས་པ་༡༠༠༠ཙམ་ཡོད་ཅེས་ཟེར་རོ། །
༼རྒྱ་ནག་གི་སྐོགས་རུས་ཡི་གེ༽
དེ་ལྟར་སོས་མེར་གྱི་མིས་གསར་བསྐྲུན་བྱས་པའི་འཛེར་ཡིག་དང་ཨེ་ཅིབ་ཀྱི་མི་རྣམས་ཀྱིས་གསར་བསྐྲུན་བྱས་པའི་ལྷ་ཡིག་དང་རྒྱ་ནག་གི་མིས་ཡུན་ཧྲིང་རྒྱལ་རབས་ཀྱི་དུས་སྐབས་སུ་བཟོས་པའི་རྐོགས་ཡིག་སྟེ། ཡི་གེ་འདི་གསུམ་ལ་གནའ་རབས་ཀྱི་ཡི་གེ་ཆེན་པོ་གསུམ་ཞེས་ཟེར་ཞིང་།གསུམ་པོའང་ཐོག་མའི་དུས་སུ་བརྗོད་བྱའི་དོན་དེ་ཉིད་ཀྱི་གཟུགས་དབྱིབས་རི་མོར་བྲིས་ཏེ་མཚོན་པར་བྱེད་པ་ཤ་སྟག་ཡིན།འདི་གསུམ་གྱི་ཕྱིའི་གཟུགས་དབྱིབས་མི་འདྲ་ཡང་ནང་གི་གྲུབ་ཚུལ་ཧ་ཅང་འདྲ་བ་ཡིན་ཞེས་ཟེར་རོ། །
གསུམ་པ་དབྱངས་གསལ་ཡི་གེ་ནི། འཛེར་ཡིག་དང་ལྷ་ཡིག་དག་བྱུང་ནས་ལོ་༢༠༠༠ཙམ་སོང་བའི་རྗེས་ཏེ།སྤྱི་ལོའི་སྔོན་གྱི་ལོ་༡༧༠༠ནས་༡༥༠༠ཙམ་གྱི་དུས་ན་དབྱངས་གསལ་གྱི་ཡི་གེ་འདི་རྣམས་ཡོད་པར་མངོན་ཏེ། ད་ལྟ་ཡོད་པའི་རྡོ་བསྐོས་ཀྱི་དབྱངས་གསལ་ཡི་གེ་ཆེས་སྔ་ཤོས་དེ་ཕ་ལི་སི་ཐན་(Palestine,巴勒斯坦)གྱི་ཡུལ་ནས་རྙེད་པའི་སྤྱི་ལོ་སྔོན་གྱི་ལོ་༡༧༠༠ཙམ་ན་བྱས་པ་དེ་ཡིན།འདི་རྣམས་ཤར་ས་དབུས་རྒྱ་མཚོའི་ཡུལ་མང་པོ་ནས་རྙེད་པ་སྟེ། བྱང་སེ་མུའུ་ཐིའི་(Semites,閃米特)དབྱངས་གསལ་ཞེས་བྱ།དེ་ཡང་ཡོ་རོབ་ཀྱི་ས་དབུས་རྒྱ་མཚོའི་ཤར་འགྲམ་གྱི་དེང་སང་ལེ་པ་ནོན་(Lebanon,黎巴嫩)རྒྱལ་ཁབ་ཀྱི་ཡུལ་འདིར་སྔོན་སི་རི་ཡ་ཕ་ལི་སི་ཐན་(Syria-Palestine,敘利亞.巴勒斯坦)ཞེས་བྱ་ཞིང་།ཡུལ་དེའི་མི་དམངས་རྣམས་ནི་ཚོང་ལ་བརྟེན་ནས་འཚོ་བ་དག་ཡིན། ཁོང་ཅག་གི་བྱང་དང་ཤར་ན་འཛེར་ཡིག་དར་ལ། ལྷོ་དང་ནུབ་ན་ཨེ་ཅིབ་ཀྱི་ལྷ་ཡིག་དར་མོད། འོན་ཀྱང་ཁོང་ཚོ་ལ་དཀའ་རྙོག་ཅན་གྱི་ཡི་གེ་དེ་དག་སློབ་སྦྱོང་བྱེད་པའི་ཁོམ་ལོང་མེད་པས་ཡི་གེ་དེ་དག་གི་ནང་དུ་ཡོད་པའི་སྒྲ་གདངས་མཚོན་བྱེད་ཀྱི་རྟགས་རྣམས་ལ་ལད་མོ་བྱས་ནས་རང་གི་སྐད་ཆའི་ནང་གི་གདངས་རྣམས་མཚོན་བྱེད་ཀྱི་མཚན་མའམ་རི་མོ་གསར་བསྐྲུན་བྱས་ཏེ། རི་མོ་དེ་རྣམས་ལ་བརྟེན་ནས་ཚོང་རྫས་རྣམས་ཀྱི་མིང་དང་རིན་གོང་སོགས་ཐོ་འགོད་བྱས།ཁོང་ཅག་ལ་དེ་སྐབས་སུ་དབྱངས་དང་གསལ་བྱེད་སོ་སོའི་གོ་དོན་མ་ཆགས་ཤིང་རང་གིས་བྱས་པའི་བྱ་བ་དེ་རླབས་ཆེ་བའི་གསར་བཏོད་ཅིག་ཡིན་པའི་བསམ་པའང་མེད་མོད། འོན་ཀྱང་འདི་ཕྱིས་ཀྱི་དབྱངས་གསལ་ཡི་གེ་ཐམས་ཅད་སྤྲོ་བའི་ས་བོན་དུ་གྱུར་པས་འཛམ་བུ་གླིང་གི་ཡི་གེའི་ལོ་རྒྱུས་ཀྱི་ཐོག་ཏུ་རླབས་ཆེ་བའི་གསར་བཏོད་ཅིག་ཏུ་གྱུར་ཏོ། །
༼བྱང་སེ་མུའུ་ཐིའི་དབྱངས་གསལ་ཡི་གེ༽
དེ་ལྟར་དབྱངས་གསལ་གྱི་ཡི་གེ་སྲོལ་བཏོད་པའི་རྗེས་ནས་དབྱངས་གསལ་གྱི་མ་ལག་བཞི་རུ་གྱེས་ཏེ། ཁ་ནན་(Canaanite,迦南)དབྱངས་གསལ་མ་ལག་དང་།ཨ་ར་མ་(Aramaic,阿拉馬)དབྱངས་གསལ་མ་ལག་དང་།ལྷོ་སེ་མུས་ཐུའམ་ས་པ་(Saba,撒巴)དབྱངས་གསལ་མ་ལག་དང་།ཧེ་ལིན་(Greek alphabet,希腊)དབྱངས་གསལ་མ་ལག་གོ །

日期: 2012-05-19

来自: ཨ་མའི་གླེབས་རིལ།

主题: སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས།

དེ་ནས་རིམ་བཞིན་དབྱངས་གསལ་གྱི་མ་ལག་དེ་རྣམས་འཛམ་གླིང་གི་ཤར་ནུབ་ཀྱི་ཕྱོགས་གཉིས་སུ་གྱེས་ནས་འཕེལ་རྒྱས་བྱུང་སྟེ། ཤར་ཕྱོགས་སུ་འཕེལ་བ་ནི་ཨ་ར་མ་དབྱངས་གསལ་མ་ལག་དང་རྒྱ་གར་དབྱངས་གསལ་མ་ལག་ཏུ་གྱུར། ནུབ་ཕྱོགས་སུ་གྱེས་པ་ནི་ཁ་ནན་དབྱངས་གསལ་མ་ལག་དང་ཧེ་ལིན་དབྱངས་གསལ་མ་ལག་ཏུ་གྱུར་ཏོ། ། དེ་ལས་ཨ་ར་མ་དབྱངས་གསལ་ཡི་གེ་དེ་ཨེ་ཤ་ཡའི་གླིང་ཧྲིལ་པོ་འཕྲེད་བཅད་དུ་འཕེལ་ནས་རིམ་པར་ཡིག་རིགས་བཅུ་ཕྲག་ལྷག་ཏུ་གྱུར་ཅིང་དེའི་བརྒྱུད་པ་གཙོ་བོ་ནི་ད་ལྟ་རྒྱལ་སྤྱིའི་ཐོག་ན་བཀོལ་བཞིན་པའི་ཨ་རབ་ཀྱི་དབྱངས་གསལ་ཡི་གེ་ཡིན་ནོ། །
དེ་ལ་ཨ་ར་མ་ཞེས་པ་ནི་སེ་རས་ཡ་དང་གཙང་པོ་གཉིས་ཀྱི་འབབ་ཡུལ་ན་གནས་པའི་ཨ་ར་མའི་མི་ཞེས་པའི་མི་རིགས་ཤིག་ཡིན་ལ། དེ་རྣམས་ཀྱི་ཡི་གེ་ལ་ཨ་ར་མ་དབྱངས་གསལ་ཡི་གེ་ཞེས་བྱ། ཡི་གེ་འདི་རྡོ་རིང་གི་ངོས་སུ་བརྐོས་པ་དག་ཨ་ར་མའི་མི་རྣམས་ཀྱི་གནས་དང་གཞན་ཡང་ཨེ་ཅིབ་དང་ཧེ་ལིན་དང་བྱང་ཨ་རབ་དང་རྒྱ་གར་སོགས་ནས་རྙེད་དེ། ཕལ་མོ་ཆེ་ཞིག་སྤྱི་ལོ་སྔོན་གྱི་དུས་རབས་དགུ་པ་ནས་བདུན་པའི་བར་དུ་བྱས་པ་དག་ཡིན། སྤྱི་ལོ་སྔོན་གྱི་དུས་རབས་བདུན་པ་ཙམ་ན་ཡི་གེ་འདི་སེ་རས་ཡ་དང་གཙང་པོ་གཉིས་འབབ་ཡུལ་གྱི་ཡོངས་ཁྱབ་ཏུ་བཀོལ་བའི་ཡི་གེར་གྱུར་བར་མ་ཟད་ཨེ་ཅིབ་ནས་ཨེ་ཤ་ཡ་ཆུང་བ་(Asia minor,小亞細亞)བརྒྱུད་རྒྱ་གར་བར་གྱི་རྒྱལ་སྤྱིའི་ཚོང་ལམ་ཐོག་ཏུ་བཀོལ་བའི་ཡི་གེར་ཡང་གྱུར་ཏོ། །
རྒྱ་གར་ན་སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པའམ་བརྒྱད་པ་ཙམ་སྟེ། བདག་ཅག་གི་སྟོན་པའི་སྔོན་གྱི་ལོ་བརྒྱ་ཕྲག་འགའ་ཞིག་ནས་ཡི་གེ་ཡོད་པར་འདོད་ཅིང་།ཡི་གེ་རྣམས་ཀྱི་ཕྱི་མོར་གྱུར་པ་ནི་པྲཧྨ་(Brami,婆羅米)ཞེས་བྱ་བའི་ཡི་གེ་ཡིན། འོན་ཀྱང་པྲཧྨ་ཞེས་པའི་མིང་འདི་ནི་སྤྱི་ལོའི་དུས་རབས་གསུམ་པའམ་བཞི་པ་ཙམ་ན་བྱུང་།དེའི་ཚེ་ན་ཡི་གེ་འདི་བྱུང་ནས་ལོ་སྟོང་ལྷག་ཙམ་སོང་བས་ཕྱིས་ཀྱི་མི་རྣམས་ཀྱིས་ཡི་གེ་འདི་ཚངས་པས་བྱས་པ་ཡིན་པར་འདོད་ནས་མིང་དེ་ལྟར་བཏགས་པ་སྟེ་པྲཧྨ་(Brami,婆羅馬)ཞེས་པ་ནི་ཚངས་པའི་མིང་ངོ་། །
དགེ་འདུན་ཆོས་འཕེལ་གྱི་གསུང་ལས།འདི་ལ་དེང་སང་བྲམ་ཟེའི་ཡི་གེའམ་ཚངས་པའི་ཡི་གེར་འབོད་དོ་ཞེས་གསུངས་དེ་འདི་ཡིན།དེ་སྐབས་ཀྱི་མུ་སྟེགས་པའི་རིག་བྱེད་རྣམས་ཀྱང་ཡི་གེ་འདིས་བྲིས་པ་ཡིན་ལ།སྟོན་པ་ཞལ་བཞུགས་པའི་ཚེ་ན་ཡབ་རྒྱལ་པོ་ཟས་གཙང་གིས་གཞོན་ནུ་རིང་དུ་མ་མཐོང་བས་མཐོང་བར་འདོད་ནས། མངལ་རུམ་བཞུགས་པ་ཚུན་ཆད་ནས།།བདག་གིས་ལེགས་པར་ཁྱོད་བསྲུངས་ཏེ།།ཉོན་མོངས་གདུགས་ཀྱིས་རབ་གདུགས་པས།།རྒྱལ་པོའི་ལྗོན་ཤིང་སྡོད་ཅིང་མཆིས།།སློབ་མའི་ཡལ་ག་རྩ་ལག་གིས།།ད་ལྟར་ཁྱོད་ནི་རྒྱས་གྱུར་པས།།གཞན་དག་བདེ་བས་དགའ་མཛད་ན།།བདག་ནི་སྡུག་བསྔལ་བསྟེན་པར་གྱུར།།གང་ཚེ་དང་པོ་ཁྱོད་བསྲུངས་ཚེ།།ཤིན་ཏུ་དོན་ཆེན་མཛད་ནས་ནི།།ཉེ་དུ་རྗེས་སུ་གཟུང་མཛད་ཅེས།།དེ་ཚེ་ཁྱོད་ཀྱིས་ཐུགས་དམ་བཅས།།དེ་སླད་གོ་འཕང་ཞི་བརྙེས་ཁྱོད། །བདག་དང་ཉེ་དུའི་ཚོགས་རྣམས་ལ།།རྗེས་སུ་ཐུགས་བརྩེའི་ཉེར་བཟུང་སྟེ།།འབྱོན་པའི་བློ་གྲོས་མཛད་དུ་གསོལ།།ཞེས་བྲིས་ནས་འཆར་ཀ་ལ་བསྐུར་བ་སྟོན་པ་ཉིད་ཀྱི་ཕྱག་གིས་བཞེས་ནས་ཀློག་པར་མཛད་པའི་འཕྲིན་ཡིག་དང་།སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོར་བཀའ་བསྡུ་དང་པོའི་སྐབས་སུ་སྡེ་སྣོད་གསུམ་ཡི་གེར་བཀོད་པ་དང་།མོར་ཡའི་(Maurya,摩立亞)རྒྱལ་རབས་ཀྱི་སྐབས་ལས་སྤྱི་ལོའི་སྔོན་གྱི་ལོ་༢༦༤ནས་༢༢༧ཙམ་གྱི་དུས་སུ་རྒྱལ་སྲིད་བཟུང་བའི་རྒྱལ་པོ་མྱ་ངན་མེད་ཀྱིས་བཙུགས་པའི་རྡོ་རིང་༣༥ཙམ་ལས་གཉིས་མ་གཏོགས་གཞན་ཐམས་ཅད་ཀྱི་ཡི་གེ་བཅས་པ་ཡིག་གཟུགས་འདིས་བྲིས་པ་ཤ་སྟག་ཡིན་པར་མངོན་ནོ། །
༼པྲཧྨའི་དབྱངས་ཡིག པྲཧྨའི་གསལ་བྱེད་ཡི་གེ པྲཧྨའི་དབྱངས་གསལ་གྱི་རྒྱུན་མཐོང་
གཟུགས་འགྱུར།༽
འོ་ན་ཡི་གེ་འདིའི་གཟུགས་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དགེ་འདུན་ཆོས་འཕེལ་གྱི་གསུང་ན་མགདྷའི་ཡི་གེའི་ཀ་དཔེ་བྲིས་འདུག་པ་དེ་རང་ཡིན། ཡི་གེ་འདིའི་འབྱུང་ཁུངས་ཐད་ལ་རྒྱ་གར་གྱི་མི་རང་གིས་གསར་བཏོད་བྱས་པའམ་ཡུལ་གཞན་ནས་བྱུང་བ་དང་།གཞན་ནས་བྱུང་ས་ལའང་འདོད་པ་མི་མཐུན་པ་འགའ་རེ་ཡོད་ཀྱང་ཟུང་ཟད་འཐད་པའི་ཕྱོགས་ནི་འདིའི་གཟུགས་ཕལ་མོ་ཆེ་ཞིག་ཨ་ར་མའི་དབྱངས་གསལ་ཡི་གེའི་རྣམ་པ་དང་འདྲ་བས་དེ་ལས་བྱུང་བར་འདོད་པ་དེ་ཡིན་པར་བྱེད་དོ། ། གནའ་བོའི་ཡི་གེ་འདིའང་ཕྱིས་རྒྱ་གར་གྱི་མི་རྣམས་གྱིས་ཡུན་རིང་པོའི་བར་བརྗེད་པར་གྱུར་ནས་དུས་རབས་བཅུ་དགུ་པའི་ནང་དུ་གདོད་གནའ་ཡིག་རྟོག་ཞིབ་པ་རྣམས་ཀྱིས་གསར་དུ་ཀློག་ཤེས་པར་གྱུར་པ་ཡིན་ནོ། །
དུས་རབས་བཞི་པའི་སྐབས་ན་རྒྱ་གར་གྱི་རྩོམ་རིག་དང་སྒྱུ་རྩལ་དར་ཞིང་རྒྱས་པས་པྲཧྨ་དབྱངས་གསལ་ཡི་གེ་ལའང་རིམ་པར་འགྱུར་བ་བྱུང་ནས་གུཔྟའི་(Gupta,笈多)དབྱངས་གསལ་ཡི་གེར་གྱུར། འདི་གུཔྟའི་རྒྱལ་རབས་ཀྱི་མིང་གིས་བཏགས་པའོ། །
གུཔྟའི་རྒྱལ་རབས་ལ་སྔ་ཕྱི་གཉིས་ལས་སྔ་མ་སྤྱི་ལོ་༣༢༠དུས་སུ་ཚུགས་ཤིང་།ཕྱི་མ་ནི་སྤྱི་ལོ་༥༣༥ནས་༧༣༠བར་དུའོ། ། དུས་རབས་བདུན་པའི་མཇུག་ཙམ་ན་གུཔྟའི་ཡི་གེ་དེའི་རྨང་གཞིའི་ཐོག་ནས་ན་ག་རའི་ཡི་གེ་བྱུང་།ན་ག་ར་ཞེས་པ་གྲོང་ཁྱེར་ཏེ་གྲོང་ཁྱེར་གཟུགས་ཀྱི་ཡི་གེ་ཞེས་པའི་དོན་ནོ། ། དུས་རབས་བརྒྱད་པའི་སྐབས་སུ་ན་ར་གའི་ཡི་གེ་ལས་ལཉྩའི་ཡི་གེ་བྱུང་བར་གྱུར་ཏོ། །
༼གུཔྟའི་ཡི་གེའི་དབྱངས་གསལ་རེའུ་མིག༽
བོད་གངས་ཅན་གྱི་ཡིག་གཟུགས་ནི་ཞ་ལུ་ལོ་ཆེན་གྱི་བཞེད་པས་ཐུ་མིས་ལཉྩ་ལ་དཔེ་བྱས་ནས་དབུ་ཅན་དང་ཝརྟུ་ལ་དཔེ་བྱས་ནས་དབུ་མེད་མཛད་པར་གསུངས། བུ་སྟོན་སོགས་ཀྱིས་ན་ག་རའི་ཡི་གེ་ལ་དཔེ་བྱས་ནས་བོད་ཡིག་མཛད་པར་བཞེད། དགེ་འདུན་ཆོས་འཕེལ་གྱིས་གུཔྟའི་ཡི་གེ་ལ་དཔེ་བྱས་ནས་མཛད་པར་གསུངས་པ་ལས། དགེ་འདུན་ཆོས་འཕེལ་གྱི་བཞེད་པ་འདི་ཉིད་དོན་ལ་གནས་པར་མངོན་ཏེ། སློབ་དཔོན་ཐུ་མི་རྒྱ་གར་དུ་ཡི་གེ་བསླབ་པའི་ཕྱིར་དུ་བྱོན་པ་ནི་ཡོངས་གྲགས་ཡིན་ལ།བྱོན་པའི་དུས་སྐབས་ཀྱང་དུས་རབས་བདུན་པའི་སྟོད་གུཔྟའི་རྒྱལ་རབས་ཕྱི་མའི་སྐབས་ཏེ།རྒྱ་གར་ན་གུཔྟའི་ཡི་གེ་འདི་ཉིད་སྤྱད་པའི་སྐབས་ཡིན་པ་དང་།གུཔྟའི་ཡི་གེ་འདི་ཉིད་ཕལ་མོ་ཆེ་ཞིག་བོད་ཡིག་དང་ཧ་ཅང་འདྲ་བ་སྟེ།དུས་གཅིག་པ་དང་ཡིག་གཟུགས་འདྲ་བ་འདི་གཉིས་དགེ་འདུན་ཆོས་འཕེལ་རང་ཉིད་ཀྱིས་བཀོད་པའི་རྒྱུ་མཚན་ཡིན་ལ།རྒྱུ་མཚན་འདི་གཉིས་ལ་རྗེས་དཔག་གི་ནུས་པ་ཅི་བས་ཀྱང་ཆེ།ཡིག་གཟུགས་འདྲ་བ་ལ་བརྟེན་ནས་བརྒྱུད་པ་སྔ་མ་འཚོལ་བར་བྱེད་པ་འདི་ནི་འཛམ་གླིང་གི་སྐད་ཡིག་ཆེད་མཁས་པ་དག་གི་རིགས་པའི་ལམ་སྲོལ་ཀྱང་ཡིན།དེ་ལས་གཞན་དུ་གུཔྟའི་ཡི་གེའང་སྐབས་དེ་དུས་ཀྱི་ན་ག་རའི་ཡི་གེ་ཡིན་པར་དགེ་ཆོས་ཀྱིས་གསུངས་སོ། །
དེ་ལྟ་ན་ནི་བུ་སྟོན་སོགས་ཀྱི་དགོངས་པ་དང་ཡང་མཐུན་མོད། འོན་ཀྱང་གུཔྟའི་ཡི་གེ་དང་ན་ག་རའི་ཡི་གེའི་ཟླས་ཕྱེས་པའི་ན་ག་རའི་ཡི་གེ་ནི་དུས་རབས་བདུན་པའི་མཇུག་ཙམ་ན་གུཔྟའི་ཡི་གེའི་རྨང་གཞིའི་ཐོག་ནས་བྱུང་བ་ཡིན་པར་སྐད་རིག་ཞིབ་འཇུག་པ་དག་གིས་གསུངས་པས་ཐུ་མི་རྒྱ་གར་དུ་བྱོན་པའི་དུས་སུ་ད་དུང་ན་ག་རའི་ཡི་གེ་མེད་ལ།ལཉྩ་ནི་དེ་བས་ཀྱང་འཕྱིས་པས་ཐུ་མིས་ཡི་གེ་དེ་དག་ལ་དཔེ་མཛད་ཚུལ་རིགས་པ་དང་མཐུན་པ་ཞིག་གཞག་ཏུ་མེད་པའི་ཕྱིར་རོ། །
འོ་ན་སློབ་དཔོན་ཐུ་མིས་བོད་ཡིག་མཛད་པའི་སྔོན་དུ་བོད་ལ་ཡི་གེ་ཡོད་དམ་ཞེ་ན།བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེ་ལས་མེད་པར་བཞེད།རྒྱ་ནག་གི་ཐང་གི་ལོ་རྒྱས་དང་ཏུན་ཧོང་གི་གཏེར་ཡིག་ལས་ཀྱང་མེད་པར་བཞེད། འོན་ཀྱང་བོན་པོ་རྣམས་ཀྱིས་སློབ་དཔོན་ཐུ་མིའི་སྔོན་དུའང་ཡི་གེ་ཡོད་དེ། གལ་དེ་ཡི་གེ་མེད་ན་བོན་གྱི་རིག་གནས་བཀའ་བསྟན་དེ་ཙམ་ཞིག་བརྒྱུད་ནས་འོང་ཚུལ་མེད་ལ། དེས་ན་ཞང་ཞུང་གི་ཡི་གེ་ནས་རིམ་པར་གཟུགས་འགྱུར་བ་ལས་བྱུང་བ་ཡིན་ཞེས་བཞེད་དོ། །
བཞེད་ཚུལ་འདི་ལ་ཅུང་ཟད་དཔྱད་ན།སློབ་དཔོན་ཐུ་མིས་བོད་ཀྱི་ཡི་གེ་མཛད་པའི་སྔོན་རོལ་དུ་ཡོད་པར་འདོད་པའི་བོད་ཀྱི་ཡི་གེ་དེའི་གཟུགས་བྲག་གམ་རྫའམ་ཡོ་བྱད་གཞན་དག་གི་ངོས་སུ་བྲིས་པ་དག་སྟོན་རྒྱུ་ཡོད་ན་ནི་འཛམ་བུ་གླིང་གི་མི་རིགས་གཞན་པ་དག་གི་གནའ་བོའི་ཡིག་རྙིང་བཞིན་དུ་རྩོད་མེད་དུ་འགྱུར་བ་ཡིན་ཏེ།མི་རིགས་དེ་དག་གིས་རང་གི་གནའ་རབས་ཀྱི་ཡི་གེ་དག་ཡུན་རིང་མོའི་བར་དུ་བརྗེད་པར་གྱུར་པ་སླར་རྙེད་ནས་ལོ་རྒྱུས་ཀྱི་ཕུགས་ཆོད་པ་གོང་དུ་བཤད་པ་ལྟ་བུ་ཡིན་མོད།འོན་ཀྱང་ཕངས་པ་ཞིག་ལ་སློབ་དཔོག་ཐུ་མིའི་ཕྱིས་ཀྱི་ཡེ་གེ་ལ་དེ་ཡོད་པ་ལས་སྔོན་དུ་བྲིས་པ་ཡིན་ངེས་ཀྱི་དེ་འདྲའི་ཡིག་གཟུགས་དེ་ད་དུང་རྙེད་པ་མ་མཐོང་བས་མངོན་སུམ་དུ་སྟོན་དཀའ་བར་སྣང་ངོ་། །
དེ་ལྟ་མོད་ཀྱི་རྗེས་སུ་དཔོག་བྱེད་ཀྱི་གཏན་ཚིགས་དེ་ལ་ནི་རྒྱུ་མཚན་ངེས་པ་ཅན་ཡོད་དེ།སྐད་རིག་པའི་ཆེད་ལས་མཁས་པ་དག་གིས་ཀྱང་མི་རིགས་ག་གེ་མོ་ཞིག་ལ་སྔར་ཡི་གེ་ཡོད་མེད་རྟོག་པ་ན།གཏན་ཚིགས་འདི་ཉིད་ཀྱིས་རྗེས་སུ་དཔག་ནས་ཡོད་པར་གཏན་ལ་འབེབ་པར་བྱེད་པ་མཐོང་ངོ་། །
དེའི་ཕྱིར་བོད་ལ་སློབ་དཔོན་ཐུ་མའི་ཡི་གེ་མཛད་པའི་སྔོན་དུ་བོན་པོའི་བཀའ་བསྟན་སོགས་འབྲི་བྱེད་ཀྱི་ཆོས་ཕྱོགས་སུ་བཀོལ་རྒྱུའི་ཡི་གེ་ཞིག་ནི་ཡོད་ལ།བོད་ཀྱི་སྤྱི་ཚོགས་ཡོངས་ཀྱིས་བཀོལ་ཐུབ་པའི་ད་ལྟའི་ཡི་གེ་ལྟ་བུ་སྟབས་བདེ་བ་ཞིག་ནི་མེད་ཅེས་བརྗོད་ན་རེ་ཞིག་རིགས་པའམ་ལོ་རྒྱུས་དང་མཐུན་པས་དོན་ལ་གནས་པར་འགྱུར་རོ་སྙམ་དུ་སེམས་ཀྱང་ད་དུང་འདི་ལ་ཞིབ་ཏུ་དཔྱད་པར་བྱའོ། །
དེ་ལྟར་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ནང་དུ་ལོ་ཁྲི་ཕྲག་གཅིག་ཙམ་གྱི་རིང་ལ་ཡུལ་གྲུ་སོ་སོའི་མི་རྣམས་ཀྱིས་ཡི་གེ་སྣ་ཚོགས་པ་བཟོས་ཏེ་བརྒྱ་ཕྲག་ནས་སྟོང་ཕྲག་གི་བར་དུ་འཕེལ་བར་གྱུར།དེ་རྣམས་ཐམས་ཅད་ཚུར་བསྡུ་ན་རིགས་གཉིས་སུ་འདུ་སྟེ།རྒྱ་ནག་དང་ཨེ་ཅིབ་ཀྱི་ཡི་གེ་ལྟ་བུ་བརྗོད་བྱའི་གཟུགས་རིས་འབྲི་བ་དང་།ཨ་རབ་དང་རྒྱ་གར་གྱི་ཡི་གེ་ལྟ་བུ་སྒྲ་གདངས་མཚོན་བྱེད་ཀྱི་མཚན་མ་སྟེ་དབྱངས་གསལ་ཡི་གེ་གཉིས་སོ། །

日期: 2012-05-19

来自: ཨ་མའི་གླེབས་རིལ།

主题: སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས།

གཉིས་པ་སྐད་ཡིག་གི་གནས་པའི་ལོ་རྒྱུས་བརྗོད་པ་ནི།སྐད་ཡིག་གི་གནས་པ་ཞེས་པ་ནི་སྐད་དང་ཡི་གེ་རྣམས་སྔོན་མེད་གསར་དུ་བྱུང་ནས་ནུབ་པར་མ་གྱུར་པའི་གནས་སྐབས་ཏེ།གོང་དུ་སྨྲས་པ་ལྟར་འཛམ་བུ་གླིང་གི་མི་རིགས་སོ་སོའི་ཁྲོད་དུ་སྐད་དང་ཡི་གེ་སྟོང་ཕྲག་མང་པོ་སྔོན་མེད་གསར་དུ་སྐྱེས་ཤིང་།དེ་ལས་དུ་མ་ཞིག་རང་རང་བྱ་བ་བྱས་མཐར་ཤི་བར་གྱུར་ཟིན།ཕལ་མོ་ཆེ་ཞིག་ནི་ད་དུང་ཡང་འཛམ་བུ་གླིང་འདི་ན་འཚོ་ཞིང་གནས་ཏེ་མི་རྣམས་ཀྱི་ཞེ་འདོད་གོ་བར་བྱེད་བཞིན་པ་ཡིན། འོ་ན་འཛམ་བུ་གླིང་ན་སྐད་དང་ཡི་གེ་དུ་ཙམ་ཞིག་ད་ལྟ་ཡོད་ཅེ་ན།འདི་ལ་དུས་རབས་ཉི་ཤུའི་སྟོད་དུ་བྱུང་བའི་སྐད་རིག་པ་སྨྲ་བ་རྣམས་ཀྱིས་ལན་གང་ཡང་མི་འདེབས་ཏེ་རེ་ཞིག་གཡོལ་ཐབས་བྱེད། འགའ་ཞིག་གིས་སྐད་རིགས་སྟོང་གསུམ་ཡོད་ཟེར།འགའ་ཞིག་གིས་ནི་ཁྲི་གཅིག་ཡོད་ཅེས་ཀྱང་ཟེར།འོན་ཀྱང་དེང་དུས་སུ་ས་ལྒང་ཧྲིལ་པོའི་ཐོག་ནས་གཞི་ཁྱོན་ཆེས་ཆེ་བའི་བརྟག་དཔྱད་ཀྱི་སྙན་ཞུ་མི་རིགས་ཀྱི་ཟིན་ཐོ་ཞེས་པ་༡༩༩༦ལོའི་སྐབས་༡༣པ་ལས་སྐད་རིགས་ཀྱི་མིང་གི་རྣམ་གྲངས་བགྲང་བ་ལ་༦༧༠༣བྱུང་ཞིང་།༡༩༩༦ལོར་རྒྱལ་སྤྱིའི་སྐད་རིག་པའི་ཤེས་བྱ་ཀུན་འདུས་ལས་༦༣༠༠ཡོད་ཟེར།འཛམ་གླིང་གི་སྐད་རིགས་ས་ཁྲ་ཞེས་པ་ལས་སྐད་རིགས་༦༧༩༦བགྲངས་ཡོད།དེས་ན་དེང་སང་མི་རྣམས་ཀྱིས་རྒྱུན་པར་སྨྲ་རྒྱུའི་སྐད་རིགས་ཀྱི་གྲངས་ནི་དྲུག་སྟོང་ཡར་མར་ཙམ་ཞིག་ཡིན། འཛམ་གླིང་ན་སྙན་གྲགས་ཡོད་པའི་སྐད་རིག་པའི་མཁས་དབང་ཏེ་ཝི་ཁི་རེ་སི་ཐིལ་(David Crystal,大衛.克里斯托)ཞེས་པས་སྤྱི་ལོ་༢༠༠༠ལོའི་སྐབས་སུ་འཛམ་གླིང་གི་སྐད་རིགས་ཀྱི་བསྡོམས་གྲངས་དེ་སྟོང་ཕྲག་ལྔ་ཡན་ཆད་དང་བདུན་མན་ཆད་དེ་སྟོང་ཕྲག་དྲུག་ཡར་མར་ཙམ་ཞིག་ཡིན་ཞེས་ཟེར་རོ། །
སྐད་རིགས་དེ་རྣམས་སྨྲ་མཁན་མང་ཉུང་གི་སྒོ་ནས་དབྱེ་ན།ཏེ་ཝེ་ཁི་རེ་སི་ཐིལ་གྱིས་བརྩམས་པའི་སྐད་ཀྱི་འཆི་བ་ཞེས་པའི་གཞུང་ལས།སྨྲ་མཁན་མི་དུང་ཕྱུར་གཅིག་ཡན་ཆད་ཡོད་པའི་སྐད་རིགས་བརྒྱད་ཡོད་དེ། དབྱིན་ཇི་དང་།བྷང་ག་ལ་དང་།རྒྱ་ནག་དང་།སི་ཕེན་(Spain,西班牙)དང་།ཧིན་རྡི་(Hindi,印地)དང་།ཕོར་ཐུ་གལ་(Portugal,葡萄牙)དང་།ཨུ་རུ་སུ་དང་འཇར་པན་བཅས་ཡིན།སྨྲ་མཁན་གྱི་མི་བྱེ་བ་གཅིག་ནས་བྱེ་བ་དགུ་དང་ས་ཡ་དགུ་དང་འབུམ་དགུ་དང་ཁྲི་དགུ་དགུ་སྟོང་དགུ་བརྒྱ་གོ་དགུའི་བར་ཡོད་པའི་སྐད་རིགས་༧༢ཡོད།སྨྲ་མཁན་ས་ཡ་གཅིག་ནས་ས་ཡ་དགུ་དང་འབུམ་དགུ་དང་ཁྲི་དགུ་དགུ་སྟོང་དགུ་བརྒྱ་གོ་དགུའི་བར་ཡོད་པའི་སྐད་རིགས་༢༣༩ཡོད།འབུམ་གཅིག་ནས་འབུམ་དགུ་དང་ཁྲི་དགུ་དགུ་སྟོང་དགུ་བརྒྱ་གོ་དགུའི་བར་ཡོད་པའི་སྐད་རིགས་༧༩༥ཡོད།སྨྲ་མཁན་གྱི་མི་ཁྲི་གཅིག་ནས་ཁྲི་དགུ་དགུ་སྟོང་དགུ་བརྒྱ་གོ་དགུའི་བར་དུ་ཡོད་པའི་སྐད་རིགས་༡༦༠༥ཡོད།སྨྲ་མཁན་གྱི་མི་སྟོང་གཅིག་ནས་དགུ་སྟོང་དགུ་བརྒྱ་གོ་དགུའི་བར་དུ་ཡོད་པའི་སྐད་རིགས་༡༧༨༢ཡོད།སྨྲ་མཁན་གྱི་བརྒྱ་ནས་དགུ་བརྒྱ་གོ་དགུའི་བར་དུ་ཡོད་པའི་སྐད་རིགས་༡༠༧༥ཡོད། སྨྲ་མཁན་གྱི་མི་བཅུ་ནས་དགུ་བཅུ་གོ་དགུའི་བར་དུ་ཡོད་པའི་སྐད་རིགས་༣༠༢ཡོད། སྨྲ་མཁན་གྱི་མི་གཅིག་ནས་དགུའི་བར་དུ་ཡོད་པའི་སྐད་རིགས་༨༡ཡོད་ཅེས་ཟེར་རོ། །
གཞན་ཡང་སྐད་རིགས་༡༧༨ལ་སྨྲ་མཁན་གྱི་མི་༡༠ནས་༥༠བར་ཙམ་ལས་མེད། སྐད་རིགས་༡༩༩ལ་
སྨྲ་མཁན་གྱི་མི་༡༢ཙམ་རེ་ལས་མེད།སྐད་རིགས་༥༡ལ་སྨྲ་མཁན་གྱི་མི་རེ་རེ་ལས་མེད་ཅེས་ཟེར་བའང་སྣང་ངོ་།ཡང་སྙན་ཞུ་འགའ་ཞིག་ལས་སྨྲ་མཁན་དུང་ཕྱུར་ཡན་ཆད་ཅན་གྱི་སྐད་རིགས་བཅུ་ཞེས་ཟེར་ཏེ།གོང་གི་བརྒྱད་པོའི་ནང་ནས་ཕོར་ཐུ་གལ་གྱི་སྐད་མ་གཏོགས་པ་བདུན་དང་རྒྱ་ནག་གི་སྐད་ལ་རྒྱ་སྐད་དང་ཡེ་སྐད་(奧語)ཅེས་གཉིས་སུ་དབྱེ། ཡེ་སྐད་ཅེས་པ་ཀྲུང་གོའི་ལྷོ་ཕྱོགས་
ཀོང་ཏུང་དང་ཀོང་ཤིའི་ཡུལ་གྱི་སྐད་ཡིན།དེ་དག་གི་སྟེང་དུ་ཧྥ་རན་སི་དང་འཇར་མན་གྱི་སྐད་སྣོན་པར་བྱེད་དོ། །
གོང་གི་སྐད་རིགས་སྔ་མ་བརྒྱད་པོ་དེ་རྣམས་ཀྱི་སྨྲ་མཁན་མི་གྲངས་བསྡོམས་ན་དུང་ཕྱུར་ཉེར་བཞིར་སོན།འཛམ་གླིང་གི་སྐད་ཡོངས་ལ་སྨྲ་མཁན་མང་ཉུང་གིས་ཕྱེས་པའི་སྔོན་མ་ཉི་ཤུ་ཐམ་པའི་སྨྲ་མཁན་མི་གྲངས་བསྡོམས་ན་དུང་ཕྱུར་༣༢ཡོད་པས་འཛམ་གླིང་གི་མི་གྲངས་ཡོངས་ཀྱི་ཕྱེད་ཀ་ཙམ་ཟིན། དེས་ན་འཛམ་གླིང་གི་སྐད་རིགས་ཡོངས་ལས་བརྒྱ་ཆ་༩༦ལ་སྨྲ་མཁན་གྱི་མི་འཛམ་གླིང་མི་གྲངས་སྤྱིའི་བརྒྱ་ཆ་བཞི་ལས་མེད་ལ།འཛམ་གླིང་གི་མིའི་བརྒྱ་ཆ་༩༦གིས་སྐད་རིགས་བརྒྱ་ཆ་བཞི་ཙམ་ཞིག་འཆད་པ་
ཡིན་ནོ། །
སྨྲ་མཁན་གྱི་མི་དུང་ཕྱུར་བརྒལ་བའི་སྐད་དེ་རྣམས་ནི་མི་ཞིག་ལ་དཔེར་མཚོན་ན་ན་ཚོད་གཞོན་པའམ་ཧ་ཅང་དར་ལ་བབས་པ་ལྟ་བུའི་གནས་སྐབས་ཡིན་ལ།སྨྲ་མཁན་གྱི་མི་རིགས་ཉམས་ཏེ་ཧ་ཅང་ཉུང་བར་གྱུར་པ་དེ་རྣམས་ནི་རྒས་ཤིང་འཁོགས་ནས་འཆི་བ་ལ་ཉེ་བའམ་མངོན་དུ་ཕྱོགས་པར་གྱུར་པའི་གནས་སྐབས་ལྟ་བུ་ཡིན་ནོ། །
འོ་ན་འཛམ་བུ་གླིང་ན་ཡི་གེ་དུ་ཙམ་ཞིག་ཡོད་ཅེ་ན།སྐད་དེ་རྣམས་ལས་བརྒྱ་ཆ་༧༠ཙམ་ཞིག་ལ་ཡི་གེ་མེད་དེ།ཡི་གེ་ཡོད་པའི་སྐད་ནི་༡༥༠༠ཙམ་ཡིན་ཞེས་ཟེར་བ་སྣང་།དེ་ལྟར་སྐད་དང་ཡི་གེ་འདི་རྣམས་ཀྱིས་ད་ལྟ་འཛམ་བུ་གླིང་ན་མི་རྣམས་ལ་བརྡ་སྤྲོད་ཀྱི་བྱ་བ་བྱེད་ལ།ཕྱི་ནང་གི་ཆོས་ལུགས་ཆེན་པོ་རྣམས་དང་གནའ་དེང་གི་འཇིག་རྟེན་པའི་རིག་གནས་སྣ་ཚོགས་ཀྱི་བརྗོད་བྱ་ལུང་དུ་སྟོན་ཅིང་མི་རིགས་རང་རང་གི་བསམ་བློ་དང་རིག་གནས་དང་དེར་མ་ཟད་མི་རིགས་རང་གི་ངོ་བོ་དང་བཅས་པའི་རྒྱུན་འཛིན་ཅིང་མི་ནུབ་པར་གནས་པའི་བྱ་བ་བྱེད་བཞིན་པ་ཡིན་ནོ། །
གསུམ་པ་སྐད་ཡིག་གི་འཆི་བའི་ལོ་རྒྱུས་བརྗོད་པ་ནི།འཆི་བའི་ངོ་བོ་དང་།འཆི་བ་བྱུང་ཚུལ་དང་།འཆི་བའི་རྒྱུ་རྐྱེན་དང་།འཆི་བའི་ལྟས་དང་།ཤི་བའི་མཇུག་འབྲས་དང་།འཆི་བ་སྐྱོབ་ཚུལ་བཤད་པ་དྲུག་ལས།དང་པོ་སྐད་ཡིག་གི་འཆི་བའི་ངོ་བོ་བཤད་པ།སྐད་ཡིག་གི་འཆི་བ་ཞེས་པ་ནི།སྐད་དང་ཡི་གེ་རྣམས་སྐྱེས་ཤིང་གནས་པའི་རྗེས་སུ་རྒྱུ་རྐྱེན་སྣ་ཚོགས་པ་ལ་བརྟེན་ནས་ཉམས་ཤིང་རྒུད་དེ་མཐར་ཡོངས་སུ་ནུབ་པར་གྱུར་ནས་དེ་ཕན་ཆད་མི་ཡུལ་འདི་ན་སྐད་ཆ་དེ་འཆད་མཁན་གྱི་མི་གཅིག་ཀྱང་མེད་པར་གྱུར་པ་སྟེ། དཔེར་ན།ཁ་ས་པེའི་(Kasabe)སྐད་རིགས་དེ་སྤྱི་ལོ་༡༩༩༥ལོའི་ཟླ་བ་༡༡པའི་ཚེས་༤ཉིན་ད་དུང་གསོན་པོ་ཡིན་ལ།ཚེས་༥ཉིན་ཤི་བར་གྱུར་པ་ལྟ་བུ་སྟེ། དེ་ཡང་ཁ་ས་པེའི་སྐད་སྨྲ་མཁན་གྱི་མི་རྣམས་ཀྱི་ནང་ནས་ཆེས་རྗེས་མ་དེ་པོ་གོམ་(Bogon)ཞེས་པའི་མི་དེ་ཡིན། སྐད་དེ་སྨྲ་མཁན་མི་གཅིག་པོ་དེ་ལས་མེད།མི་དེ་༡༩༩༥ལོའི་ཟླ་བ་༡༡པའི་ཚེས་༥ཉིན་ཤི་བར་གྱུར་པས་ཁ་ས་པེའི་སྐད་ཀྱང་ཕྱི་མའི་ཡུལ་དུ་ཁྱེར་ནས་སོང་།དེའི་ཤུལ་ན་སྲིང་མོ་ཞིག་ཡོད་ཀྱང་དེས་ཁ་ས་པེའི་སྐད་ཉན་པ་ཙམ་ལས་སྨྲ་མི་ཤེས།བུ་དང་ཚ་བོ་རྣམས་ཀྱི་ནང་ན་ནི་སྐད་དེ་ཤེས་མཁན་གཅིག་ཀྱང་མེད་པས་སྐད་དེ་ཉིད་སའི་སྟེང་ནས་ནུབ་པར་གྱུར་པ་ལྟ་བུའོ། །
སྐད་དང་ཡི་གེ་ནི་རིག་གནས་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས་དེ་ལྟར་དུ་ནུབ་པར་གྱུར་ན་དེ་ལ་བརྟེན་པའི་རིག་གནས་ཐམས་ཅད་ཀྱང་ནུབ་པར་འགྱུར་བ་ཡིན་ཏེ།དཔེར་ན་རྒྱ་མཚོར་བསྐྱོད་པའི་གྲུ་གཟིངས་ཞིག་པར་གྱུར་ན་དེའི་ནང་དུ་ཡོད་པའི་ནོར་རྫས་ཐམས་ཅད་རྒྱ་མཚོའི་ནང་དུ་ནུབ་ནས་བརླག་པར་འགྱུར་བ་ལྟ་བུ་ཡིན།དེས་ན་སྐད་དང་ཡི་གེ་ཇི་ལྟར་ཇེ་ཉུང་དུ་སོང་བ་དེ་ལྟར་དུ་མིའི་འཇིག་རྟེན་དུ་བསམ་བློ་དང་རིག་གནས་སྣ་ཁ་ཇེ་ཉུང་དུ་འགྲོ་བ་ཡིན་པས་མིའི་རིགས་སྤྱི་ལའང་གྱོང་རྒུད་ཤིན་ཏུ་ཆེ་ཞིང་།གང་གི་སྐད་ཡིག་མེད་པར་གྱུར་པའི་མི་རིགས་དེ་ཉིད་ནི་ཕ་སྐད་ནུབ་ན་མི་རིགས་འཆི་ཞེས་པ་ལྟར་དེ་ནས་བཟུང་མཇུག་རྫོགས་པ་ཡིན་པས་གྱོང་རྒུད་ཆེའམ་མི་ཆེ་ཞེས་དཔྱད་དུ་མེད་དོ། །
མདོར་ན་ཐོག་མར་སྐད་དང་ཡི་གེ་གཉིས་པོ་བཀོལ་སྤྱོད་བྱེད་མཁན་གྱི་མི་གཅིག་ཀྱང་མེད་པར་གྱུར་ནས་གཏན་དུ་ཤི་ཞིང་།དེའི་དབང་གིས་མི་རིགས་དེའི་རིག་གནས་མཐའ་དག་ངང་གིས་ནུབ་ཅིང་།མཐར་མི་རིགས་དེ་ཉིད་ཀྱང་ཧྲིལ་གྱིས་གཞན་ཞིག་ཏུ་གྱུར་ཏེ་སྔར་གྱི་རྗེས་ཤུལ་ཙམ་ཡང་མི་མངོན་པར་འགྱུར་བའི་བྱེད་ལས་ཅན་གྱི་རིགས་གནས་ཀྱི་ཆག་སྒོ་ཆེན་པོ་ཞིག་གོ །
གཉིས་པ་འཆི་བ་བྱུང་ཚུལ་བཤད་པ་ནི།དུས་རབས་ཉི་ཤུ་པའི་ནང་དུ་སྐད་རིགས་སྟོང་ཕྲག་གཅིག་ནུབ་ཏེ་སའི་གོ་ལའི་སྟེང་ནས་མེད་པར་གྱུར་ཅེས་ཟེར།ད་ལྟ་མ་མཐའ་ཡང་གཟའ་འཁོར་གཉིས་རེའམ་ཟླ་བ་ཕྱེད་རེ་ནས་སྐད་རིགས་རེ་རེ་ནུབ་པར་འགྱུར་བཞིན་པ་ཡིན་ཏེ།ཨ་མེ་རི་ཁའི་ཨ་ར་སི་ཁ་སློབ་གྲྭ་ཆེན་མོའི་སྐད་རིག་པ་པ་ཁི་རོ་སི་(Michael Krauss,克劳斯)ལ་སོགས་སྐད་
རིག་པ་པ་གསུམ་གྱིས་མགྲིན་གཅིག་ཏུ་ད་ལྟ་ནས་ལོ་བརྒྱའི་རྗེས་སུ་མིའི་རིགས་ཀྱི་སྐད་ལས་བརྒྱ་ཆ་ལྔ་བཅུ་ཙམ་ཞིག་ནུབ་ནས་མེད་པར་འགྱུར་ཞེས་སྨྲས་པའི་ཕྱིར་ཏེ།མིའི་རིགས་ཀྱི་སྐད་ཀྱི་བརྒྱ་ཆ་ལྔ་བཅུ་ནི་སྐད་རིགས་སུམ་སྟོང་ཙམ་ཞིག་ཡིན་ལ།ལོ་བརྒྱ་ཐམ་པ་དེ་ཟླ་བར་བསིལ་ན་ཟླ་བ་ཆིག་སྟོང་ཉིས་བརྒྱ་ཡོད་ཅིང་གོང་གི་སྐད་ཀྱི་གྲངས་དེ་དེར་བགོས་ན་མ་མཐར་ཡང་ཆ་མཉམ་དུ་གཟའ་འཁོར་གཉིས་རེ་ནས་སྐད་རིགས་རེ་རེ་ཤི་ནས་མེད་པར་འགྱུར་དགོས་པའི་ཕྱིར་རོ། །

日期: 2012-05-19

来自: ཨ་མའི་གླེབས་རིལ།

主题: སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས།

ཡང་ཁོ་རོ་སིས་བསྡོམས་རྩིས་ཀྱི་དན་གྲངས་མང་པོ་ལ་གཞི་བྱས་ཏེ་སྨྲས་པ།འདི་ལྟར་བརྩི་བ་དོན་དང་མཐུན་པ་ཡིན་དགོས་པར་ངེད་ཀྱིས་འདོད་པ་ཡིན་ཏེ།དངོས་པོ་རྣམས་འཕེལ་རྒྱས་སུ་འགྲོ་བའི་ད་ལྟའི་འགྲོས་ཚད་འདི་ལ་གཞིགས་ན་དུས་རབས་རྗེས་མ་འདིའི་ནང་དུ་མིའི་རིགས་ཀྱི་སྐད་ལས་བརྒྱ་ཆ་༩༠ཐམ་པ་དེ་གལ་ཏེ་དངོས་སུ་ཤི་བར་མ་གྱུར་ཀྱང་ངེས་པར་འཆི་བའི་གནས་སུ་འགྱུར་ཞེས་ཟེར།དེ་ལྟ་ན་ནི་སྐད་རིགས་༦༠༠ཙམ་མ་གཏོགས་གཞན་ཐམས་ཅད་འཆི་ངེས་སུ་འགྱུར་བ་ཡིན། ཚོད་རྩིས་འདིའི་དབང་དུ་བྱས་ན་སྐད་རིགས་དྲུག་སྟོང་ཡར་མར་ཙམ་ཞིག་ནུབ་པར་འགྱུར་བས་ཕལ་ཆེར་གཟའ་འཁོར་གཅིག་ཙམ་མམ་གཅིག་ལྷག་ཙམ་རེ་ལ་སྐད་རིགས་རེ་ཤི་བའམ་འཆི་ངེས་ཀྱི་གནས་སུ་འགྱུར་དགོས་པ་ཡིན།འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་(UNESCO)ཀྱིས་༢༠༠༩ལོའི་ཟླ་༢པའི་༡༩ཉིན་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནས་བསྒྲགས་པའི་རིས་དཔེ་ལས་འཛམ་གླིང་གི་སྐད་རྣམས་ལས་༢༥༡༡ཙམ་ཞིག་ཉག་ཕྲ་བ་དང་ཉེན་ཁ་དང་ལྡན་པ་དང་ཧ་ཅང་ཉེན་ཁ་དང་ལྡན་པའི་གནས་སུ་གྱུར་པས་ས་སྟེང་ནས་ནུབ་པའི་ཉེན་ཁ་ལ་མངོན་དུ་ཕྱོགས་པར་ཡོད་ཅེས་ཟེར།གྲངས་ཀ་འདི་༢༠༠༡ལོ་བསྒྲགས་པའི་ཉེན་ལྡན་སྐད་རིགས་ཀྱི་གྲངས་ལས་ལྡབ་འགའ་ཞིག་གི་ཇེ་མང་དུ་སོང་།རྩ་འཛུགས་འདིས་ཚོད་རྩིས་ལྟར་ན་ལོ་༢༥༠ཐམ་པའི་རྗེས་སུ་མི་རྣམས་ཀྱིས་དབྱིན་ཇི་དང་རྒྱ་ནག་དང་ཧྥ་རན་སི་དང་སི་ཕེན་དང་ཕོར་ཐི་གལ་གྱི་སྐད་སོགས་ཉུང་ཤས་ཤིག་ལས་གཞན་མི་ཤེས་པར་འགྱུར་ཞེས་ཟེར་རོ། །
སྐད་རིགས་མང་པོ་ཞིག་ད་ལྟ་དངོས་སུ་ནུབ་པ་མིན་ཡང་ནུབ་མ་རག་པར་གྱུར་ཏེ་སྨྲ་མཁན་གྱི་མི་འགའ་རེ་ལས་མེད་པར་གྱུར་ཡོད་དེ། ཏེ་ཝེ་ཁི་རེ་སི་ཐིལ་གྱི་སྐད་ཀྱི་འཆི་བ་ཞེས་པའི་གཞུང་ལས། སྨྲ་མཁན་གྱི་མི་གྲངས་མང་ཉུང་གི་དབང་དུ་བྱས་ན་འཛམ་བུ་གླིང་གི་སྐད་རིགས་༥༡ལ་སྨྲ་མཁན་གྱི་མི་གཅིག་རེ་ལས་མེད། སྐད་རིགས་༥༠ཐམ་པ་ལ་སྨྲ་མཁན་གྱི་མི་༡༠ཙམ་རེ་ལས་མེད། སྐད་རིགས་༥༠༠ལ་སྨྲ་མཁན་གྱི་མི་༡༠༠ཙམ་རེ་ལས་མེད།སྐད་རིགས་༡༥༠༠ལ་སྨྲ་མཁན་གྱི་མི་༡༠༠༠ཙམ་རེ་ལས་མེད།སྐད་རིགས་༥༠༠༠ལ་སྨྲ་མཁན་གྱི་མི་འབུམ་གཅིག་ཙམ་རེ་ལས་མི་འདུག་ཅེས་སྨྲས་ཏེ།འདི་རྣམས་ཀྱང་སྐད་རིགས་རིམ་གྱིས་ཉམས་ཏེ་མཐར་སྨྲ་མཁན་གྱི་མི་དེ་ཙམ་རེ་ལས་ལྷག་མར་མ་ལུས་པ་ཡིན་གྱི།དང་པོ་ནས་སྐད་རིགས་ཤིག་ལ་སྨྲ་མཁན་གྱི་མི་བཅུ་ཕྲག་ཙམ་རེ་ལས་མེད་པ་སོགས་ནི་མ་ཡིན་ཏེ།དཔེར་ན།ཧྥ་རན་སིའི་པུ་རེ་ཐོ་ནུའི་སྐད་ལ་སྤྱི་ལོ་༡༩༠༥ལོར་སྨྲ་མཁན་གྱི་མི་ཚོད་རྩིས་བྱས་ན་ཁྲི་ཕྲག་༡༤༠ཙམ་ཡོད་ཀྱང་ད་ལྟ་སྐད་དེ་ལེགས་པར་སྨྲ་ཐུབ་མཁན་གྱི་མི་ཁྲི་ཚོ་༢༥ཙམ་ལས་མེད་པར་གྱུར་ཟིན་པ་དང་།ཨ་མེ་རི་ཀ་བྱང་མ་ན་སྔར་གྱི་དུས་སུ་ཡུལ་སྐད་རིགས་མི་འདྲ་བ་༡༠༠༠ཙམ་ཞིག་ཡོད་ཀྱང་ད་ལྟ་གཞུང་ཕྱོགས་ཀྱིས་ཁས་བླངས་པའི་སྐད་རིགས་བཅུ་གྲངས་ཙམ་ལས་མེད།
ཁེ་ན་ཏར་༡༩༨༡ལོར་ཡུལ་སྐད་༥༠ཙམ་ཡོད་ཀྱང་༡༩༩༦ལོར་སྨྲ་མཁན་གྱི་མི་མང་ཙམ་ཡོད་པའི་སྐད་རིགས་གསུམ་ཙམ་ལས་མེད་པར་གྱུར།ཨོ་སི་ཐྲ་ལི་ཡར་དུས་རབས་༡༨པའི་སྐབས་སུ་ཡུལ་སྐད་༢༥༠ཙམ་ཡོད་ཀྱང་ད་ལྟ་༢༥ལས་མེད་པར་གྱུར། བྷ་རེ་ཟེ་(Brazil,巴西)ན་སྤྱི་ལོ་༡༥༠༠ཙམ་གྱི་དུས་སུ་སྐད་ཀྱི་གྲངས་ཀ་ཚོད་དཔག་བྱས་ན་༡༡༧༥ཡར་མར་ཞིག་ཡོད་ཀྱང་ད་ལྟ་ལུས་པ་ལ་༢༠༠ཙམ་གྱི་ཁར་ཡང་མི་ལོང་བ་དང་།ཀྲུང་གོའི་ཐོའུ་ཅ་(土家)མི་རིགས་ལ་ད་ལྟ་མི་གྲངས་ས་ཡ་བརྒྱད་ཡོད།འོན་ཀྱང་དེའི་ནང་ན་མི་རིགས་རང་གི་སྐད་ཤེས་མཁན་བརྒྱ་ཆ་གཅིག་ལས་མི་འདུག་ལ། དེ་ཡང་ལོ་བཅུ་ཕྲག་འགའ་ཞིག་གི་རྗེས་ནས་མཇུག་རྫོགས་རྒྱུ་ཡིན་འདུག དེ་བཞིན་དུ་མན་ཇུའི་(滿)རིགས་ལ་ད་ལྟ་མི་གྲངས་བྱེ་བ་ལྷག་ཅིག་ཡོད།ལོ་ཉིས་བརྒྱ་ལྷག་གམ་སུམ་བརྒྱ་ཙམ་ཞིག་གི་རིང་ལ་ཁོང་ཚོའི་སྐད་ཡིག་ཉམས་ནས་ད་ལྟ་མན་རིགས་ཀྱི་གྲོང་ཚོ་ཕ་སྐད་བདག་བསྲུང་ལེགས་ཤོས་གཉིས་གསུམ་རེ་ཡོད་པ་དག་གི་ནང་དུའང་རྒན་པོ་ལོ་དྲུག་ཅུ་ཡན་ཆད་ལོན་ཟིན་པའི་མི་གྲངས་བཅུ་ཁ་མ་ལོང་པ་ཙམ་ཞིག་གིས་ནང་ཕན་ཚུན་དུ་སྨྲ་ཞིང་གོ་ནུས་པ་ལས་གཞན་མེད། དེའང་ལོ་བཅུ་ཕྲག་གཅིག་གཉིས་ཙམ་གྱི་རྗེས་ནས་རྒྱུན་ཆད་པར་འགྱུར་བ་ལྟ་བུ་སྟེ། འདི་དག་ནི་འཛམ་བུ་གླིང་དུ་སྐད་རིགས་ཇི་ལྟར་ཤི་བར་གྱུར་པའི་ཚུལ་ལོ། །
གསུམ་པ་འཆི་བའི་རྒྱུ་རྐྱེན་བཤད་པ་ལ་བཞི་སྟེ།རྒྱུ་རྐྱེན་ངོས་བཟུང་བ་དང་།རྒྱུ་རྐྱེན་དེ་རྣམས་ཀྱི་དབང་གིས་སྐད་ནུབ་པའི་དཔེ་བརྗོད་པ་དང་།རྒྱུ་རྐྱེན་དེ་རྣམས་ཀྱི་ནང་ནས་གང་གཙོ་བཤད་པ།རྒྱུ་རྐྱེན་དེ་རྣམས་བོད་ཀྱི་སྐད་ཡིག་ལ་ཡོད་མེད་བརྟག་པའོ། །
དང་པོ་སྐད་འཆི་བའི་རྒྱུ་ལ་གསུམ་སྟེ།ཕྱིའི་རྒྱུ་རྐྱེན་དང་།ནང་གི་རྒྱུ་རྐྱེན་དང་།སྐད་རིགས་རང་གི་ངོ་བོའི་རྒྱུ་རྐྱེན་ནོ། །
དང་པོ་ཕྱིའི་རྒྱུ་རྐྱེན་ལ།ཆབ་སྲིད་དང་།དཔལ་འབྱོར་དང་།རིག་གནས་དང་།སྤྱི་ཚོགས་ཀྱི་རྒྱུ་རྐྱེན་རྣམས་སུ་ཡོད་པ་ལས།དང་པོ་ཆབ་སྲིད་ཀྱི་རྒྱུ་རྐྱེན་ནི།ཕྱི་རོལ་ནས་འོངས་པའི་ཆབ་སྲིད་ཀྱི་དབང་སྒྱུར་པ་རྣམས་ཀྱིས་རང་རང་གི་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་དབང་དུ་བསྒྱུར་བྱའི་མི་རིགས་དེའི་སྐད་དང་ཡི་གེ་རྣམས་ཐབས་སྣ་ཚོགས་ལ་བརྟེན་ནས་མེད་པར་བཏང་སྟེ་རང་གི་སྐད་ཡིག་ཁྱབ་གདལ་དུ་གཏོང་བ་སྟེ། ཐབས་སྣ་ཚོགས་ཞེས་པ་ནི་བཙན་པོ་དང་ཞི་བ། གཞན་ལ་མངོན་པ་
དང་མི་མངོན་པ། འཕྲལ་དུ་མེད་པར་གཏོང་བ་དང་ངམ་ངམ་ཤུགས་ཀྱིས་མེད་པར་གཏོང་བ། གཞན་གྱིས་གསོད་པ་དང་རང་ཉིད་ལ་གསོད་དུ་འཇུག་པའི་ཐབས་སྣ་ཚོགས་བཀོད་བསྒྲིགས་བྱས་ཤིང་།ཐབས་དེ་རྣམས་ཀྱིས་དབང་དུ་བསྒྱུར་བྱའི་མི་རིགས་ཀྱི་སྐད་དང་ཡི་གེ་མེད་པར་བྱས་ནས་རང་གི་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་པར་བྱེད་པ་ཡིན་ཏེ།དཔེར་ན།མེ་གླིང་ལྷོ་མའི་ནུབ་ཁུལ་གྱི་ཡུལ་གྲུ་རྣམས་སི་ཕེན་གྱི་མིས་བཙན་འཛུལ་མ་བྱས་པའི་གོང་དུ་ཡུན་ཅ་(Inca,印加)རྒྱལ་པོའི་
རྒྱལ་ཁབ་ཀྱིས་དབང་དུ་བསྡུས་ནས་ཡུལ་དེའི་མི་དམངས་རྣམས་ལ་བཙན་ཐབས་ཀྱིས་ཁོང་ཚོའི་ཁད་ཁྲོའུ་ཡའི་(Quechua,蓋丘亞)སྐད་དེ་དང་ལེན་བྱེད་དུ་བཅུག་པས་ཡུལ་ཁམས་དེའི་
སྐད་རིགས་གཞན་སྨྲ་བའི་མི་རྣམས་ཀྱིས་མི་འདོད་བཞིན་དུ་དང་ལེན་བྱ་དགོས་བྱུང་བ་དང་།ཨེར་ལན་(Ireland,愛爾蘭)གྱི་མི་དང་ཨོ་སི་ཐྲ་ལི་ཡའི་མི་རིགས་མང་པོ་ལ་དབྱིན་ཇིས་དབང་
བསྒྱུར་ནས་དབྱིན་ཇིའི་སྐད་སྨྲར་བཅུག་པ་དང་།རོམ་བཙན་རྒྱལ་(Roman,羅馬)གྱི་སྐབས་
སུ་དབང་སྒྱུར་པས་སྨྲ་བའི་ལ་ཐིན་(Latin,拉丁)གྱི་སྐད་དེ་སྐད་གཞན་སྨྲ་བའི་ཡུལ་མི་རྣམས་ལ་བཤད་དུ་བཅུག་པ་ལྟ་བུ་རེད།དབྱིན་ཇི་ལས་གཞན་ཡང་ཧྥ་རན་སི་དང་སི་ཕེན་དང་ཕོར་ཐུ་གལ་རྒྱལ་ཁབ་རྣམས་ཀྱིས་ཀྱང་ཨ་ཧྥེ་རི་ཀའི་གླིང་དང་ལ་ཐིན་མེ་གླིང་དག་ཏུ་ཡུལ་དེའི་ཡུལ་སྐད་བཙན་གནོན་བྱེད་པའི་སྲིད་ཇུས་ལག་ལེན་དུ་བཏབ་པའོ། །
དེ་ཇི་ལྟར་བྱས་ཞེ་ན།ཆོས་ཁང་དང་སློབ་གྲྭ་སོགས་སུ་ཡུལ་མི་རང་གི་སྐད་གཏན་ནས་བཤད་མི་ཆོག་པ་བྱེད་དེ། དཔེར་ན།དུས་རབས་བཅུ་དགུ་པའི་ནང་དུ་ཝེར་སིའི་(Welsh,威爾斯)ཡུལ་དུ་ཕ་སྐད་སྨྲ་མི་ཆོག་པའི་བཀག་རྒྱ་བྱས་པ་འདི་ལྟ་སྟེ།ཤིང་གི་བྱང་བུ་ཞིག་གི་ཐོག་ཏུ་ཝེར་སིའི་སྐད་སྨྲ་མི་ཆོག་ཅེས་པའི་དབྱིན་ཡིག་གི་ཡིག་འབྲུ་འདི་(WN)གཉིས་བསྐོས་ཏེ་སློབ་གྲྭའི་ནང་གི་
སློབ་མ་སུས་ཝེར་སིའི་ཕ་སྐད་སྨྲ་ཤོར་ན་དེའི་སྐེ་ལ་འདོགས།དེས་སློབ་གྲོགས་གཞན་གྱིས་ཕ་སྐད་སྨྲས་པ་ཐོས་ན་བཟུང་སྟེ་དེའི་སྐེ་ལ་སྤོ་བར་བྱེད།སློབ་མཚམས་འཇོག་པའི་ཚེ་ན་བྱང་བུ་དེ་སུའི་སྐེ་ན་ཡོད་པ་དེ་ལ་ཆད་པ་གཅོད་དོ། །
ཨེར་ལན་གྱི་ས་ཆར་འདི་ལྟར་བྱེད་མྱོང་།ཡུལ་གཞན་དག་ཏུ་སློབ་གྲྭའི་ནང་ཕ་སྐད་བཤད་ཤོར་ན་འདག་ཆལ་གྱི་ཆུས་ཁ་བཀྲུ་བར་བྱ་དགོས་པ་དང་།འཕོངས་ལ་ཤིང་ལྕག་གིས་ཐེངས་གསུམ་མམ་ལྔ་གཞུ་བ་དང་།ལྕགས་ཀྱི་བྱང་བུ་ཞོག་གི་ཐོག་ཏུ་ང་བླུན་པོ་ཡིན་ཞེས་པའམ་ང་བོང་བུ་བླུན་པོ་ཞིག་ཡིན་ཞེས་པའི་ཡི་གེ་བྲིས་པ་སྐེ་ལ་འདོགས་པར་བྱེད།རི་བྲག་གི་སྐད་ཅེས་པའི་ཟློས་གར་ཞིག་གི་ནང་དུ་འདི་ལྟར་ཡོད་དེ།དམག་དཔོན་ཞིག་གིས་བུད་མེད་སྐོར་ཞིག་ལ་འདི་སྐད་དུ་བཤད། ལེགས་པར་ཉོན་ཅིག ཁྱོད་ཚོ་རི་བྲག་གི་མི་རེད། གོ་ཨེ་བྱུང་།ཁྱོད་ཚོས་སྨྲ་བའི་སྐད་དེ་ཤི་ཚར་བ་རེད། ད་ཕན་ཆད་སྨྲ་མི་ཆོག ས་འདིར་ཁྱོད་ཚོ་རི་བྲག་པའི་སྐད་དེ་བཤད་མི་ཆོག ཁྱོད་ཚོས་ཁྱེད་ཅག་གི་མི་ལའང་ཁྱོད་ཚོའི་སྐད་དེ་སྨྲ་མི་ཆོག མི་ཆོག གོ་ཨེ་སོང་།གཏན་ནས་བཤད་མི་རུང་།ཁྲིམས་འགལ་ཡིན། ཁྱོད་ཚོས་གྲོང་ཁྱེར་ནང་གི་སྐད་ཁོ་ན་བཤད་ཆོག ས་འདིར་གྲོང་ཁྱེར་གྱི་སྐད་རྐྱང་པ་བཤད་ཆོག འདིར་སུས་རི་བྲག་གི་སྐད་ཚིག་གཅིག་བཤད་ཕོད་མཁན་ཡོད་ན་ཆད་པ་ལྕི་མོ་གཅོད་ངེས་པ་ཡིན། འདི་དམག་གི་བཀའ་ཡིན། འདི་བཅའ་ཁྲིམས་ཡིན། ཁྱོད་ཚོའི་སྐད་དེ་དེ་བས་བཤད་མི་ཆོག་པར་གྱུར་ཚར་བ་རེད། ཁྱོད་ཚོའི་སྐད་ཤི་ཚར་བ་རེད། མི་སུ་ཞིག་ཡིན་རུང་ཁྱོད་ཚོའི་སྐད་དེ་བཤད་མི་ཆོག ཁྱོད་ཚོའི་སྐད་དེ་མེད་པར་གྱུར་ཚར་བ་རེད།ཅེས་ཟེར་རོ། །
འདི་ལྟ་བུའི་བྱ་བ་ཧ་ཅང་འཇིགས་སུ་རུང་བ་མང་པོ་རྣམས་ཨོ་སི་ཐྲ་ལི་ཡ་དང་མེ་གླིང་བྱང་མ་ལ་སོགས་སུ་ཡོ་རོབ་ཀྱི་མི་སོགས་ཀྱིས་མི་སེར་སྤེལ་བའམ་འབངས་བསྐྱེད་འགུལ་བསྐྱོད་སྤེལ་སྐབས་སུ་བསྒྲུབས་པ་ད་ལྟ་འཛམ་བུ་གླིང་པ་ཐམས་ཅད་ཀྱིས་ཤེས་པ་དེ་རེད།ཚུལ་འདི་ལྟ་བུ་རྣམས་ལ་དྲག་པོའི་ཐབས་སམ་མངོན་སུམ་དུ་སྐད་རིགས་རྩ་མེད་གཏོང་བ་ཞེས་བྱ་སྟེ།བཙན་པོའི་ཐབས་དང་སུ་ལའང་འཛེམས་བག་མེད་པའི་སྒོ་ནས་གཞན་གྱི་ཕ་སྐད་བཅོམས་ནས་དེའི་ཤུལ་དུ་རང་གི་སྐད་ཁྱབ་གདལ་དུ་གཏོང་བར་བྱེད་པའི་ཕྱིར་རོ། །
ཆབ་སྲིད་ཀྱི་བྱ་ཐབས་གཞན་ཞིག་ནི།ཆབ་སྲིད་ཀྱི་དབང་སྒྱུར་པ་རྣམས་ཀྱིས་རང་གི་རིག་གནས་དང་སྐད་ཡིག་དེ་མི་ཤེས་པའི་མི་རྣམས་ལ་བླུན་པོ་དང་ལེ་ལོ་སྒྱིད་ལུག་ཅན་དང་དམུ་རྒོད་ཅེས་པའི་མིང་འདོགས་ཤིང་།དེ་རྣམས་ཀྱི་སྐད་ཡིག་དང་རིག་གནས་ལ་རྨོངས་པ་དང་རྗེས་ལུས་དང་མ་སྨིན་པ་དང་མི་ལེགས་པ་དང་ཡར་རྒྱས་སུ་འགྲོ་བའི་འགོག་རྐྱེན་ཞེས་པ་ལ་སོགས་པའི་ཐ་སྙད་བཏགས་ནས་མངོན་པའམ་མི་མངོན་པའི་སྒོ་ནས་བསྒྲགས་པར་བྱེད་དེ།དཔེར་ན།དུས་རབས་བཅུ་དགུ་པའི་ནང་དུ་ཨ་མེ་རི་ཁའི་མགོ་དཔོན་ཨིན་དིའི་མིའི་དོན་དག་ཐག་གཅོད་བྱེད་མཁན་ཞིག་གིས་སྨྲས་པ། ཨིན་དིའི་མི་རྣམས་ལ་ཁོང་ཚོའི་ཕ་སྐད་བསླབས་པ་དེ་ཁོང་ཚོ་ལ་བེད་སྤྱད་མེད་པར་མ་ཟད། ཁོང་ཅག་གི་སློབ་གསོ་དང་ཤེས་རིག་ལ་གནོད་པ་འོང་རྒྱུ་རེད་ཅེས་ཟེར་བ་ལྟ་བུའོ། །

日期: 2012-05-19

来自: ཨ་མའི་གླེབས་རིལ།

主题: སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས།

གཞན་ཡང་མི་རིགས་ཀྱི་རིག་གནས་རྒྱུན་གཅོད་པའི་ཕྱིར་དུ་དམའ་འབྲིང་ཆེ་གསུམ་གྱི་སློབ་གྲྭའི་བསླབ་གཞིའི་ནང་དུ་མི་རིགས་དེའི་སྐད་ཡིག་མི་འཛུད་པ་སྟེ།དཔེར་ན།ཨ་ཧྥེ་རི་ཀའི་གླིང་ན་ད་ལྟ་སྐད་རིགས་༡༢༠༠ཙམ་ཡོད་ཀྱང་སློབ་ཆུང་ཡན་ཆད་ཀྱི་བསླབ་གཞིའི་ནང་ན་གཅིག་ཀྱང་མེད་པ་ལྟ་བུའོ། །དེ་བཞིན་དུ་ཕ་སྐད་གཅིག་པོ་ལས་མི་ཤེས་པ་རྣམས་ལ་སྤྱི་ཚོགས་ཀྱི་ཐོབ་ཐང་དང་དཔལ་འབྱོར་གྱི་འོང་སྒོ་སོགས་ཁེ་ཕན་མང་པོ་ཞིག་མི་འབྱུང་བས་དབང་སྒྱུར་པ་རྣམས་ཀྱི་རིག་གནས་དང་དུ་མི་ལེན་ཐབས་མེད་ཀྱི་གནོན་ཤུགས་ཅན་གྱི་ཐབས་ཇུས་སྣ་ཚོགས་པ་བཀོད་པས་ཕ་སྐད་ཁོ་ན་སྨྲ་མཁན་གྱི་མི་དེ་རྣམས་ཀྱི་སེམས་ལ་རང་ཅག་གི་སྐད་ཡིག་འདི་རྗེས་ལུས་དང་ཡར་རྒྱས་ཀྱི་འགོག་རྐྱེན་རེད་ཟེར་བ་དེ་བདེན་འདུག་སྙམ་པའི་བསམ་ཚུལ་དེ་ངང་ངམ་ཤུགས་ཀྱིས་འབྱུང་།དེ་སྐབས་མི་རིགས་རང་ཉིད་ཀྱིས་རང་གི་རིག་གནས་ལ་བཙོག་ཏུ་བལྟས་ནས་འདོར་བར་བྱེད་པ་ཞིག་འོང་།དེའི་ཚེ་ན་དབང་སྒྱུར་པ་རྣམས་ཀྱི་དམིགས་ཡུལ་གྱི་ཐོག་ཏུ་ཁེལ་བ་ཡིན།བསམ་ཚུལ་འདི་ན་གཞོན་རྣམས་ཀྱི་རྒྱུད་ལ་སྐྱེ་བ་ཤིན་ཏུ་སླ།མི་སུ་ཞིག་ཡིན་ཡང་ཆུང་དུས་ནས་རང་གི་རིག་གནས་ལ་སྐྱོན་དུ་ལྟ་མཁན་ཞིག་མེད།དེས་ན་ཐོག་མར་རང་གི་རིག་གནས་ལ་ཞེན་ལྟ་ཙམ་གྱི་སྒོ་ནས་མོས་པ་བྱེད།བར་དུ་གཞན་གྱི་ཇུས་འོག་ཏུ་ཚུད་པ་མ་ཤེས་ནས་རང་གི་རིག་གནས་ལ་ཐེ་ཚོམ་སྣ་ཚོགས་ཟ།ཐ་མ་རང་གི་རིག་གནས་ལ་མཐའ་གཅིག་ཏུ་སྐྱོན་དུ་བཟུང་ནས་སྐྱོན་བརྗོད་སྣ་ཚོགས་པ་བྱེད།རིག་གནས་དེ་འཛིན་མཁན་གྱི་མི་དང་ཕ་སྐད་གཅིག་པོ་སྨྲ་མཁན་གྱི་མི་རྒན་པོའི་རིགས་ལ་རྨོངས་པ་དང་བསམ་པ་རྗེས་ལུས་ཅན་དུ་བལྟ།རང་གིས་ཕ་མེས་ཀྱི་རིག་གནས་མི་བསླབ་པ་ཙམ་དུ་མ་ཟད་རང་གི་བུ་ཚ་སོགས་ལའང་སློབ་ཏུ་མི་འཇུག དེ་འདྲའི་མི་དེ་ཅུང་ཟད་མང་དུ་སོང་བའི་ཚེ་འོ་མ་ལ་སྐྱུར་རྩི་བཏབ་པ་བཞིན་དུ་མི་རིགས་དེའི་རིག་གནས་ཀྱི་ནང་དུ་ངོ་བོ་གཞན་དུ་འགྱུར་བྱེད་ཀྱི་རྩི་ཐེབས་པ་ཡིན།དེ་ཅུང་ཟད་དར་ཁྱབ་ཏུ་སོང་བའི་ཚེ་མི་རིགས་དེའི་རང་གི་ད་ལྟའི་སྤྱི་ཚོགས་ཀྱི་ཐོབ་ཐང་དང་ཕ་མེས་ཀྱི་རིག་གནས་ཀྱི་རིན་ཐང་གཉིས་གཅིག་ཏུ་བཟུང་ནས་རང་གི་རིག་གནས་དེ་རྗེས་ལུས་ཀྱི་མཚོན་རྟགས་ཤིག་ཏུ་བརྩིས་ནས་མི་རིགས་གཞན་གྱི་མདུན་སར་བརྗོད་པ་ལ་ངོ་ཚ་ཞིང་ཞེ་གནོངས་ལ།གཞན་གྱི་སྐད་ཡིག་སོགས་རིག་གནས་ཅུང་ཟད་ཤེས་པ་ལ་ཡ་མཚན་དང་ངོ་སོ་མཐོན་པོར་རྩིའོ། །
ཚུལ་དེ་ཉིད་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཏུ་གྱུར་པ་ན་རང་གི་རིག་གནས་ཧྲིལ་གྱིས་དོར་ནས་མི་རིགས་དེའི་ལུས་དང་སེམས་གཉིས་པོ་དབང་སྒྱུར་པ་དག་གི་འོག་ཏུ་ལེགས་པར་ཚུད་ནས་ཆབ་སྲིད་ཀྱི་དམིགས་ཡུལ་མཐར་ཐུག་ཡོངས་སུ་འགྲུབ་པའོ། །
འདི་ནི་མི་མངོན་པའམ་དྲག་པོ་མ་ཡིན་པའི་ཐབས་ཇུས་ལ་བརྟེན་ནས་མི་རིགས་རང་ཉིད་ལ་རང་གི་རིག་གནས་གསོད་དུ་འཇུག་པའི་གཡོ་འཕྲུལ་ཧ་ཅང་ཚབས་ཆེ་བ་ཞིག་ཡིན་ཏེ།ཡོ་རོབ་ཀྱི་འབངས་བསྐྱེད་རིང་ལུགས་པ་དག་གིས་ཨ་ཧྥེ་རི་ཀ་དང་ཨོ་སི་ཐྲ་ལི་ཡའི་གླིང་སོགས་སུ་འདི་ལྟ་བུའི་བྱ་བ་བྱས་པ་བགྲང་གིས་མི་ལང་ཞིང་འཛམ་གླིང་གི་ཡུལ་གྲུ་གང་སར་ཡང་ཡོད་དོ། །
ཐབས་འདི་དག་ལ་དེང་སང་མཚུངས་བསྒྱུར་སྲིད་ཇུས་ཞེས་གྲགས་སོ། །
གཉིས་པ་དཔལ་འབྱོར་གྱི་རྒྱུ་རྐྱེན་ནི།མི་རིགས་རང་གི་ཕ་སྐད་ལ་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་ཡུལ་དུས་དེ་ན་དཔལ་འབྱོར་གྱི་ཁེ་ཕན་སྐྲུན་པའི་ནུས་པའམ་གོ་སྐབས་མེད་ཅིང་ནུས་པ་དང་གོ་སྐབས་དེ་དག་ཐམས་ཅད་སྐད་ཡིག་གཞན་པ་ཞིག་གིས་འཕྲོག་ནས་སོང་བའི་ཚེ་ཕ་སྐད་གཅིག་པོ་ལས་སྐད་ཡིག་གཞན་མི་ཤེས་པ་རྣམས་ལ་དཔལ་འབྱོར་གྱི་ཁེ་ཕན་མང་པོ་ཞིག་ལ་ལོངས་སུ་སྤྱད་པའི་གོ་སྐབས་མེད་པར་གྱུར་ཏེ།འཚོ་བའི་ཆ་རྐྱེན་དང་སྤྱི་ཚོགས་ཀྱི་ཐོབ་ཐང་སོགས་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་པའི་ཚེ་མི་རིགས་དེས་ཕ་སྐད་ལ་མཐོང་ཆུང་བྱེད་ཅིང་གཞན་སྐད་སློབ་པ་ལ་མཐོང་ཆེན་བྱེད་པར་འགྱུར་ཞིང་།རྒྱུ་རྐྱེན་དེའི་དབང་གིས་ཕ་སྐད་ཉམས་༼རྒྱུད་༽དུ་གྱུར་པ་ལ་གཙོ་བོར་བྱ་ལ།གཞན་ཡང་དཔལ་འབྱོར་ཞན་པའི་དབང་གིས་ཕ་སྐད་ཀྱི་སློབ་གསོ་དང་ཉམས་པ་སླར་གསོ་དང་མྱུར་སྐྱོབ་ཀྱི་ཕྱོགས་ལ་གཏོང་རྒྱུའི་གྲོན་དངུལ་མེད་པས་མུ་མཐུད་དུ་ཉམས་ནས་ནུབ་པར་འགྱུར་བའོ། །
དེ་ཡང་སྲིད་གཞུང་གི་ལས་ཁུངས་སུ་གཞུང་ཞབས་པ་བྱ་རྒྱུ་དང་ཁེ་ལས་སྡེ་ཁག་སོགས་སུ་ལས་ཀ་བསྒྲུབ་པའི་གོ་ས་ཐམས་ཅད་སྐད་ཡིག་གཞན་པ་ཞིག་གིས་བདག་གིར་བྱས་ཚར་བས་ཕ་སྐད་སྨྲ་མཁན་རྣམས་ལ་གོ་སྐབས་དེ་དག་མེད་པས་བྱ་བ་ལེགས་པོ་མི་རྙེད་པ་ཡིན།སྟོབས་དང་ལྡན་པའི་སྐད་ཡིག་གཞན་པ་དེ་ལ་བརྟེན་ན་ནོར་རྫས་དང་ཞབས་ཕྱི་དང་བྱ་བ་ལེགས་པོ་རྙེད་པར་གྱུར་པ་ན་མི་རྣམས་ཀྱིས་རང་གི་ཕ་སྐད་དོར་ནས་དེ་ལ་བརྟེན་པར་བྱེད།དེ་ཚེ་ཕ་སྐད་ལ་ཤ་ཞེན་ཅུང་ཟད་ཡོད་པ་རྣམས་ཀྱིས་ཀྱང་མིག་སྔོན་དུ་གནས་པའི་དཔལ་འབྱོར་གྱི་ཁེ་ཕན་དེ་ཉིད་གཙོ་བོར་མི་བྱེད་ཀ་མེད་དུ་གྱུར་ནས་རིག་གནས་ལ་བསམ་བློ་གཏོང་ཐུབ་མཁན་དེ་ཤིན་ཏུ་དཀོན་པར་འགྱུར།ཁྱད་པར་དུ་དེང་སང་གི་མི་རྣམས་དངོས་པོའི་ལོངས་སྤྱོད་ལ་འདོད་རྔམས་ཆེས་ཆེར་འཕེལ་བས་དཔལ་འབྱོར་གྱི་ཁེ་ཕན་དེ་བླུ་བྲིད་ཧ་ཅང་ཆེ།དེ་ལྟར་གྱུར་པའི་ཚེ་ན་ཤེས་ཡོན་པའི་སྡེ་ཁག་གི་མི་འགའ་རེས་འབོད་སྐུལ་བྱས་ཀྱང་ཕན་འབྲས་འབྱུང་བ་ཤིན་ཏུ་དཀའ།ཚུལ་འདིའང་ཡོ་རོབ་པ་རྣམས་ཀྱིས་ཨེར་ལན་དང་ཨོ་སི་ཐྲ་ལི་ཡ་སོགས་སུ་འབངས་བསྐྱེད་འགུལ་བསྐྱོད་སྤེལ་བའི་ལོ་རྒྱུས་ཀྱི་ཐོག་ཏུ་དུ་མ་བྱུང་ངོ་། །
གསུམ་པ་རིག་གནས་ཀྱི་རྒྱུ་རྐྱེན་ནི།ཕྱི་རོལ་ནས་འོངས་པའི་རྒྱབ་དཔུང་སྟོབས་ལྡན་ཡོད་པ་དང་དེ་མེད་པའི་གཉུག་མར་གནས་པའི་རིག་གནས་གཉིས་མཉམ་དུ་འཕྲད་པ་ན་ཡོད་པའི་རིག་གནས་དེས་མེད་པ་དེ་ན་གཏོར་བཤིག་གིས་ཉམས་པར་བྱེད་པ་ཡིན་ཏེ།དེ་ཡང་ཐོག་མར་སྐད་ཡིག་སོགས་རིག་གནས་དེའི་གོ་ས་ཇེ་དམའ་འམ་སྤྱད་སྒོ་ཇེ་ཉུང་དུ་གཏོང་བ་དང་།བར་དུ་སྐད་རིགས་དེའི་ནང་དུ་གཞན་སྐད་ཀྱི་བསླད་སྐྱོན་སྣ་ཚོགས་པ་ཞུགས་ནས་དེའི་མིང་དང་ཚིག་གྲུབ་བསླད་ཅན་དུ་བྱེད་པ་དང་།ཐ་མར་སྐད་རིགས་གཞན་པ་དེའི་གནོན་ཤུགས་ཚབས་ཆེན་གྱི་འོག་ནས་གཏན་དུ་ནུབ་པར་བྱེད་པའོ། །
འདི་ལ་གནས་སྐབས་གསུམ་ཡོད་དེ།གནས་སྐབས་དང་པོ་ནི།ཆབ་སྲིད་དང་དཔལ་འབྱོར་དང་རིག་གནས་ཀྱི་བྱ་བ་མང་པོ་ཞིག་ཕྱི་རོལ་ནས་འོངས་པའི་སྐད་དེའི་ཐོག་ནས་བརྗོད་པས་གཉུག་མར་གནས་པའི་སྐད་དེ་བེད་སྤྱད་གཏོང་བའི་ཁྱབ་རྒྱ་ཇེ་ཆེ་རུ་མི་འགྲོ་བར་མ་ཟད་ཆེ་ཆུང་དུ་འགྲོ་ཞིང་།ཡུལ་མི་རྣམས་ཀྱིས་ཕ་སྐད་གཅིག་པོ་མ་གཏོགས་གཞན་མི་ཤེས་པའི་དབང་གིས་གནོན་ཤུགས་མང་པོ་ཞིག་དང་འཕྲད་པར་འགྱུར་ཏེ།ཆབ་སྲིད་ཀྱི་གནོན་ཤུགས་དང་འཚོ་བའི་ཆ་རྐྱེན་གྱི་གནོན་ཤུགས་དང་སྤྱི་ཚོགས་ཐོག་གི་བྱ་བ་སྣ་ཚོགས་པ་ལས་བྱུང་བའི་གནོན་ཤུགས་རྣམས་སོ། །
གནོན་ཤུགས་དེ་རྣམས་ཀྱི་དབང་གིས་གཞན་དང་མི་བསྟུན་ཐབས་མེད་བྱུང་ནས་གནས་སྐབས་གཉིས་པ་ལ་འཇུག་པར་འགྱུར་རོ།།
གནས་སྐབས་གཉིས་པ་ནི།གནོན་ཤུགས་དེ་རྣམས་ཀྱི་འོག་ནས་མི་རིགས་གཞན་པ་དེའི་སྐད་ཡིག་ལ་མི་སློབ་ཀ་མེད་དུ་འགྱུར་བས་ཐམས་ཅད་ཀྱིས་རང་གི་ཕ་སྐད་དང་ཕྱི་སྐད་གཉིས་ཀ་ལ་སློབ་པར་བྱེད།རྒྱུན་གྱི་འཚོ་བའི་ནང་དུ་སྐད་གཉིས་པོ་འཆད་པར་བྱེད་དེ་མི་རིགས་རང་གི་རིགས་མཐུན་གྱི་ནང་ཕན་ཚུན་དང་ཐ་ན་ཁྱིམ་ཚང་གི་བཟའ་མི་རྣམས་ཀྱི་བར་དུའང་སྐད་གཉིས་པོ་འཆད་པས་མི་རིགས་གཞན་པ་དེའི་སྐད་དེ་ཉིད་ཀྱིས་གང་སར་ཁྱབ།སློབ་གྲྭ་རྣམས་ཀྱི་ནང་ནས་ཀྱང་སྐད་གཉིས་ཀྱི་སློབ་ཁྲིད་ལག་ལེན་དུ་བྱེད།དེ་ཚེ་ཡུལ་མི་རྣམས་ཀྱི་ཕ་སྐད་དང་ཕྱི་སྐད་གཉིས་ཀ་ཤེས་པས་ཐམས་ཅད་ཀྱི་ཁོ་བོ་ཅག་གིས་ཕ་སྐད་ཀྱང་མ་བརྗེད་ལ་ཕྱི་སྐད་ཀྱང་ཤེས་པས་བཟང་ངོ་སྙམ་པའི་ངང་དུ་གནས་སོ། །
གནས་སྐབས་གསུམ་པ་ནི།དེ་ལྟར་སྐད་གཉིས་པོ་བཤད་པས་ན་གཞོན་རྣམས་ཀྱི་ཕྱི་སྐད་འཆད་པའི་ནུས་པ་ཇེ་བས་ཇེ་བཟང་དུ་འགྱུར།མི་ཐམས་ཅད་ཀྱིས་ཕྱི་སྐད་སྨྲ་བ་ལ་ལྟ་སྟངས་ཀྱང་ཇེ་བཟང་དུ་ཕྱིན་ནས་ཀུན་གྱིས་ཁས་ལེན།ཅི་ཞིག་ན་ལོ་ཆུང་རྣམས་ཕ་སྐད་ཀྱི་མིང་ཚིག་རྣམས་ལ་ཆ་རྒྱུས་ཇེ་ཆུང་དང་ཕྱི་སྐད་ཀྱི་དེ་ལ་འདྲེས་ཆ་ཆེ་བས་ཕ་སྐད་འཆད་པ་བས་ཀྱང་ཕྱི་སྐད་འཆད་པ་ལ་མཁས་པར་འགྱུར།དེ་ཚེ་བརྗོད་བྱ་མང་པོ་ཞིག་ཕ་སྐད་ཀྱིས་བཤད་ན་བརྗོད་མི་ཐུབ་ལ་ཕྱི་སྐད་ཀྱིས་བཤད་ན་བརྗོད་ཐུབ་པའི་སྣང་བ་འཆར་ཞིང་།ཕ་སྐད་ཀྱི་ནང་དུ་ཕྱི་སྐད་ཀྱི་མིང་ཚིག་ཤིན་ཏུ་མང་པོ་འདྲེས།ཕྱི་སྐད་སྨྲ་མ་ཤེས་ན་རིག་གནས་མེད་པ་དང་མཐོང་རྒྱ་མེད་པའི་གྲལ་དུ་འཇོག དེས་ན་ཕ་སྐད་སྨྲས་ན་
ངོ་ཚ་དགོས་པ་དང་རང་ཉིད་མི་གཞན་རྣམས་ལས་རིག་གནས་ཀྱི་རིམ་པ་གཅིག་གིས་དམན་པའི་སྣང་བ་འགོག་མེད་དུ་འཆར།དེའི་དབང་གིས་ན་གཞོན་རྣམས་འདུ་འཛོམས་བྱ་སའི་གནས་ཕལ་མོ་ཆེ་ཞིག་ཏུ་ཕྱི་སྐད་ཁོ་ན་བཤད།དེར་མ་ཟད་ཐ་ན་ཁྱིམ་ཚང་གི་ནང་དུའང་ཕ་སྐད་བཤད་པ་ཇེ་ཉུང་དུ་འགྲོའོ། །
དེ་ནས་རིམ་གྱིས་མི་རིགས་དེའི་ནང་ནས་རྒན་པོ་དང་དར་མ་རྣམས་ཀྱིས་ཕ་སྐད་གཙོ་བོར་སྨྲ་ཞིང་ན་གཞོན་རྣམས་ཀྱིས་ཕྱི་སྐད་གཙོ་བོར་སྨྲ་སྟེ།སྐད་སྨྲ་ཚུལ་གྱི་སྒོ་ནས་ཚོ་གཉིས་སུ་གྱེས།དེ་ལྟར་དུ་མུ་མཐུད་ནས་སོང་བས་ཕ་སྐད་གཙོ་བོར་བྱེད་པའི་མི་རྣམས་རིམ་གྱིས་ཤི་བ་དང་རྒས་པས་ཇེ་ཉུང་དུ་འགྱུར།ཕྱི་སྐད་གཙོ་བོར་བྱེད་མཁན་གྱི་མི་ཚོགས་དེ་ཇེ་མང་དུ་འགྱུར།དེ་རྣམས་ཀྱིས་རང་གིས་ཕ་སྐད་གཙོ་བོར་མི་བྱེད་པར་མ་ཟད་རང་གི་བུ་ཚ་རྣམས་ལ་ཕ་སྐད་མི་སློབ།དེ་ནས་ཡུན་མི་རིང་བར་མི་རིགས་དེའི་སྐད་དེ་ཉེན་ལྡན་སྐད་རིགས་སུ་གྱུར་ནས་ནུབ་པར་འགྱུར་རོ། །
འདི་ལ་དེང་སང་རིག་གནས་མཚུངས་བསྒྱུར་ཞེས་བྱ་ཞིང་།རིག་གནས་བཙན་རྒྱལ་རིང་ལུགས་དང་སྐད་རིགས་བཙན་རྒྱལ་རིང་ལུགས་ཅེས་ཀྱང་བྱའོ། །

日期: 2012-05-19

来自: ཨ་མའི་གླེབས་རིལ།

主题: སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས།

འཛམ་བུ་གླིང་འདི་ན་མི་རིགས་བརྒྱ་ཕྲག་འགའ་ཞིག་མཚུངས་བསྒྱུར་གྱི་ལམ་འདིར་ཆས་ཟིན་ཏེ།ཡོ་རོབ་ཀྱི་འབངས་བསྐྱེད་རིང་ལུགས་པ་རྣམས་ཀྱིས་རིག་གནས་མཚུངས་བསྒྱུར་རམ་རིག་གནས་བཙན་རྒྱལ་རིང་ལུགས་ཀྱི་བྱ་ཐབས་འདི་ལ་བརྟེན་ནས་གཞན་གྱི་སྐད་རིགས་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དཔེར་ན།ཨོ་སི་ཐྲ་ལི་ཡར་དབྱིན་ཇིའི་སྐད་ཡིག་སྤེལ་ནས་ཡུལ་དེ་གའི་ཡུལ་མིའི་སྐད་ཡིག་བརྒྱ་ཆ་དགུ་བཅུ་ཐམ་པ་འཆི་ལ་ཁད་ཀྱི་གནས་སུ་བྱས་པ་ལྟ་བུའོ། །
བཞི་པ་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ནི།སྤྱི་ཚོགས་ལས་བྱུང་བའི་རྒྱུ་རྐྱེན་ལ་སྣ་ཚོགས་པ་ཞིག་ཡོད་ཀྱང་འདིར་འགའ་ཞིག་བརྗོད་པར་བྱ་སྟེ།དང་པོ་མི་རིགས་གཞན་དང་འདྲེས་སྡོད་བྱེད་པ་ནི།ཡུལ་གཅིག་ཏུ་མི་རིགས་གཞན་པ་རྣམས་དང་འདྲེས་ནས་སྡོད་པ་འདི་ནི་སྐད་རིགས་ཉམས་རྒུད་དུ་འགྲོ་བ་ལ་ཤུགས་རྐྱེན་ཤིན་ཏུ་ཆེ་བ་ཞིག་ཡིན་ཏེ།སྟོབས་ཞན་པའི་སྐད་ཡིག་གི་ནང་དུ་གཞན་གྱི་མིང་ཚིག་མང་པོ་འདྲེས་ནས་བསླད་ཅན་དུ་འགྱུར་བ་དང་།ཆབ་སྲིད་དང་དཔལ་འབྱོར་དང་རིག་གནས་ཀྱི་བརྗོད་བྱ་གང་ཡིན་ཡང་སྐད་རིགས་གཉིས་ལ་འགྲན་རྩོད་འབྱུང་ཞིང་།སྟོབས་ལྡན་གྱིས་སྟོབས་ཞན་དེའི་བརྡ་སྤྲོད་ཀྱི་གོ་སྐབས་འཕྲོག་པས་དགོས་མཁོ་མེད་པར་བྱེད་པར་འགྱུར་བའི་ཕྱིར་རོ། །
དེས་ན་མི་རིགས་གཞན་པ་དེའི་ནང་དུ་ཕར་འདྲེས་པར་གྱུར་པ་མན་རིགས་རྣམས་རྒྱ་ནང་དུ་འདྲེས་པས་མན་རིགས་ཀྱི་སྐད་རྒྱུན་བཅད་པ་ལྟ་བུ་དང་།ཚུར་འདྲེས་པར་གྱུར་པ་ཡོ་རོབ་པ་རྣམས་མི་རིགས་གཞན་པ་རྣམས་ཀྱི་ནང་དུ་སོང་ནས་དེ་རྣམས་ཀྱི་སྐད་རྒྱུན་བཅད་པ་ལྟ་བུའོ། །
གཉིས་པ་ནི་གང་དང་འདྲེས་པར་གྱུར་པའི་མི་རིགས་དེའི་གྲངས་དེ་རང་གི་མི་རིགས་ཀྱི་གྲངས་ཀ་ལས་བརྒལ་བར་གྱུར་པ་སྟེ།གནས་དེར་ཡུལ་གཞན་ནས་འོངས་པའི་མི་རྣམས་ཀྱི་གྲངས་ཀ་དེ་གཉུག་མར་གནས་པའི་མི་རིགས་དེའི་གྲངས་ཀ་ལས་མང་བར་གྱུར་ཏེ།རང་ཉིད་ཀྱི་ཡུལ་ནས་ཀྱང་མི་རིགས་དེ་གྲངས་ཉུང་མི་རིགས་སུ་གྱུར་པ་ན་མི་རིགས་དེའི་སྐད་ཡིག་དང་རིག་གནས་ཐམས་ཅད་ལ་ལྷག་པར་དུའང་ཉེན་ཚབས་ཆེ་བ་ཡིན་ཏེ།གཞན་གྱི་སྐད་ཡིག་དེས་སྤྲ་བ་ལ་མེ་མཆེད་པ་བཞིན་རིམ་གྱིས་ཟིལ་གྱིས་མནན་ནས་མཐར་མང་སྣ་ཉུང་གིས་མི་བཟློག་པས་བརྡ་སྤྲོད་ཀྱི་གནས་ཐམས་ཅད་དེས་ཁྱབ་ཅིང་ཅིག་ཤོས་བག་ལ་ཞ་ནས་མེད་པར་བྱེད་པར་འགྱུར་ཏེ།འཛམ་བུ་གླིང་གི་ཡུལ་མང་པོ་ཞིག་ཏུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྣམས་ཚུལ་འདིའི་སྒོ་ནས་མེད་པར་གྱུར་པའི་དཔེ་མང་པོ་བལྟ་སར་ཡོད་དོ། །
གསུམ་པ་ནི་མི་རིགས་གཞན་དང་གཉེན་འབྲེལ་བྱེད་པ་སྟེ།གྲངས་ཉུང་མི་རིགས་རྣམས་ཀྱིས་སྲོལ་རྒྱུན་གྱི་ལུགས་ལྟར་དུ་མི་རིགས་རང་གི་ནང་ཁུལ་ཁོ་ན་ལས་མི་རིགས་གཞན་པ་དང་གཉེན་འབྲེལ་མི་བྱེད་པ་ནི་རང་གི་སྐད་ཡིག་བསྲུང་བའི་ཐབས་བཟང་པོ་ཞིག་ཡིན་ཏེ།ཕ་མ་གཉིས་ཀས་ཕ་སྐད་སྨྲ་བས་བུ་ཕྲུག་ཐམས་ཅད་ཀྱིས་ཀྱང་ཐོག་མར་ཤེས་པའི་སྐད་དེ་རང་གི་ཕ་སྐད་ཉིད་ཡིན་པས་དེ་ལ་བག་ཆགས་བརྟན་པོ་ཐེབས།ཕྱིས་ནས་སྐད་གཞན་ཞིག་བསླབས་ཀྱང་ཐོག་མའི་སྐད་དེ་བརྗེད་ཅུང་ཟད་དཀའ་འོ། །
རིགས་གཞན་དང་གཉེན་འབྲེལ་བྱས་ན་བུ་ཕྲུག་རྣམས་ཀྱིས་གཏམ་སྨྲ་ཤེས་པ་དང་མཉམ་དུ་སྐད་རིགས་གཞན་དུ་འགྱུར་ཟིན་པས་ཕྱིས་འབྱུང་གི་རྒྱུ་རྐྱེན་གཞན་གང་ལའང་ལྟོས་མི་དགོས།གལ་ཏེ་གྲོང་གཅིག་གི་ནང་དུ་འདི་འདྲའི་ཁྱིམ་ཚང་མང་བར་གྱུར་ན་དེ་ཁོ་ནའི་དབང་གིས་གྲོང་པ་གཅིག་པོ་སྐད་རིགས་གཞན་དུ་འགྱུར་བ་ཡིན།མན་རིགས་ཀྱི་སྐད་ཉམས་ནས་རྒྱ་སྐད་དུ་འགྱུར་རྐྱེན་གཙོ་བོ་གཅིག་ཀྱང་འདི་ཉིད་ཡིན་ཏེ།ཆིང་རྒྱལ་སྲིད་ཀྱི་ཐོག་མའི་སྐབས་མི་རིགས་བར་གྱི་འགལ་བ་ཇེ་ལྷོད་དུ་འགྲོ་བའི་ཕྱིར་སྲིད་གཞུང་གིས་མན་དང་རྒྱ་གཉེན་འབྲེལ་བྱེད་པ་ལ་བཀག་རྒྱ་མ་བྱས།ཆིང་རྒྱལ་རབས་ཀྱི་དཀྱིལ་ཙམ་ན་མན་རིགས་རྣམས་རྒྱ་རིགས་སུ་འགྱུར་བ་ཤིན་ཏུ་ཚབས་ཆེ་རུ་སོང་བས་གོང་མའང་སེམས་འཚབ་ལངས་ནས་བཀའ་ཕབ་སྟེ་མན་རྒྱ་གཉེན་འབྲེལ་བྱ་བ་ལ་བཀག་རྒྱ་བྱེད་དགོས་བྱུང་།འོན་ཀྱང་དེ་སྐབས་སུ་ནུས་པ་ཅི་ཡང་མ་ཐོན་པས་ཆིང་རྒྱལ་སྲིད་ཀྱི་མཇུག་ཙམ་ན་མན་རྒྱ་གཉེན་འབྲེལ་བྱེད་པ་ཧ་ཅང་ཁྱབ་གདལ་དུ་སོང་།མན་སྐད་ཉམས་རྒུད་དུ་གྱུར་ཏེ་སྤྱི་ཚོགས་ཐོག་ནས་བརྡ་སྤྲོད་གྱི་ཐོབ་ཐང་ཅི་ཡང་མེད་པར་གྱུར་པ་ན།མན་རིགས་ཀྱི་ཁྱིམ་ཚང་རྣམས་ཀྱིས་བཟའ་མི་ནང་ཁུལ་གྱི་འཚོ་བའི་ནང་དུ་སྨྲ་བས་དེ་སྐབས་ཁྱིམ་ཚང་ནི་མན་སྐད་ཀྱི་ཐ་མའི་གཞི་རྟེན་དུ་གྱུར།འོན་ཀྱང་རྒྱ་དང་གཉེན་འབྲེལ་བྱས་པའི་ཁྱིམ་ཚང་དེ་རྣམས་ཀྱིས་བཟའ་མིའི་ནང་དུའང་མན་སྐད་དོར་ནས་རྒྱ་སྐད་བཤད་པས་ཁྱིམ་ཚང་གི་ནང་དུའང་བརྡ་སྤྲོད་ཀྱི་ཐོབ་ཐང་མེད་པར་གྱུར།དེ་ཚེ་མན་རིགས་ཀྱི་སྐད་ལ་སྤྱི་ཚོགས་དང་ཁྱིམ་ཚང་གཉིས་ཀའི་ནང་དུ་རྟེན་འཆའ་ས་མེད་པས་ནུབ་པར་གྱུར་པ་ལྟ་བུའོ། །
བཞི་པ་ནི་སྤྱི་ཚོགས་ཐོག་ནས་སྐད་དེའི་རྐང་འཛུགས་སའི་ཁོར་ཡུག་ཇེ་ཉུང་ངམ་མེད་པར་གྱུར་པ་སྟེ།དཔེར་ན་དངུལ་ཁང་དང་སྦྲག་སྲིད་དང་འཕྲིན་གཏོང་ལས་ཁུངས་དང་ཚོང་ར་དང་སྨན་ཁང་སོགས་སྤྱི་ཚོགས་ཀྱི་ཁོར་ཡུག་མང་པོ་ཞིག་གི་ནང་དུ་སྐད་དེ་བེད་སྤྱད་མི་བྱེད་པས་བརྡ་སྤྲོད་ཀྱི་གོ་ས་ཤོར་བར་གྱུར་པའོ། །
འདི་ཧ་ཅང་ཚབས་ཆེ་སྟེ་དཔེར་ན་དངུལ་ཁང་ལྟ་བུ་ཁོར་ཡུག་གཅིག་གི་ནང་ནས་བརྡ་སྤྲོད་ཀྱི་གོ་ས་ཤོར་བར་གྱུར་ན་དེ་དང་འབྲེལ་བའི་མིང་དང་ཚིག་འབོར་ཆེན་ཞིག་སྔར་ཡོད་སྟོར་བར་འགྱུར་བ་དང་སྔར་མེད་གསར་བསྐྲུན་གྱིས་ཡར་རྒྱས་སུ་འགྲོ་མི་ཐུབ་པ་ཡིན།ཇི་ལྟ་ཇི་ལྟར་མིང་ཚིག་ཡར་རྒྱས་སུ་འགྲོ་མ་ཐུབ་པ་དེ་ལྟ་དེ་ལྟར་དུ་སྐད་དེས་སྤྱི་ཚོགས་ཡར་རྒྱས་ཀྱི་རྗེས་མི་ཆོད་པས་སྤྱི་ཚོགས་ཀྱིས་སྐད་དེ་དོར་ནས་མཐར་ཁྱིམ་ཚང་ནང་ཁུལ་གྱི་སྐད་ཙམ་དུ་འགྱུར་བ་ཡིན་ཏེ།འདི་ལ་དེང་སང་ཁྱིམ་བཀོལ་སྐད་རིགས་ཞེས་བྱའོ། །
ལྔ་པ་ནི་སྤྱི་ཚོགས་ཐོག་གི་གསར་འགྱུར་དང་འགྲེམ་བརྡ་སོགས་བརྡ་འཕྲིན་སྣ་ཚོགས་པ་ཐམས་ཅད་སྐད་དང་ཡིག་རིགས་གཞན་དུ་གྱུར་བ་སྟེ།ཁྱད་པར་དུ་ད་ལྟ་ཁྱིམ་ཚང་ཕལ་མོ་ཆེ་ཞིག་ལ་བརྙན་འཕྲིན་ཡོད་པས་ན་གཞོན་རྣམས་ཀྱིས་རྟག་ཏུ་སྐད་ཡིག་གཞན་པའི་བརྙན་འཕྲིན་ལ་བལྟས་ན་སྐད་མ་ཚད་བསམ་པ་དང་སྤྱོད་པ་རྣམས་ཀྱང་མི་རིགས་གཞན་དུ་འགྱུར་བ་ཡིན་ཏེ།འདི་ལ་སྐད་རིགས་པའི་ཆེད་ལས་མཁས་པ་ཁི་རོ་སིས་རིག་གནས་ཀྱི་དབང་རྩའི་དུག་རླངས་ལྟ་བུ་ཡིན་ཞེས་དཔེར་བྱེད་དོ།།
དྲུག་པ་སྐད་རིགས་དེ་སྨྲ་མཁན་གྱི་མི་གྲངས་ཉུང་བ་སྟེ།སྐད་དེ་སྨྲ་བའི་མི་རིགས་ཀྱི་གྲངས་དང་པོ་ནས་ཉུང་བའམ་རང་བྱུང་ཁམས་ཀྱི་འཇིགས་པའམ་ནད་མུག་འཁྲུག་པ་སོགས་ལ་བརྟེན་ནས་ཉུང་བར་གྱུར་པ་གང་ཡིན་ཡང་སྐད་དེ་སྨྲ་བའི་མི་རིགས་ཀྱི་གྲངས་ཤིན་ཏུ་ཉུང་ན་སྐད་ཉམས་པའི་རྐྱེན་དུ་འགྱུར་བ་ཡིན་ནོ། །
མི་གྲངས་ཉུང་ཡང་གཞན་དང་འབྲེལ་འདྲེས་མེད་ན་སྐད་ཉམས་པའི་ངེས་པ་མེད་ཀྱང་སྤྱིར་མི་གྲངས་ཉུང་བ་འདི་སྐད་དང་རིག་གནས་མི་བརྟན་པའི་རྐྱེན་དུ་འགྱུར་རུང་བ་ཡིན་ནོ། །
གཞན་ཡང་ཕྱི་རྐྱེན་ལ་མི་འདྲ་བ་ཤིན་ཏུ་མང་པོ་ཡོད་དུ་རུང་ལ་དེ་དག་ཀྱང་ཕན་ཚུན་གཅིག་ལ་བརྟེན་ནས་གཅིག་འབྱུང་བའི་འབྲེལ་བ་ཅན་དང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཅན་ཡང་ཡོད་དོ། །
གཉིས་པ་ནང་གི་རྐྱེན་ནི།གོང་དུ་བཤད་པའི་རྒྱུ་རྐྱེན་དེ་རྣམས་ལ་བརྟེན་ནས་ཕ་སྐད་སྨྲས་ན་སྤྱི་ཚོགས་ཐོག་ནས་མགོ་བོ་ཡར་མི་ཐེག་པར་མཐོང་ནས་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སྤོབས་པའམ་མོས་པ་མེད་པར་གྱུར་པ་དང་།གཞན་གྱིས་རྗེས་ལུས་སོགས་ཀྱི་མིང་བཏགས་པ་ལ་བརྟེན་ནས་ཕ་སྐད་སྨྲ་བ་ལ་ངོ་ཚ་བར་གྱུར་པ་དང་།དེར་མ་ཟད་རང་གི་རིག་གནས་ཀྱི་རིན་ཐང་མི་ཤེས་པ་སོགས་ཀྱི་དབང་གིས་དེ་མི་རིགས་ཡར་རྒྱས་སུ་འགྲོ་བའི་འགོག་རྡོ་ལྟ་བུར་བལྟ་བ་དང་།མི་སྒེར་གྱི་དཔལ་འབྱོར་དང་གོ་ས་སོགས་ལ་སེམས་པ་ལས་མི་རིགས་ཀྱི་འདུ་ཤེས་མེད་པས་གང་ཡིན་ཡང་ཡིན་དུ་ཆུག་སྙམ་ནས་རང་གིས་མི་བཤད་པ་དང་བུ་ཕྲུག་ལ་མི་སློབ་པ་སྟེ།མདོར་ན་རང་གི་རིག་གནས་ལ་ཤ་ཞེན་ཅི་ཡང་མེད་པར་མ་ཟད་སྐྱོན་དུ་མཐོང་བར་གྱུར་པའོ། །
མི་རིགས་རང་ཉིད་ཀྱི་རྣམ་འགྱུར་འདི་ནི་ཤིན་ཏུ་གལ་ཆེ་སྟེ།གལ་ཏེ་མི་རིགས་རང་ཉིད་ཀྱིས་རང་གི་རིག་གནས་ལ་སྐྱོན་དུ་བལྟ་བར་གྱུར་པ་ན།གཞན་གང་གིས་ཀྱང་སྐྱོབ་མི་ནུས་ཏེ་ངེས་པར་ཉམས་པར་འགྱུར་རོ། །
དེ་ལྟར་མི་རིགས་རང་ཉིས་ཀྱིས་རང་གི་ཕ་སྐད་འདོར་བ་ལ་སྐད་ཡིག་རང་གསོད་ཅེས་བྱ་ཞིང་།གཞན་གྱིས་འདོར་དུ་བཅུག་པ་ལ་སྐད་ཡིག་གཞན་གསོད་ཅེས་དང་།གཞན་གྱི་སྐད་ཡིག་འཇོམས་བྱེད་དུ་གྱུར་པའི་དབྱིན་ཇིའི་སྐད་ཡིག་ལྟ་བུ་ལ་ནི་སྐད་གསོད་ཀྱི་ལག་དམར་ཞེས་བྱའོ། །
གསུམ་པ་སྐད་རང་གི་ངོ་བོའི་རྒྱུ་རྐྱེན་ནི།སྐད་རིགས་དེ་ཉིད་ཀྱི་བརྡ་སྤྲོད་ཀྱི་ནུས་པས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་མི་ཐུབ་པ་དང་སྐད་རིགས་དེ་ཉིད་ལ་ཡི་གེ་མེད་པ་སོགས་སོ། །

日期: 2012-05-19

来自: ཨ་མའི་གླེབས་རིལ།

主题: སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས།

གཉིས་པ་རྒྱུ་རྐྱེན་དེ་རྣམས་ཀྱི་དབང་གིས་སྐད་ནུབ་པའི་དཔེ་བརྗོད་པ་ནི།རིག་གནས་མཚུངས་བསྒྱུར་གྱི་ནུས་པས་མི་རིགས་ཀྱི་སྐད་ཡིག་མཇུག་རྫོགས་པར་གྱུར་པ་ནི།མན་ཇུའི་རིགས་ཀྱི་ལོ་རྒྱུས་ལྟ་བུ་ཡིན་ཏེ། དེ་ཡང་སྤྱི་ལོ་༡༦༤༤ལོར་རྒྱ་ནག་གི་བྱང་ཤར་ཧེ་ལོང་ཅང་(黑龍江)སོགས་ན་གནས་པའི་མན་རིགས་ཀྱི་དམག་གིས་འགག་སྒོ་བརྟོལ་ནས་རྒྱ་ནག་གི་ཡུལ་རྣམས་དབང་དུ་བསྡུས། སྔར་རྒྱལ་ས་ཧྲིན་ཡང་(瀋陽)ན་ཡོད་པ་ལས་དེ་སྐབས་པེ་ཅིང་དུ་སྤོས།ཆིང་རྒྱལ་རབས་(清朝)བཙུགས།དེ་རྗེས་མན་རིགས་ཀྱི་མི་མང་པོ་པེ་ཅིང་སོགས་སུ་གནས་སྤོས་ནས་གཞིས་ཆགས།དབང་བསྒྱུར་གྱི་དགོས་མཁོའི་དབང་གིས་རྒྱལ་ཡོངས་གཅིག་གི་ས་གནད་ཆེ་ས་ཐམས་ཅད་དུ་མན་རིགས་ཀྱི་དཔོན་རིགས་དང་དེ་དག་གི་ཁྱིམ་མི་འཁོར་གཡོག་བཅས་པ་དང་དམག་སོགས་བགོས་ནས་བཅའ་སྡོད་བྱས།དེ་རྣམས་རྒྱའི་མི་དམངས་ཀྱི་གྲོང་ལས་ལོགས་སུ་མན་རིགས་ཀྱི་གྲོང་དང་སྒར་ཞེས་པ་བཙུགས་ནས་ནང་དུ་དཔོན་རིགས་རིམ་པ་ཁག་གི་འདུག་གནས་དང་།དམག་ཁང་དང་།མཛོད་དང་།སློབ་གྲྭ་སོགས་ཆ་ཚང་ཡོད་པའི་མན་རིགས་ཀྱི་སྤྱི་ཚོགས་ཆུང་ངུ་རེ་བྱས།འོན་ཀྱང་ཉེ་འཁོར་གྱི་ཡུལ་གྲུ་རྒྱ་ཆེན་པོ་ན་གནས་པ་ཐམས་ཅད་ནི་རྒྱའི་མི་དམངས་ཡིན།རྒྱ་ནག་ལ་དབང་བསྒྱུར་བ་ལ་མན་རིགས་ཀྱི་དཔོན་པོ་རྣམས་ཀྱིས་རྒྱའི་སྐད་མི་ཤེས་པ་ནི་འགལ་རྐྱེན་ཆེ་ཤོས་ཤིག་ཡིན་པས་རྒྱའི་སྐད་ཡིག་བསླབ་པའི་མགོ་བཙུགས།རྒྱ་ནག་གི་བྱས་པ་དང་དམག་སོགས་ལ་མན་རིགས་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་བསླབས་ནས་རྒྱའི་ཡུལ་སྲོལ་གོམས་གཤིས་འདོར་དུ་བཅུག་ནས་ཐོག་མར་རྒྱ་རིགས་མང་པོ་མན་རིགས་སུ་བསྒྱུར།འོན་ཀྱང་དུས་ཡུན་རིང་པོ་སོང་བ་ན་རིམ་གྱིས་རྒྱ་རིགས་དང་ཕན་ཚུན་འབྲེལ་འདྲེས་ཇེ་མང་དུ་སོང་བས་རྒྱའི་རིག་གནས་ཀྱི་ཤན་ཤུགས་ཆེན་པོ་ཐེབས།མན་རིགས་རྣམས་ཀྱིས་རྒྱའི་སྐད་ཡིག་དང་རིག་གནས་བསླབ་པའི་ཤུགས་ཇེ་ཆེར་སོང་།དེ་སྐབས་རྒྱའི་རིག་གནས་སློབ་ཅིང་རྒྱའི་རྣམ་པ་ལྟར་དུ་གྱུར་པའི་མན་གྱི་མི་ནི་དཔོན་རིགས་ཀྱི་བུ་ཕྲུག་རྣམས་དང་ཤེས་ཡོན་ཅན་རྣམས་ཡིན་གྱི།མན་རིགས་ཀྱི་མི་མང་ནི་ད་དུང་དུའང་མན་སྐད་སྨྲ་ཞིང་མན་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྟར་དུ་བྱེད་ཅིང་གནས།དེ་སྐབས་ཐོག་མར་རྒྱའི་རྣམ་པར་གྱུར་པའི་མན་རིགས་ནི་རྒྱལ་ཁབ་གཅིག་གི་ས་གནས་སོ་སོ་ན་ཡོད་པའི་དཔོན་རིགས་སོགས་ཡིན་ཏེ།རྒྱུན་རིང་དུ་རྒྱ་མི་རིགས་དང་མཉམ་དུ་གནས་པས་རྒྱའི་ཤུགས་རྐྱེན་ཐེབས།དེ་རྣམས་རྒྱ་ནག་གི་ཡུལ་སོ་སོར་འབྱོར་བ་ནས་བཟུང་ལོ་༨༠ཙམ་གྱི་རིང་ལ་མན་དང་རྒྱའི་སྐད་གཉིས་པོ་མཉམ་དུ་སྨྲ་ཞིང་གནས་པའི་སྐབས་ཡིན། གོང་མ་ཆན་ལོང་ (乾隆)གི་ཁྲི་ལོའི་སྟོད་དུས་
རབས་༡༨པའི་དཀྱིལ་ཙམ་ལ་སླེབས་པ་ན་ཁོང་ཚོས་མན་སྐད་འདོར་བ་མ་ཟད་ཡུལ་སྲོལ་གོམས་གཤིས་ལའང་རྒྱའི་ཤུགས་རྐྱེན་ཚབས་ཆེན་ཐེབས་ཟིན་ཏོ། །
བར་དུ་འགྱུར་བ་ནི་པེ་ཅིང་གྲོང་ཁྱེར་ན་ཡོད་པའི་མན་རིགས་རྣམས་ཡིན་ཏེ། གོང་མ་ཁང་ཤུའི་(康熙)སྲིད་ལོའི་དཀྱིལ་སྨད་དེ་དུས་རབས་༡༨པའི་སྟོད་ཙམ་ན་དེར་གནས་པའི་མན་རིགས་ཐམས་ཅད་ཡོངས་ཁྱབ་ཏུ་སྐད་གཉིས་སྨྲ་བའི་དུས་སྐབས་སུ་ཞུགས་ཟིན།དུས་རབས་བཅོ་བརྒྱད་པའི་དཀྱིལ་ཙམ་ན་པེ་ཅིང་ན་ཡོད་པའི་མན་རིགས་ཀྱི་བུ་ཕྲུག་རྣམས་ཀྱིས་ད་དུང་མན་གྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་མོད།འོན་ཀྱང་བྱིས་པའི་དུས་སུ་རྒྱ་སྐད་བསླབས་ཤིང་ཅུང་ཟད་ཆེ་བར་གྱུར་ཚེ་གདོད་མན་ཇུའི་སྐད་ཡིག་སྦྱངས་པས་ལེགས་པར་ལོབས་མི་ཐུབ་པར་གྱུར་ཏེ།གོང་མ་ཆན་ལུང་གི་ཁྲི་ལོ་༣༡པ་སྤྱི་ལོ་༡༧༦༦ལོར་པོ་ཧི་(博赫)ཞེས་པས་བརྩམས་པའི་ཡི་གེ་ལས། ཆིང་(清)སྐད་ནི་རང་རྒྱལ་གྱི་རང་སྐད་ཡིན་པས་མི་ཤེས་སུ་མི་རུང་མོད། འོན་ཀྱང་ཆི་(旗མི་རྣམས་པེ་ཅིང་དུ་རྒྱ་དང་འདྲེས་སྡོད་བྱེད་པའི་དུས་ཡུན་རིང་ཞིང་།བྱས་པ་རྣམས་ཆུང་ངུའི་དུས་ནས་རྒྱ་ཡིག་བསླབས།ཆེན་པོར་གྱུར་པའི་རྗེས་སུ་གདོད་ཆིང་གི་སློབ་གྲྭར་ཞུགས་ནས་ཆིང་ཡིག་དང་ཆིང་སྐད་སློབ།ལོ་གཅིག་གཉིས་ཙམ་ལ་བསླབས་པས་ཡི་གེ་ཤེས་པ་དང་སྐད་གོ་ཙམ་བྱུང་མོད།ཆིང་སྐད་བྱང་ཆུབ་པ་ཞིག་འོངས་མི་ཐུབ།ཚིག་ཕྲད་རྣམས་ཁ་ལ་མི་བྱང་།ཚིག་སྦྱོར་དང་ཡི་གེ་བཀོལ་ཚུལ་དང་ཡི་གེའི་དོན་རྣམས་ལེགས་པོ་མི་འོངས་པས་ཆིང་སྐད་ལོབས་དཀའ་བར་འདུག་ཅེས་སྨྲས་པ་བཞིན་ནོ། །
ཆིང་ཞེས་པ་མན་ཇུའི་རྒྱལ་རབས་དང་ཆི་མི་ཞེས་པ་མན་ཇུའི་མིའོ། །
ཁང་ཤུའི་སྲིད་ལོའི་དཀྱིལ་སྨད་ནས་ལོ་བརྒྱ་ཙམ་སོང་བ་ན་པེ་ཅིང་གྲོང་ཁྱེར་ན་ཡོད་པའི་མན་རིགས་ཐམས་ཅད་ཀྱིས་ཕ་སྐད་དོར་ནས་རྒྱ་སྐད་རྐྱང་པ་སྨྲ་བར་གྱུར་ཏོ། །
རྗེས་སུ་འགྱུར་བ་ནི་ཧེ་ལོང་ཅང་སོགས་བྱང་ཤར་གྱི་ཞིང་ཆེན་གསུམ་སྟེ་མན་རིགས་ཀྱི་ཕ་ཡུལ་ན་ཡོད་པ་རྣམས་ཡིན་ཏེ།འདི་རྣམས་ཆིང་རྒྱལ་རབས་ཀྱི་སྨད་དམ་མཇུག་ཙམ་ནས་མི་ཕལ་མོ་ཆེས་རྒྱ་སྐད་སྨྲ་བར་གྱུར།འགྲིམ་འགྲུལ་སྟབས་མི་བདེ་ཞིང་གཞན་དང་འབྲེལ་འདྲེས་ཉུང་བའི་རི་ཁུལ་ན་ཡོད་པའི་གྲོང་ཚོ་རེ་ཟུང་ན་ད་ལྟའང་མན་སྐད་སྨྲ་ཤེས་པའི་རྒན་པོ་འགའ་རེ་ཡོད་པར་སྣང་སྟེ། ཆི་ཆི་ཧར་(齊齊哈爾)གྲོང་ཁྱེར་གྱི་ཧྥོས་ཡུས་(富裕)རྫོང་གི་ཁྱིམ་གསུམ་གྲོང་(三家子)ཞེས་པ་འདི་མན་སྐད་ཀྱི་ཐ་མའི་རྟེན་གཞིར་གྱུར། ཆིང་རྒྱལ་རབས་ཀྱི་མཇུག་ཏུ་ད་དུང་མི་རྣམས་ཀྱིས་རྒྱ་སྐད་མི་ཤེས། ཆིང་རྒྱལ་རབས་མཇུག་རྫོགས་པ་ན་གདོད་སྐད་གཉིས་སྨྲ་བའི་དུས་སྐབས་སུ་གྱུར།དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་སྐབས་སུ་དུས་སྐབས་དེ་མཇུག་རྫོགས་ནས་རྒྱ་སྐད་ཁོ་ན་སྨྲ་བའི་དུས་སྐབས་སུ་གྱུར།ལོ་ལྔ་དྲུག་ཙམ་གྱི་སྔོན་དུ་འདིར་ད་དུང་མན་སྐད་ཅུང་ཟད་ལེགས་པོ་སྨྲ་ཤེས་པའི་རྒན་པོ་ལོ་དྲུག་ཅུ་ཡན་ཆད་ལོན་པ་བརྒྱད་འདུག་ཟེར་བས་འདི་རྣམས་མན་སྐད་སྨྲ་མཁན་གྱི་ཐ་མ་ཡིན་འདུག་གོ །
གཞན་ཡང་ཀྲུང་གོའི་ཉེན་ལྡན་སྐད་རིགས་འགའ་ཞིག་གི་ཞིབ་འཇུག་ཅེས་པའི་གཞུང་ལས། ཧི་ཏྲི་(赫哲)མི་རིགས་ཀྱི་སྐད་ཡིག་ཉེན་ལྡན་སྐད་དུ་གྱུར་ཡོད་ཅིང་དེའི་རྒྱུ་མཚན་ནི།སྤྱིར་མི་གྲངས་ཉུང་བ་དང་ཁ་ཐོར་དུ་གནས་པ་དང་རིགས་གཞན་ལ་གཉེན་འབྲེལ་བྱས་པ་དང་ཉེ་དུས་སུ་རྒྱ་སྐད་ཀྱི་སློབ་གསོ་ཡོངས་ཁྱབ་ཏུ་སྤེལ་བ་བཅས་ཡིན་ལ།དེའི་ནང་ནས་གཙོ་བོ་མི་གྲངས་ཉུང་བ་ཡིན་ཏེ།མི་རིགས་འདི་ལ་ད་ལྟ་ཁྱོན་མི་གྲངས་༤༢༥༤ཙམ་ལས་མེད་ཅེས་ཟེར་རོ། །
ཤན་ཏོ་(仙島)མི་རིགས་ཀྱི་སྐད་ཉེན་ལྡན་དུ་གྱུར་པའི་རྒྱུ་རྐྱེན་ནི།མི་རིགས་ཁ་གྱེས་པ་དང་མི་གྲངས་ཉུང་བ་དང་སྐད་རིགས་གཞན་དང་འདྲེས་པ་སོགས་ཡིན་ལ།གཙོ་བོ་མི་རིགས་ཕྱོགས་གཉིས་སུ་ཁ་གྱེས་པའི་སྟོབས་ཀྱི་ཡིན་ཞེས་ཟེར་རོ། །
ཐོའུ་ཅ་(土家)མི་རིགས་ཀྱི་སྐད་ཉེན་ལྡན་དུ་གྱུར་པའི་རྒྱུ་རྐྱེན་ནི།དུས་ཡུན་རིང་པོར་རྒྱའི་ཤུགས་རྐྱེན་ཐེབས་པ་དང་རྒྱ་སྐད་དང་རྒྱ་ཡིག་གི་སློབ་གསོ་ཡོངས་ཁྱབ་ཏུ་དང་དུ་བླངས་པ་དང་བརྙན་འཕྲིན་དང་གློག་བརྙན་སོགས་རྒྱ་སྐད་ཀྱི་འཕྲིན་སྦྱོར་རྣམས་དང་།རྒྱ་རིགས་དང་འདྲེས་སྡོད་བྱས་པ་སྟེ་ཉེ་འཁོར་ཐམས་ཅད་རྒྱ་རིགས་ཀྱིས་བསྐོར་ནས་གནས་པ་དང་མི་རིགས་ཀྱི་ལ་རྒྱ་མེད་པ་དང་ཕ་སྐད་ལ་ཤ་ཞེན་མེད་པ་སོགས་ཡིན་ལ།དེའི་ནང་ནས་གཙོ་བོ་རྒྱ་མི་རིགས་ཀྱི་ཤུགས་རྐྱེན་དང་རྒྱ་སྐད་དང་རྒྱའི་རིག་གནས་དང་དུ་བླངས་པ་ཡིན་ཞེས་ཟེར་རོ། །
མན་ཇུའི་རིགས་ཀྱི་སྐད་ནུབ་པའི་རྒྱུ་རྐྱེན་ལ་སྔར་བཤད་པ་ལྟར་མང་དུ་ཡོད་ལ་དེའི་ནང་ནས་གཙོ་བོ་ནི།མི་རིགས་གཞན་གྱི་ཁྲོད་དུ་ཁ་ཐོར་དུ་གནས་པ་དང་དཔོན་རིགས་སམ་སྐུ་དྲག་རྣམས་ཀྱིས་རྒྱའི་སྐད་ཡིག་བསླབ་པ་ལ་ནན་གྱིས་བསྐུལ་མ་བྱས་པ་ཡིན་ཞེས་ཟེར་རོ། །
གསུམ་པ་རྒྱུ་རྐྱེན་དེ་རྣམས་ཀྱི་ནང་ནས་གང་གཙོ་བཤད་པ་ནི།འོ་ན་རྒྱུ་རྐྱེན་དེ་རྣམས་ཀྱི་ནང་ནས་གང་གཙོ་ཆེ་ཞེ་ན།འགའ་ཞིག་གིས་དཔལ་འབྱོར་གཙོ་ཆེ་ཟེར།འགའ་ཞིག་གིས་སློབ་གསོ་དང་གསར་འགྱུར་སོགས་འཕྲིན་བརྡ་དང་ཆབ་སྲིད་ཀྱི་གནོན་ཤུགས་རྣམས་གཙོ་ཆེ་ཞེས་ཟེར།འགའ་ཞིག་གིས་ནི་དཔལ་འབྱོར་དང་བེད་སྤྱད་ཀྱི་གོ་སྐབས་དང་མི་རིགས་རང་གི་རྣམ་འགྱུར་གསུམ་གཙོ་ཞེས་ཟེར་རོ། །
དེ་ལྟར་བཤད་ཚུལ་མི་མཐུན་པ་དུ་མ་སྣང་ཞིང་སོ་སོ་ལ་རྒྱུ་མཚན་མང་དུ་འདུག་ཀྱང་དཔལ་འབྱོར་གྱི་ཕན་གནོད་དང་ཆབ་སྲིད་ཀྱི་གནོན་ཤུགས་དང་མི་རིགས་རང་ཉིད་ཀྱི་མོས་པ་དང་རིགས་གཞན་དང་འདྲེས་སྡོད་བྱེད་པ་རྣམས་ནི་སྟོབས་ཤུགས་ཆེ་བར་མངོན་ནོ། །
བཞི་པ་བོད་ཀྱི་སྐད་ཡིག་ལ་རྒྱུ་རྐྱེན་དེ་རྣམས་ཡོད་མེད་བརྟག་པ་ནི། དང་པོ་དཔལ་འབྱོར་གྱི་ཐད་ལ། བོད་ཡུལ་ནས་བོད་སྐད་གཅིག་པོ་མ་གཏོགས་མི་ཤེས་མཁན་ཞིག་ཡིན་ན་སློབ་གྲྭ་ཆེན་མོའི་ནང་དུ་མཐོ་རྒྱུགས་མི་འཕྲོད་ཅིང་གཞུང་ཞབས་པའི་ནང་དུའང་རྒྱུགས་སྤྲོད་པའི་གོ་སྐབས་མེད་པས་བྱ་བ་བཟང་པོ་མི་རྙེད།དེར་མ་ཟད་ཁེ་ལས་སྡེ་ཁག་དང་ཐ་ན་ཞབས་ཞུའི་ལས་རིགས་སོགས་སུའང་ཕ་སྐད་ཀྱིས་གོ་མི་ཆོད་པས་བྱ་བ་མི་རྙེད།བྱ་བ་བཟང་པོ་རྙེད་དགོས་ན་ཅིས་ཀྱང་རྒྱ་སྐད་རྒྱ་ཡིག་མ་བསླབས་ཐབས་མེད་ཡིན།དེའི་ཕྱིར་བོད་མི་རྣམས་ཀྱིས་དཔལ་འབྱོར་གྱི་ཁེ་ཕན་ལ་བསམས་ཏེ་བོད་ཡིག་བསླབས་ཀྱང་སྤྱོད་སྒོ་མི་འདུག་པས་མི་སློབ་ཅེས་སྨྲ་བར་བྱེད་པ་དང་འདོར་བར་བྱེད་པ་མང་པོ་ཡོད་དོ། །
གཉིས་པ་རིག་གནས་ཀྱི་ཐད་ལ།བོད་ཡུལ་གྱི་དམའ་འབྲིང་གི་སློབ་གྲྭ་མང་པོའི་ནང་དུ་བོད་ཀྱི་སྐད་ཡིག་གཏན་ནས་བསླབ་རྒྱུ་མེད་པའང་འདུག་ལ།བསླབ་རྒྱུ་ཡོད་པ་རྣམས་ཀྱི་ནང་ནས་ཀྱང་སློབ་གྲྭ་ཕལ་མོ་ཆེ་ཞིག་གི་རྩིས་དངོས་རྫས་སོགས་བསླབ་གཞི་མང་ཆེ་བ་རྒྱ་ཡིག་ཡིན་ལ་བོད་ཡིག་ཟུར་ཁྲིད་ཙམ་ཞིག་ལས་མེད།ཕ་སྐད་ཀྱི་ཐོག་ནས་སློབ་ཁྲིད་མི་བྱེད་པ་དེའི་དབང་གིས་བོད་ཀྱི་བུ་ཕྲུག་ཚོས་རྩིས་དངོས་རྫས་གསུམ་སོགས་ཀྱི་ཀྱི་གོ་བ་ཤིན་ཏུ་ཞན་པས་སློབ་གྲྭ་གོང་མར་རྒྱུགས་མི་འཕྲོད་པས་སླར་ཁྱིམ་དུ་ལོག་དགོས་པར་གྱུར།སློབ་མ་མང་པོ་ཞིག་ལ་སློབ་ཆུང་གི་ནང་ནས་རྒྱ་ཡིག་ཁོ་ན་བསླབས་ཤིང་སློབ་འབྲིང་གི་སྐབས་སུ་ད་གདོད་བོད་ཡིག་ཅུང་ཙམ་རེ་སློབ་པར་བྱེད་པས་སྔོན་མན་ཇུའི་བྱིས་པ་རྣམས་ཀྱིས་ཐོག་མར་རྒྱ་ཡིག་བསླབས།ཆེན་པོར་གྱུར་པ་ན་གདོད་མན་ཇུའི་སྐད་ཡིག་སློབ་པར་བྱེད་པ་ལྟར་བྱེད་ཀྱིན་འདུག དེས་ན་རང་རེའི་སྐད་ཡིག་གི་ཐད་ནས་ཕྱོགས་མང་པོ་ཞིག་ནས་མན་ཇུའི་ལོ་རྒྱུས་ཀྱི་རྗེས་ཟློས་འབའ་ཞིག་བྱེད་པར་འདུག་སྟེ།འདིའི་རྗེས་འབྲས་ཀྱང་མན་ཇུའི་སྐད་ཡིག་གི་ཐ་མའི་སྣང་ཚུལ་དེ་ཁོ་ན་ཡིན་པ་གདོན་མི་ཟའོ། །

日期: 2012-05-19

来自: ཨ་མའི་གླེབས་རིལ།

主题: སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས།

སྤྱི་ཚོགས་ཀྱི་ཐད་ལ།དངུལ་ཁང་དང་སྦྲག་ཁང་དང་བོད་སྨན་ལས་གཞན་པའི་སྨན་ཁང་སོགས་སུ་བོད་ཡིག་བོད་སྐད་གཅིག་པོ་ལས་མི་ཤེས་རྣམས་ཀྱིས་དངུལ་གཏོང་ལེན་དང་འཕྲིན་བསྐུར་བ་དང་ནད་སྟོན་པ་སོགས་བྱ་ཐབས་གཏན་ནས་མེད་པ་ཐམས་ཅད་ཀྱིས་མངོན་སུམ་ཡིན་པས་འདི་ཐམས་ཅད་ཀྱི་ནང་དུ་བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་ཐོབ་ཐང་མེད་པར་བྱས་ཟིན།བོད་ཡུལ་གྱི་རྫོང་རིམ་པ་ཡན་ཆད་གྱི་གྲོང་ཁྱེར་ཐམས་ཅད་དུ་བོད་རྣམས་མི་རིགས་གཞན་དང་འདྲེས་སྡོད་ཧ་ཅང་ཆེ།གྲོང་ཁྱེར་འདི་རྣམས་སུ་བོད་རིགས་མགོ་ཁྲིད་དང་ཤེས་ཡོན་པ་རྣམས་ཀྱིས་རང་གིས་རྒྱ་ཡིག་བསླབས་ཤིང་།ཁྱིམ་ཚང་གི་ནང་དུའང་ཕ་སྐད་བཤད་པ་ཇེ་བས་ཇེ་ཉུང་དུ་གྱུར།དཔལ་འབྱོར་གྱི་ཁེ་ཕན་སོགས་ལ་དམིགས་ནས་བུ་ཕྲུག་ཚོ་ལ་བོད་ཡིག་བསླབ་ཏུ་མི་འཇུག་ཅིང་རྒྱ་ཡིག་བསླབས་པས་བོད་ཡིག་ལྟ་ཅི་བོད་སྐད་ཙམ་ཡང་མི་ཤེས་པའི་བོད་རིགས་གསར་སྐྱེས་འབོར་ཆེན་ཞིག་ཐོན།ཚུལ་འདིའང་མན་རིགས་ཀྱི་ལོ་རྒྱུས་དང་ཤིན་ཏུ་མཚུངས་ཏེ།གོང་དུ་སྨྲས་པ་བཞིན་མན་རིགས་ཀྱི་མང་ཚོགས་ཀྱིས་ཕ་སྐད་བཤད་ཀྱང་རིམ་པ་གོང་མའི་མི་རྣམས་ཀྱི་བུ་ཕྲུག་ཚོས་རྒྱ་ཡིག་འབྲི་རྒྱ་སྐད་བཤད་པ་ལྟར་བོད་ནའང་རོང་འབྲོག་མང་ཚོགས་ཀྱིས་ད་དུང་ཕལ་ཆེར་ཕ་སྐད་བཤད་ནའང་རིམ་པ་གོང་མའི་མི་དང་དེ་རྣམས་ཀྱི་བུ་ཕྲུག་ཚོས་མི་བཤད་པའམ་བཤད་མི་ཤེས་པར་འགྱུར་བཞིན་ཡོད་པའི་ཕྱིར་རོ། །
དེ་བཞིན་དུ་བོད་རྣམས་གྲོང་ཁྱེར་ཆེན་པོ་རྣམས་སུ་སོང་ནས་གཞན་དང་འདྲེས་སྡོད་བྱས་པ་ནི།དེང་སང་སི་ཁྲིན་ཁྲིང་ཏུའུ་གྲོང་ཁྱེར་དང་མཚོ་སྔོན་ཟི་ལང་གྲོང་ཁྱེར་ན་བོད་རིགས་ཁྲི་ཕྲག་མང་པོ་ཡོད་ཀྱང་གྲོང་ཁྱེར་འདི་གཉིས་ན་བོད་ཡིག་བོད་སྐད་བསླབ་རྒྱུ་ཡོད་པའི་དམའ་འབྲིང་གི་སློབ་གྲྭ་གཅིག་ཀྱང་མེད་པས་གྲོང་ཁྱེར་འདི་དག་ནས་སྐྱེས་པའི་བྱིས་པ་རྣམས་ཀྱི་ནང་ན་ཕ་སྐད་ཙམ་ཡང་ཤེས་པ་དཀོན་པར་གྱུར་ཏོ། །
དེས་ན་བོད་ཡུལ་སོགས་ཀྱི་གྲོང་ཁྱེར་འདི་རྣམས་ན་ཡོད་པའི་བོད་པ་རྣམས་གོང་དུ་བཤད་པའི་སྐད་གཉིས་མཉམ་སྤྱད་ཀྱི་དབང་གིས་རིག་གནས་ལ་ཤན་ཞུགས་པའི་རིམ་པའམ་གནས་སྐབས་གསུམ་ཡོད་པའི་ནང་ནས་གནས་སྐབས་དང་པོ་དང་གཉིས་པ་གཉིས་བརྒལ་ནས་གནས་སྐབས་གསུམ་པའི་སྟོད་ཙམ་དུ་སླེབས་ཡོད་ལ།ཞིང་འབྲོག་མང་ཚོགས་ནི་གནས་སྐབས་དང་པོའམ་དང་པོའི་སྨད་དང་གཉིས་པའི་སྟོད་དམ་དཀྱིལ་ཙམ་ན་གནས་ཡོད་དོ། །
ནང་རྐྱེན་གྱི་ཐད་ལ།དེང་སང་བོད་རིགས་ཀྱི་ཁྲོད་ན་མི་འགའ་རེས་གཞན་གྱི་གཡམ་ལ་བརྒྱུགས་ཏེ་མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་གྱི་རིག་གནས་དང་ཆོས་ལ་རྗེས་ལུས་དང་བསམ་བློ་རྙིང་པ་དང་ཡར་རྒྱས་ཀྱི་འགོག་རྡོ་དང་སྐྱོན་དུ་བལྟ་བ་དང་དེར་མ་ཟད་འཛེམས་མེད་དུ་སྐྱོན་བརྗོད་བྱེད་ཅིང་དེ་ཉིད་གཞན་ལ་སྤེལ་ཅི་ཐུབ་བྱེད་པ་དག་འབྱུང་བཞིན་ཡོད་པས་ནང་གི་རྐྱེན་ཡང་ཚང་བར་འདུག་གོ །
བཞི་པ་སྐད་རིགས་འཆི་བའི་ལྟས་བཤད་པ་གཉིས་ཏེ།འཆི་ལྟས་ངོས་གཟུང་བ་དང་།དེ་བོད་སྐད་ལ་ཡོད་མེད་བརྟག་པའོ། །
དང་པོ་ནི།སྐད་རིགས་གང་ཞིག་ཉེན་ལྡན་གྱི་སྐད་རིགས་ཡིན་མིན་ནམ་ཉེ་བའི་འཆི་ལྟས་ཚང་མ་ཚང་གི་ཐད་ལ་ལྟ་བ་མི་འདྲ་བ་འགའ་རེ་ཡོད་དེ།འགའ་ཞིག་གིས་སྐད་དེ་སྨྲ་མཁན་གྱི་མི་གྲངས་མང་ཉུང་གིས་བལྟ་དགོས་ཏེ་སྐད་རིགས་དེ་སྨྲ་མཁན་གྱི་མི་གྲངས་ཁྲི་གཅིག་མན་ཆད་ལས་མེད་ན་ཉེན་ལྡན་ཡིན་ཟེར།འགའ་རེས་ཁྲི་ལྔ་མན་ཆད་ཡིན་ན་ཉེན་ལྡན་ཡིན་ཟེར།འགའ་རེས་ནི་སྐད་དེ་སྨྲ་མཁན་གྱི་ལོ་གྲངས་རྒན་གཞོན་གྱི་སྒོ་ནས་བལྟ་དགོས་ཏེ།ལོ་༤༠མན་ཆད་ཅན་རྣམས་ཀྱིས་སྐད་དེ་མི་ཤེས་པའམ་ཅུང་ཟད་ཤེས་ཀྱང་མི་སྨྲ་ན་ཉེན་ལྡན་ཡིན་ཟེར་བ་ཡོད་ཀྱང་སྤྱིའི་རྟགས་མཚན་ནི།ཉེ་བའི་འཆི་ལྟས་ལ་གཙོ་བོ་གསུམ་ཡོད་དེ།དང་པོ་ནི།སྐད་ཉམས་པའི་མི་གྲངས་ཀྱི་བསྡུར་ཚད་དེ།མི་རིགས་དེའི་བརྒྱ་ཆ་བརྒྱད་ཅུ་ཙམ་གྱིས་སྐད་རིགས་གཞན་བཤད་ཅིང་ད་དུང་དེའི་གྲངས་ཇེ་མང་དུ་འགྲོ་བཞིན་པ་ཡིན་ན་དེའི་ཕ་སྐད་དེ་ཉེན་ལྡན་སྐད་རིགས་
ཡིན་ནོ། །
གཉིས་པ་ནི།ཕ་སྐད་སྨྲ་བའི་མིའི་ལོ་གྲངས་ཀྱི་བསྡུར་ཚད་དེ།སྐད་རིགས་དེ་རྒན་པ་རྣམས་ཀྱིས་ཤེས་པ་ཙམ་ལས་ན་གཞོན་རྣམས་ལ་བརྒྱུད་པ་ཆད་ནས་མི་ཤེས་པར་གྱུར་པ་ན་སྐད་དེ་ཉེན་ལྡན་སྐད་དུ་གྱུར་པའི་རྟགས་ཡིན་ནོ། །
གསུམ་པ་ནི།སྐད་དེ་སྨྲ་བ་དང་མཉན་པའི་ནུས་པ་མི་འདྲ་བ་སྟེ།མི་རྣམས་ལ་ཕ་སྐད་དེ་མཉན་པའི་ནུས་པ་ཡོད་ལ་སྨྲ་བའི་ནུས་པ་མེད་པར་གྱུར་པའམ་ཞན་པར་གྱུར་ན་སྐད་དེ་ཤིན་ཏུ་རྒུད་པ་ཡིན་པས་ཉེན་ལྡན་གྱི་ཕྱོགས་སུ་འགྲོ་བཞིན་པ་ཡིན་ནོ། །
མཚན་ཉིད་འདི་གསུམ་དང་ལྡན་ན་སྐད་དེ་མྱུར་དུ་འཆི་བའི་ལྟས་ཚང་བ་ཡིན་པས་ཉེན་ལྡན་སྐད་རིགས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ། །
གཞན་ཡང་མི་རིགས་དེ་མི་རིགས་ཆེན་པོ་གཞན་དང་འདྲེས་ནས་གནས་པ་དང་།ཆབ་སྲིད་ཀྱི་གོ་ས་མེད་པ་དང་།དཔལ་འབྱོར་གྱི་ཁེ་ཕན་མེད་པ་དང་།མི་རིགས་དེ་ཉིད་ཀྱིས་རང་གི་སྐད་སོགས་སྲོལ་རྒྱུན་གྱི་རིག་གནས་ལ་སྐྱོན་དུ་བལྟ་བ་དང་།རང་གི་ཆོས་ལ་སྐྱོན་དུ་བལྟ་བ་རྣམས་ཀྱང་རིང་བའི་འཆི་ལྟས་སུ་གཞག་རུང་བར་མངོན་ནོ། །
གཉིས་པ་དེ་བོད་སྐད་ལ་ཡོད་མེད་བརྟག་པ་ནི།ཉེ་བའི་འཆི་ལྟས་འདི་རྣམས་ནི་བོད་ཀྱི་ཡུལ་བྱེ་བྲག་པ་འགའ་རེ་ལ་ཡོད་ཀྱང་བོད་སྐད་སྤྱིའི་ཆ་ནས་ད་དུང་རེ་ཞིག་མེད་མོད།འོན་ཀྱང་རིང་བའི་འཆི་ལྟས་རྣམས་ལས་ཕལ་མོ་ཆེ་ཞིག་ནི་བོད་སྐད་ལ་ཚང་བར་ཡོད་ལ།གལ་ཏེ་བོད་སྐད་ཀྱི་གནས་ཚུལ་འདི་ད་ལྟ་བཞིན་མུ་མཐུད་ནས་འགྲོ་རྒྱུ་ཡིན་ན་མ་འོངས་པར་ལྟས་འདི་རྣམས་ཇེ་བས་ཇེ་གསལ་དང་ཇེ་བས་ཇེ་ཚང་དུ་འགྲོ་རྒྱུ་ཡིན་པ་ལ་ནི་ཐེ་ཚོམ་མེད་དོ། །
ལྔ་པ་ཤི་བའི་མཇུག་འབྲས་བཤད་པ་ནི།གལ་ཏེ་མི་རིགས་ཤིག་གི་སྐད་དང་ཡི་གེ་གཉིས་ཤི་བར་གྱུར་ན་དོན་ལ་མི་རིགས་དེ་ཉིད་ཀྱི་མི་ཐམས་ཅད་མཉམ་དུ་ཤི་ནས་རིགས་དེ་རྩ་བ་ནས་མེད་པར་གྱུར་པ་དང་འདྲ་སྟེ།དཔེར་ན་མི་རིགས་ཤིག་གི་མི་ཡོངས་རྫོགས་ཀྱིས་ཕ་སྐད་དོར་ནས་སྐད་ཡིག་གཞན་པ་ཞིག་ལ་བརྟེན་པར་གྱུར་པ་ན་མི་རིགས་དེའི་ཁོངས་མི་ཡོངས་རྫོགས་མི་རིགས་གཞན་པ་དེའི་ཁོངས་སུ་ཐིམ་ཟིན་པ་ཡིན།གང་གི་ཕྱིར་ན་ཐ་ན་སྐད་དང་ཡི་གེའང་མི་རིགས་གཞན་པ་ཉིད་དུ་གྱུར་ན་ཆས་གོས་སྤྱོད་ལམ་ནི་འགྱུར་པ་སྨོས་མ་དགོས་པ་རེད།དེའི་ཚེ་བསམ་པའི་འདུ་ཤེས་དང་སྨྲ་བརྗོད་དང་སྤྱོད་ལམ་ཐམས་ཅད་གཞན་གྱི་རིག་གནས་ལྟར་དུ་བྱ་དགོས་པར་འགྱུར་བས་སྔར་གྱི་མི་རིགས་དེ་ཉིད་ཡིན་པའི་རྟགས་མཚན་ཕྱི་རོལ་དུ་མངོན་པ་ཅི་ཡང་སྟོན་རྒྱུ་མེད་དེ།འཛམ་བུ་གླིང་གི་མི་རིགས་རྣམས་ལ་པགས་མདོག་དང་གདོང་དབྱིབས་འདྲ་བ་ནི་ཤིན་ཏུ་མང་པོ་ཡོད།ཁྲག་རྩའི་ནང་གི་ཁྲག་འདི་སྤྱིར་ཡང་འཆོལ་བ་མང་ཞིང་མ་འཆོལ་དུ་ཟིན་ཡང་ནང་ན་གནས་པ་ལས་ཕྱིར་མངོན་རྒྱུ་མེད།དེས་ན་སྐད་ཡིག་ནི་མི་རིགས་རྣམས་སོ་སོར་འབྱེད་བྱེད་རྟགས་མཚན་གཙོ་བོ་ཡིན་པའི་ཕྱིར་རོ། །
དེས་ན་སྐད་རིག་པའི་མཁས་པ་རྣམས་ཀྱིས་ཕ་སྐད་ནི་མི་རིགས་དེའི་རིགས་མཐུན་གྱི་ཐོབ་ཐང་གི་དན་དཔང་ཡིན་ཞེས་པ་དང་།སྐད་ནི་དེ་སྨྲ་བའི་མི་རྣམས་ཀྱི་མཚོན་རྟགས་ཡིན་ཞེས་ཟེར་བས་ཐོབ་ཐང་གི་དན་དཔང་དང་མཚོན་རྟགས་འདི་བོར་ན་མི་རིགས་ཀྱི་རིགས་ཀྱང་བོར་བ་ཡིན།དེ་བཞིན་དུ་ཕ་སྐད་བོར་ན་མི་རིགས་དེའི་ལོ་རྒྱུས་ཀྱང་ནུབ་པར་འགྱུར་བ་ཡིན་ཏེ།ཕ་སྐད་ལ་བརྟེན་ནས་མི་རིགས་དེའི་བསམ་པའི་འདུ་ཤེས་དང་དེའི་འཕོ་འགྱུར་དང་།མི་རིགས་དེ་ཉིད་ཀྱི་མི་ཚེའི་ལྟ་བ་དང་འཇིག་རྟེན་ལྟ་བ་དང་རིན་ཐང་གི་ལྟ་བ་རྣམས་ཀྱང་རྗེས་སུ་དཔག་ཐུབ་པ་ཡིན་ཏེ།དཔེར་ན་བོད་ཀྱི་ཕ་སྐད་ནང་དུ་ལས་རྒྱུ་འབྲས་དང་བྱམས་སྙིང་རྗེའི་སྐོར་གྱི་མིང་ཚིག་ཤིན་ཏུ་མང་ཞིང་ཕུན་སུམ་ཚོགས་པོ་ཡིན་པས་མི་རིགས་འདིས་དེ་དག་གི་སྐོར་གླེང་བརྗོད་མང་དུ་བྱེད་པས་ལས་རྒྱུ་འབྲས་སྲུང་བ་དང་བྱམས་སྙིང་རྗེ་ལ་མཐོང་ཆེན་བྱེད་པ་ཞིག་ཡིན་པ་ཤེས་ཐུབ་པ་དང་།དེ་བཞིན་དུ་བོད་ན་དུས་རབས་བཅུ་དགུ་པ་ཡན་ཆད་དུ་ཤིང་རྟ་འཁོར་ལོ་ཞེས་པ་དང་།དུས་རབས་ཉི་ཤུ་པའི་ནང་དུ་ལྕགས་རྟ་ཞེས་པ་དང་།དུས་རབས་ཉེར་གཅིག་པའི་ནང་དུ་འཕྲུལ་རྟ་ཞེས་པའི་ཐ་སྙད་བྱུང་བ་ལ་བརྟེན་ནས་དུས་རབས་གསུམ་པོ་འདིའི་ནང་གི་དངོས་པོ་རྣམས་ཀྱི་འཕོ་འགྱུར་དཔག་ཐུབ་པ་ལྟ་བུ་ཡིན།དེའི་ཕྱིར་སྐད་རིག་པའི་མཁས་པ་རྣམས་ཀྱིས་ཕ་སྐད་ནི་མི་རིགས་དེའི་ལོ་རྒྱུས་ཀྱི་རིན་པོ་ཆེའི་མཛོད་ཁང་ཡིན་ཞེས་པ་དང་།ཕ་སྐད་ནི་མི་རིགས་དེའི་རིགས་ཀྱི་ཐོ་ཡིག་ཡིན་ཞེས་དང་།སྐད་ནི་དྲན་རྟེན་གྱི་རྡོ་རིང་ལྟ་བུ་ཡིན་ཞེས་ཟེར་རོ། །

日期: 2012-05-19

来自: ཨ་མའི་གླེབས་རིལ།

主题: སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས།

དེ་ལྟར་མི་རིགས་དེའི་རིགས་ཀྱི་ཐོབ་ཐང་དན་དཔང་དང་ལོ་རྒྱུས་གཉིས་ཀ་ནུབ་ནས་མི་རིགས་གཞན་ཞིག་གི་ནང་དུ་ཐིམ་པར་གྱུར་པ་ན་སྔོན་གྱི་མི་རིགས་དེའི་མཇུག་རྫོགས་པར་གྱུར་པ་ཡིན་ཏེ།ཝེར་སི་མི་རིགས་ཀྱི་གཏམ་དཔེ་ལས།ཕ་སྐད་མེད་པའི་མི་རིགས་དེ།།རྣམ་ཤེས་མེད་པའི་མི་རིགས་ཡིན།།ཞེས་ཟེར་ཞིང་།གཞན་དག་གིས་ཕ་སྐད་ནུབ་ན་མི་རིགས་འཆི་ཞེས་ཟེར་བ་ལྟ་བུའོ། །
དེས་ན་མི་རིགས་ཀྱི་མདུན་ལམ་ལ་སེམས་པའི་མཁས་པ་རྣམས་ནི་ཕ་སྐད་ནུབ་པ་འདི་ལ་རང་གི་སྲོག་ཆད་པ་ལས་ཀྱང་ཕངས་བར་ལྟ་སྟེ།ཨོ་སི་ཐྲི་ལི་ཡའི་རྩོམ་རིག་པ་མ་ལོ་ཧྥོས་(David Malouf,馬羅夫)ཞེས་པ་ན་རེ།ང་རང་གིས་སྨྲ་བའི་སྐད་འདི་མི་རྣམས་ཀྱི་ཁ་ནས་རིམ་པ་བཞིན་ནུབ་
པར་འགྱུར་པ་འདི་ལ་བསམ་པའི་ཚེ་ན།ཤིན་ཏུ་དངགས་སྐྲག་གི་ཚོར་བ་ཞིག་འབྱུང་གིན་འདུག ཚོར་བ་འདི་ང་རང་ཉིད་འཆི་བར་འགྱུར་བའི་ཚོར་བ་ལས་ཀྱང་རུས་པའི་གཏིང་དུ་ཟུག་སྟེ།གང་གི་ཕྱིར་ཞེ་ན།འདི་ནི་ང་རང་གི་མི་རིགས་འདི་ཐམས་ཅད་ཐུན་མོང་དུ་འཆི་བར་འགྱུར་པ་དང་དོན་གཅིག་ཡིན་པའི་ཕྱིར་རོ་ཞེས་ཟེར་ཞིང་།མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་བརྗོད་ན་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་ཀྱང་།རང་གཤིས་བདུད་རྩིའི་རྫིང་བུ་ནི།།སྣོན་མེད་ངང་གིས་འགྲིབ་པ་ལ།།བླུན་པོས་ཅི་མི་སེམས་ན་ཡང་།།བློ་ལྡན་བློ་ནི་འཇིགས་པའི་གནས།།ཞེས་གསུངས་པ་བཞིན་ནོ། །
ཕ་སྐད་ནུབ་ཅིང་རིག་གནས་བརླགས་ཟིན་པའི་ཤུལ་ན་ལུས་པའི་མི་རྣམས་ནི་ཕ་མ་སུ་ཡིན་མི་ཤེས་པའི་དྭ་ཕྲུག་ལྟ་བུ་ཡིན་ཏེ།སི་ཐོར་མན་(Hendrik Stuurman,史圖爾曼)ཞེས་པས་
ལྷོ་ཨ་ཧྥེ་རི་ཀའི་ནུབ་བྱང་དུ་འཚར་ལོངས་བྱུང་བའི་ཁིའེ་ཁིའེ་(Khoikhoi)མི་རིགས་ཀྱི་
ལོ་རྒྱུས་འཆད་པ་ཁོ་ན་རེ།ང་རང་བུད་མེད་ངོ་མི་ཤེས་པ་ཞིག་གི་ནུ་འོ་འཐུང་ནས་འཚར་ལོངས་བྱུང་བའམ་མི་གཞན་ཞིག་གིས་གསོས་ནས་ཆེར་སྐྱེས་པ་ལྟ་བུའི་སྣང་བ་ཞིག་འོང་གིན་འདུག དེ་
ཅིའི་ཕྱིར་ཡིན་ཞེ་ན།ངས་ངའི་ཨ་མས་སྨྲ་བའི་སྐད་དེ་སྨྲ་མི་ཤེས་པའི་དབང་གིས་རེད་ཅེས་ཟེར་བ་ལྟ་བུའོ། །
དེ་བཞིན་དུ་རང་རེ་བོད་ལ་མཚོན་ན་བོད་ཀྱི་སྐད་ཡིག་དང་རིག་གནས་ཐམས་ཅད་ནུབ་པར་གྱུར་ན་བོད་མི་ཡོངས་རྫོགས་མཉམ་དུ་ཤི་བ་ལས་ཀྱང་ཐུ་བས་བོད་མི་རིགས་ལ་འདི་བས་གྱོང་ཆེ་བ་ཅི་ཡང་མེད།བོད་ཙམ་དུ་མ་ཟད་འཛམ་བུ་གླིང་ལའང་གྱོང་རྒུད་ཧ་ཅང་ཆེ་བ་ཞིག་ཡིན་ཏེ།མ་འོངས་པར་འཛམ་བུ་གླིང་གི་མི་རྣམས་ཀྱི་རིག་གནས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་སོང་ནས་འཇིག་རྟེན་ཁམས་ཀྱི་བྱ་དངོས་ཐམས་ཅད་ཀྱི་རང་བཞིན་ལ་ངེས་ཤེས་ཅུང་ཟབ་ཙམ་ཞིག་རྙེད་པ་ན་བོད་ཀྱི་རིག་གནས་ཀྱིས་འཛམ་བུ་གླིང་གི་མི་ཕལ་མོ་ཆེ་ཞིག་གི་བློ་སྣ་ཁྲིད་ནས་ཕན་འདོགས་པ་དང་ཞབས་ཕྱི་བསྒྲུབ་པར་འགྱུར་བ་གོར་མ་ཆག་པའི་ཕྱིར་རོ། །
ལར་འཛམ་གླིང་གི་མི་རིགས་གང་ཞིག་གི་སྐད་ནུབ་པར་གྱུར་ནའང་མི་རིགས་དེ་ཉིད་དུ་མ་ཟད་མིའི་རིགས་སྤྱི་ལ་གྱོང་རྒུད་ཆེ་སྟེ།༡༩༩༢ལོར་ཁེ་ན་ཏར་འཚོགས་པའི་རྒྱལ་སྤྱིའི་སྐད་རིག་པའི་ཚོགས་ཆེན་གྱི་སྐབས་སུ་ཚོགས་ཞུགས་ཀྱི་སྐད་རིག་པའི་མཁས་པ་ཐམས་ཅད་ཀྱིས་ཚིག་གཅིག་ལ་བློ་འབབ་བྱས་ཏེ།གཅིག་གང་ཞེ་ན།སྐད་རིགས་གང་ཞིག་ནུབ་པར་གྱུར་ཀྱང་རུང་མིའི་རིགས་སྤྱི་ལ་གསོ་ཐབས་མེད་པའི་གྱོང་རྒུད་ཅིག་ཡིན་ཞེས་པ་དེའོ། །
དྲུག་པ་འཆི་བ་སྐྱོབ་ཚུལ་བཤད་པ་ནི།འདི་ལ་གཉིས་ཏེ།ནམ་སྐྱོབ་པའི་དུས་དང་།ཇི་ལྟར་སྐྱོབ་པའི་ཚུལ་ལོ།དང་པོ་སྐྱོབ་པའི་དུས་ནི།གོང་དུ་བཤད་པའི་སྐད་ལ་ཤན་ཞུགས་པའི་གནས་སྐབས་གསུམ་ཡོད་པའི་ནང་ནས་གནས་སྐབས་གཉིས་པ་དེ་ཉིད་ཡིན་ཏེ།དེའི་སྐབས་སུ་འོག་ནས་འཆད་པའི་ཐབས་རྣམས་ལ་བརྟེན་ནས་བསྐྱབས་ན་སྐྱོབ་ཐུབ་པ་དང་།གནས་སྐབས་གཉིས་པ་དེ་བརྒལ་ནས་གནས་སྐབས་གསུམ་པའི་ནང་དུ་སླེབས་ཟིན་པ་ན་འབད་པ་བྱས་ཀྱང་བསྐྱབ་ཤིན་ཏུ་དཀའ་བའི་ཕྱིར་རོ། །
དེས་ན་སྐད་ཡིག་བསྐྱབ་པར་འདོད་ཕྱིན་གནས་སྐབས་གཉིས་པ་འདི་དུས་མ་ནོར་བ་ཡིན་པས་འདི་ལས་མི་ཕྱི་བར་བསྐྱབ་པར་བྱ་དགོས་ཏེ།སྐད་རིག་པའི་ཆེད་མཁས་པ་རྣམས་ཀྱང་དེ་སྐད་དུ་སྨྲའོ། །
གཉིས་པ་སྐྱོབ་པའི་ཚུལ་ནི།འདི་ལ་རེ་ཞིག་ཐབས་བཅུ་སྟེ།དང་པོ་རིགས་དེའི་ཁོངས་སུ་གཏོགས་པའི་མི་ཐམས་ཅད་ཀྱིས་བསམ་པ་གཅིག་གྱུར་གྱི་སྒོ་ནས་རང་གི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་བྱ་བའི་སྤོབས་པ་དང་བརྩོན་སེམས་བསྐྱེད་པ་འདི་གལ་ཆེ་བ་ཡིན།གལ་ཏེ་མི་རིགས་རང་ཉིད་ཀྱི་སྤོབས་པ་ཞུམ་པའམ་རང་གི་རིག་གནས་ལ་སྐྱོན་དུ་བལྟས་ཏེ་དོར་ན་ནི་གཞན་གང་གིས་ཀྱང་སྐྱོབ་ཐབས་མེད་པའི་ཕྱིར་རོ། །
ལོ་རྒྱུས་ཐོག་ཏུ་མི་རིགས་འགའ་ཞིག་གིས་རང་གི་སྐད་ལ་སྐྱོན་དུ་བལྟས་ནས་དོར་བ་ཡོད།དེའི་རྒྱུ་མཚན་ནི་མི་རིགས་གཞན་ལས་རང་ཉིད་རྗེས་ལུས་ཡིན་པ་དང་རྨོངས་པ་ཡིན་པར་བལྟས་ཏེ་མི་རིགས་ཀྱི་རང་མཐོང་གི་བསམ་པ་ལ་གཏོར་བརླག་ཐེབས་པས་སྤོབས་པ་ཞུམ་ནས་བརྩོན་སེམས་མེད་པར་གྱུར་པའི་དབང་གིས་ཡིན།འདིའི་སྐབས་སུ་མི་རིགས་དེའི་མི་རྣམས་ལ་ཤེས་སུ་འཇུག་དགོས་པ་འདི་དག་ཡོད་དེ།རང་གི་སྐད་ཡིག་དེ་མིའི་རིགས་སྤྱི་དང་ཁྱད་པར་དུ་མི་རིགས་རང་ཉིད་ལ་གལ་ཆེ་བ་ཡིན་པ་དང་འཇིག་རྟེན་ཁམས་སུ་མུ་མཐུད་དེ་གནས་པའི་རིན་ཐང་ཡོད་པའི་ཚུལ་དང་།ད་ལྟ་རང་ཅག་གིས་དཔལ་འབྱོར་གྱི་ཁེ་ཕན་ནམ་གང་ཡང་རུང་བའི་དཀའ་ངལ་འགའ་རེ་ལ་འཛེམས་ནས་རང་གི་སྐད་འདི་མི་རབས་རྗེས་མ་རྣམས་ལ་མ་སྤེལ་ན།ནམ་ཞིག་དཔལ་འབྱོརགྱི་དམིགས་ཡུལ་གྲུབ་སྟེ།འཚོ་བའི་ཆུ་ཚད་ཅུང་ཟད་མཐོན་པོར་སླེབས་ནས་དཔལ་འབྱོར་དེ་ཙམ་གལ་མི་ཆེ་བར་གྱུར་པ་ན་མི་རྣམས་ཀྱིས་གདོན་མི་ཟ་བར་སྲོལ་རྒྱུན་གྱི་རིག་གནས་འཚོལ་བར་འགྱུར་ཞིང་།དེའི་ཚེ་ན་ཅི་ཡང་མེད་པར་བྱས་ཟིན་པས་མི་ཐམས་ཅད་ཀྱིས་ཡི་ཆད་དང་སྐྱོན་བརྗོད་བྱེད་པའི་གནས་སུ་འགྱུར་བ་དང་།རང་གི་བུ་ཕྲུག་ལ་ཕ་སྐད་བསླབ་པ་རྒྱུན་བཅད་པའི་དུས་དེ་ནས་བཟུང་མི་རབས་གཉིས་སམ་གསུམ་ཙམ་སོང་བའི་ཚེ་མི་རྣམས་ཀྱིས་རང་གི་རིགས་མཐུན་ཐོབ་ཐང་དང་ལོ་རྒྱུས་དང་མི་རིགས་ཀྱི་བརྗིད་ཉམས་ཀྱི་ཕུགས་འཚོལ་བ་ན།ཐམས་ཅད་སྔོན་ནས་བརླགས་ཟིན་པར་མཐོང་བས་མི་རབས་འདི་མི་རིགས་དེའི་ལོ་རྒྱུས་ཀྱི་ཉེས་ཅན་དུ་བརྩི་བར་འགྱུར་བ་དང་།ད་ལྟའི་མི་རབས་འདི་ལ་མི་རིགས་རང་ཉིད་ཀྱི་རིགས་མཐུན་གྱི་ཐོབ་ཐང་དན་དཔང་འདི་བརྩོན་ལེན་བྱ་བའི་གོ་སྐབས་ཡོད་མོད།གལ་ཏེ་བུ་ཕྲུག་ཚོར་ཕ་སྐད་མ་བསླབས་ན་མི་རབས་གཉིས་པའམ་གསུམ་པ་ཕན་ཆད་ཀྱི་མི་རྣམས་ལ་དེ་འདྲའི་གོ་སྐབས་གཏན་མེད་དུ་བྱས་ཟིན་པ་ཡིན་པས་ད་ལྟའི་རང་གི་བྱ་བ་འདི་མི་རབས་རྗེས་མ་རྣམས་ལ་ཤིན་ཏུ་གནོད་ཚབས་ཆེ་ཚུལ་རྣམས་ཤེས་སུ་འཇུག་དགོས་དགོས་སོ། །
གཉིས་པ་ནི།མི་ཕལ་མོ་ཆེ་ཞིག་གི་འཛམ་བུ་གླིང་གི་གྲངས་ཉུང་མི་རིགས་ཀྱི་སྐད་སྤྱིའམ་རང་གི་མི་རིགས་ཀྱི་སྐད་རིམ་པ་བཞིན་དུ་ནུབ་པར་འགྱུར་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་མི་ཤེས་པ་དང་།ད་ལྟ་མི་རིགས་དེའི་མི་སྤྱི་དང་ཁྱད་པར་དུ་ན་གཞོན་རྣམས་སྐད་རིགས་གཞན་པ་སྨྲ་བ་ལ་ཇེ་བས་ཇེ་མཁས་སུ་འགྱུར་བ་དང་།རང་གི་ཕ་སྐད་ཀྱི་ནང་དུ་སྐད་གཞན་གྱི་ཐ་སྙད་ཇེ་བས་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདི་ཕ་སྐད་ནུབ་པའི་སྔ་ལྟས་ཡིན་ཡང་དེ་མི་ཤེས་པ་དང་།ད་ལྟ་སྐད་གཉིས་སྨྲ་བ་ནས་མཐར་གཞན་གྱི་སྐད་གཅིག་པོ་སྨྲ་བར་འགྱུར་བ་དང་།འགྱུར་བ་དེའི་གྲོས་ཤིན་ཏུ་མྱུར་བ་དག་མི་ཤེས་པས་ཀུན་ལ་འདས་པའི་དུས་སུ་སྐད་ཇི་ཙམ་ནུབ་པར་གྱུར་པ་དང་།ད་ལྟ་ཇི་ཙམ་ནུབ་བཞིན་ཡོད་པ་དང་།མ་འོངས་པར་ཇི་ཙམ་ནུབ་པར་འགྱུར་པ་དང་དེའི་རྒྱུ་རྐྱེན་གང་ལ་ཐུག་པ་སོགས་དེ་དང་འབྲེལ་བའི་ཤེས་བྱ་རྣམས་གོ་བར་བྱས་ཏེ་དོགས་ཟོན་དང་བག་ཡོད་ཀྱི་ཕྱོགས་ལ་བསྐུལ་བར་བྱ་དགོས་སོ། །
གསུམ་པ་ནི།ཁྲིམས་ལ་བརྟེན་ནས་སྐད་ཡིག་གི་ཐོབ་ཐང་བརྩོན་ལེན་བྱེད་པ་ཡིན་ཏེ།རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་གྲངས་ཉུང་མི་རིགས་ཀྱི་ས་གནས་སུ་རང་རང་གི་སྐད་དང་ཡི་གེ་བཀོལ་སྤྱད་བྱ་ཆོག་པར་གཏན་འབེབས་བྱས་ཡོད་པས་ཁྲིམས་ལ་བརྟེན་ནས་སྐད་དང་ཡི་གེའི་ཁྲིམས་མཐུན་གྱི་ཐོབ་ཐང་བེད་སྤྱད་བྱ་བའོ། །
བཞི་པ་ནི།དག་ཡིག་དང་ཚིག་མཛོད་བསྒྲིག་པ་དང་བརྡ་སྤྲོད་ཀྱི་གཞུང་རྩ་འགྲེལ་རྩོམ་བསྒྲིག་བྱ་བ་དང་སློབ་གྲྭ་རིམ་པ་ཁག་གི་བསླབ་གཞི་གཏན་འབེབས་ལ་སོགས་ཡིག་ཆའི་སྐོར་སྔར་མེད་བསྐྲུན་པ་དང་ཡོད་པ་ཕུན་སུམ་ཚོགས་པར་བྱ་བ་དང་།གཞན་ཡང་ཚོང་ལས་དང་ཁྲིམས་ལུགས་དང་སྤྱི་པའི་བདག་གཉེར་སོགས་ཀྱི་ནང་དུ་རང་གི་སྐད་དང་ཡི་གེས་ཁྱབ་པར་བྱ་བ་དང་།ཐ་ན་འཕྲིན་ཡིག་གི་ཡིག་ཤུབས་ངོས་དང་སྤྱི་གཉེར་ཁང་དང་ལས་ཁུངས་ཀྱི་སྒོ་བྱང་དང་གཞུང་ལམ་གྱི་ལམ་བྱང་ཡན་ཆད་རང་གི་སྐད་ཡིག་གིས་འབྲི་བ་དང་།འགྲེམ་བརྡ་དང་འགྲེམ་ཡིག་དང་ཚོགས་འདུའི་ཟིན་ཐོ་སོགས་ཐམས་ཅད་ཕ་སྐད་ལ་དབང་བྱེད་པའི་སྐད་ཡིག་གཞན་པ་དེ་དང་འདྲ་མཉམ་དུ་འགྲོ་ཐུབ་པ་ཞིག་ལ་འབད་པར་བྱ་དགོས་སོ། །
ལྔ་པ་ནི།སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་བསླབ་ཚན་གྱི་ནང་དུ་ཕ་སྐད་ཀྱི་བརྡ་སྤྲོད་རིག་པ་དང་སྙན་ངག་དང་མངོན་བརྗོད་སོགས་་སྲོལ་རྒྱུན་རིག་གནས་ཀྱི་སློབ་ཁྲིད་ཡོད་པར་མ་ཟད་རྩིས་དངོས་རྫས་གསུམ་སོགས་རང་གི་ཕ་སྐད་ཀྱི་ཐོག་ནས་སློབ་ཁྲིད་བྱེད་རྒྱུ་ཡོད་པ་དང་།དེ་དག་སློབ་ཁྲིད་བྱེད་པའི་དགེ་རྒན་གྱི་དཔུང་སྡེ་གསོ་སྐྱོང་བྱ་བ་དང་དགེ་རྒན་རྣམས་ལ་རྟག་པར་གསོ་སྦྱོང་གི་འཛིན་གྲྭ་བསྡུས་ཏེ་སྦྱོང་བསྡར་བྱེད་པའོ། །

日期: 2012-05-19

来自: ཨ་མའི་གླེབས་རིལ།

主题: སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས།

དྲུག་པ་ནི།རོང་འབྲོག་མང་ཚོགས་དང་གྲོང་ཁྱེར་ནང་གི་ཕ་སྐད་མི་ཤེས་པའི་ན་གཞོན་དང་དར་མ་སོགས་ལ་ཡིག་རྨོངས་སེལ་བའི་གནས་སྐབས་ཀྱི་སློབ་སྦྱོང་འཛིན་གྲྭ་བཙུགས་ནས་འབྲི་ཀློག་བྱང་བར་བྱེད་པ་དང་།ཕ་སྐད་ཀྱི་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་དང་གཙང་སྦྲ་འཕྲོད་བསྟེན་དང་ལུས་ཁམས་བདེ་བསྲུང་དང་ལོ་རྒྱུས་དང་དམ་པའི་ཆོས་སོགས་སློབ་ཁྲིད་བྱེད་པའོ། །
བདུན་པ་ནི།ཕ་སྐད་ཀྱི་གསར་ཤོག་དང་བརྙན་འཕྲིན་དང་རླུང་འཕྲིན་དང་དུས་དེབ་སོགས་ཀྱི་བྱ་བ་གཉེར་བའི་འཕྲིན་སྦྱོར་གྱི་སྡེ་ཁག་འཛུགས་རྒྱུའོ། །
བརྒྱད་པ་ནི།སྐད་ཡིག་དེང་རབས་ཅན་དུ་བྱ་བ་སྟེ།འདི་ལ་གཉིས་ཡོད་པའི་དང་པོ་ནི།དེང་རབས་གསར་བྱུང་གི་དངོས་པོ་དང་བྱ་བ་རྣམས་ལོ་རེ་བཞིན་ཇེ་བས་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདི་རྣམས་ཀྱི་མིང་ཚིག་གི་བརྡ་ཆད་རྣམས་ཚད་ལྡན་དུ་གཏན་ལ་ཕབ་ནས་མུ་མཐུད་དེ་ཚིག་མཛོད་དུ་བཅུག་དགོས་ཏེ།སྐད་རིགས་གང་ཞིག་གི་ནང་དུ་དེང་རབས་ཀྱི་ཐ་སྙད་མེད་པའམ་ཡོད་ཀྱང་ཚད་ལྡན་དང་གཅིག་གྱུར་ཅིག་མེད་ན་དེང་རབས་སྤྱི་ཚོགས་ཀྱི་བརྗོད་བྱ་སྣ་ཚོགས་པ་ཞིག་བརྗོད་མི་ཐུབ་པས་རིམ་བཞིན་སྐད་རིགས་རྗེས་ལུས་ཀྱི་གྲལ་དུ་ལྷུང་ནས་མི་རྣམས་ཀྱིས་འདོར་བར་འགྱུར་བའི་
ཕྱིར་རོ། །
གཉིས་པ་ནི།སྐད་ཡིག་དེ་ཉིད་གློག་རྡུལ་ལག་རྩལ་ལ་བརྟེན་ནས་གློག་རྡུལ་རྩིས་འཕྲུལ་དང་འབྲེལ་དྲྭ་སྟེ་བརྡ་འཕྲིན་གྱི་མྱུར་འགྲོས་ལམ་ཐོག་ཏུ་གཞག་པར་བྱ་དགོས་སོ། །
དགུ་པ་ནི།དམ་པའི་ཆོས་དང་སྒྱུ་རྩལ་གྱི་ནུས་པ་ལ་བརྟེན་ནས་སྐད་ཡིག་སྲུང་སྐྱོབ་དང་ཉམས་གསོ་བྱ་བ་སྟེ།ཕ་སྐད་ཀྱི་ཐོག་ནས་དམ་པའི་ཆོས་ཀྱི་ངག་འདོན་ནམ་ཆོ་ག་བཀླག་པ་དང་བློ་ལ་འཛིན་པ་དང་ཆོས་ཀྱི་གཞུང་ལ་འཆད་ཉན་བྱ་བ་ནི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་བཙན་རྫོང་ལྟ་བུ་ཡིན་ཏེ། སྐད་རིག་པའི་མཁས་དབང་ཁི་རེ་སི་ཐིལ་(David Crystal,大衛˙克里斯托)གྱིས། དེ་ལྟར་སྟོབས་ཞན་པའི་སྐད་རིགས་རྣམས་ཁོང་ཚོའི་འཚོ་བའི་ནང་གི་གལ་ཆེ་བའི་གནས་དག་ནས་ཉམས་པར་འགྱུར།འོན་ཀྱང་ཆོས་ལུགས་ནི་རྟག་པར་ཆེས་ཐ་མའི་བཙན་ས་ལྟ་བུ་ཡིན་ནོ་ཞེས་དང་།སྲོལ་རྒྱུན་ཆོས་ལུགས་ཀྱི་དད་པ་དང་ཆོ་ག་ནི་འདིའི་སྐབས་སུ་ལྷག་པར་གལ་ཆེ་བ་ཡིན་ཏེ། གང་གི་ཕྱིར་ཞེ་ན།ཆོས་ལུགས་དང་སྒྱུ་རྩལ་འདྲ་སྟེ།མི་རིགས་ཀྱི་སྐད་ཡིག་སླར་གསོའི་སྒུལ་ཤུགས་སློང་ནུས་པའི་ཕྱིར་རོ་ཞེས་ཟེར་བ་
ལྟ་བུའོ། །
དེ་ཡང་ཨ་ཧྥེ་རི་ཀ་སོགས་སུ་ཡུལ་སྐད་མང་པོ་དབྱིན་ཇིའི་སྐད་ཀྱིས་བཅོམ་ནས་མེད་པར་བྱས་པའི་ཚེ་ཆོས་ལུགས་ཀྱི་ཁོངས་སུ་གཏོགས་པའི་བརྗོད་བྱ་དག་ནི་ཐ་སྙད་གཞན་ཐམས་ཅད་ནུབ་པའི་རྗེས་སུ་ད་དུང་ལྷག་ནས་ཡོད་པ་དང་།བརྗོད་བྱ་ཆོས་ལུགས་ལ་དད་པ་དང་འདུན་པ་བྱེད་པའི་དབང་གིས་དེའི་རྗོད་བྱེད་ཕ་སྐད་ལའང་དོན་གཉེར་མེད་པར་འགྱུར་བའི་ཕྱིར་རོ། །
སྒྱུ་རྩལ་གྱི་ནུས་པས་ཀྱང་ཕ་སྐད་སྲུང་སྐྱོབ་དང་སླར་གསོ་བྱ་ནུས་ཏེ།ཕ་སྐད་ཀྱིས་གླུ་ལེན་པ་དང་།ཟློས་གར་དང་གར་ཆུང་འཁྲབ་པ་དང་།སྒྲུང་ངམ་གཏམ་རྒྱུད་དང་ཁ་ཤགས་བཤད་པ་དང་།གཞན་ཡང་གླུ་སོགས་འདི་རྣམས་དང་མཚོན་དོན་སྣ་ཚོགས་པ་ཅན་གྱི་སྒྱུ་རྩལ་ལ་བརྟེན་ནས་ཕ་སྐད་སྲུང་སྐྱོབ་དང་སླར་གསོ་དགོས་པའི་དོན་རྣམས་མང་ཚོགས་ལ་གོ་བར་བྱས་ནས་མི་རྣམས་ལ་ངར་ཤུགས་སློང་བར་བྱེད་པའི་ཕྱིར་རོ། །
བཅུ་པ་ནི།མི་རིགས་དེའི་ཁོངས་མི་ཡོངས་རྫོགས་བྱ་བ་འདིར་ཞུགས་ནས་སྟོབས་ཤུགས་ཆིག་བསྒྲིལ་བྱ་བ་སྟེ།ཕ་སྐད་སྲུང་སྐྱོབ་བམ་ཉམས་གསོ་བྱ་བ་འདི་མི་རིགས་དེའི་མི་ཐམས་ཅད་ཀྱི་དོན་ཡིན་པས་ཁྱིམ་ཚང་རེ་རེ་དང་མི་རེ་རེ་བཞིན་དུ་འགན་ཡོད་པས་ཐམས་ཅད་ཀྱིས་མཉམ་དུ་འབད་པར་བྱའོ། །
དེ་ཡང་ཕ་མ་རྣམས་ཀྱིས་ཁྱིམ་ཚང་གི་ནང་དུ་རྒྱུན་པར་ཕ་སྐད་བཤད་པ་དང་།བྱིས་པ་ཚོ་དང་མཉམ་དུ་འགྲོག་མཁན་གྱི་བུ་རྫི་དང་བྱིས་བཅོལ་ཁང་དང་བྱིས་སློབ་ཁང་གི་དགེ་རྒན་རྣམས་ངེས་པར་དུ་མི་རིགས་དེའི་ཕ་སྐད་སྨྲ་བ་ཡིན་དགོས་པའི་རེ་འདུན་འདོན་པ་སོགས་ཀྱི་སྒོ་ནས་བུ་ཕྲུག་ཚོ་ལ་ཕ་སྐད་ཡང་དག་པ་ཤེས་སུ་འཇུག་པ་དང་།ཚོང་པ་སོགས་ཀྱིས་ཕ་སྐད་བསྲུང་སྐྱོབ་ཀྱི་བྱ་བ་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱ་བ་དང་དེའི་ཕྱིར་དུ་ཐེབས་རྩ་ཚོགས་པ་འཛུགས་པ་དང་།སློབ་གསོ་སྡེ་ཁག་གི་མི་སྣ་རྣམས་ནི་ལྷག་པར་གལ་ཆེ་བ་ཡིན་པས་མི་རིགས་ཀྱི་སྐད་ཡིག་སློབ་གསོའི་བྱ་བ་ཐམས་ཅད་ལྷག་བསམ་རྣམ་པར་དག་པས་ལེགས་པར་བསྒྲུབ་པ་དང་།སྐད་རིག་པའི་ཆེད་ལས་མཁས་པ་དག་གིས་རང་གི་ཐུན་མོང་མ་ཡིན་པའི་ནུས་པ་ལ་བརྟེན་ནས་ཕ་སྐད་རྒྱུན་འཛིན་དར་སྤེལ་གྱི་བྱ་བ་ལ་མཛུབ་སྟོན་དང་སྐྱོན་བརྗོད་དང་ཉེན་བརྡ་གཏོང་བ་སོགས་བྱེད་པ་དང་།འཕྲིན་སྦྱོར་སྡེ་ཁག་གིས་ཕ་སྐད་དར་རྒུད་ཀྱི་ཁེ་ཉེན་ཕན་གནོད་དང་སྲུང་སྐྱོབ་བྱེད་ཚུལ་སོགས་ཁྱབ་བསྒྲག་བྱ་བ་དང་།སྲིད་གང་གི་ལས་བྱེད་པས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མི་རིགས་ཀྱི་སྐད་ཡིག་གི་སྐོར་ལ་གཏན་འབེབས་བྱས་ཡོད་པ་རྣམས་དོན་ཐོག་ཏུ་འཁྱོལ་ཐབས་ལ་འབད་བརྩོན་བྱ་བ་དང་།ཆོས་ལུགས་པ་རྣམས་ཀྱིས་དམིགས་བསལ་གྱི་ནུས་པ་ལ་བརྟེན་ནས་ཕ་སྐད་སྲུང་སྐྱོབ་ཀྱི་བྱ་བ་ལ་རྒྱབ་སྐྱོར་དང་དགོན་པའི་ནང་གི་སྲོལ་རྒྱུན་གྱི་སློབ་གསོ་ལ་བདག་གཉེར་ལེགས་པོ་བྱེད་པ་སྟེ།མདོར་ན་མི་རིགས་དེའི་མི་ཐམས་ཅད་ཀྱིས་དམིགས་པ་གཅིག་ལ་གཏོད་ཅིང་ནུས་ཤུགས་གཅིག་ཏུ་བསྒྲིལ་བར་བྱ་བའོ། །
མཇུག་གི་གཏམ།
དུས་རབས་གསར་པ་འདིའི་ནང་སྔོན་བཞིན་དུ་རང་གི་ཕ་སྐད་གཅིག་པོ་ལས་གཞན་གང་ལའང་ཐུག་འཕྲད་མི་བྱེད་པར་གནས་པ་ནི་འོང་ཐབས་མེད་དེ།འཛམ་བུ་གླིང་གི་མི་རྣམས་འབྲེལ་འདྲེས་ཇེ་བས་ཇེ་མང་དུ་འགྲོ་བཞིན་པ་ཡིན་པས་གཞན་གྱི་རིག་གནས་ལ་གདོང་ལེན་མི་བྱེད་ཀ་མེད་ཡིན། དེ་བྱེད་ཚུལ་ལ་གསུམ་ཡོད་པར་སྣང་སྟེ།དང་པོ་དེ་ལ་ངོ་མཚར་དུ་བརྩི་ཞིང་ལེགས་ཉེས་ཀྱི་བླང་དོར་ཅི་ཡང་མེད་པར་དང་དུ་ལེན་རྐྱང་བྱས་ནས་རང་གི་རིག་གནས་འདོར་བ་དང་།གཉིས་པ་དེ་ལ་དགྲར་བལྟས་ནས་ཐབས་སྣ་ཚོགས་ཀྱིས་འགོག་ཅིང་རང་གི་རིག་གནས་ཁོ་ན་དམ་དུ་འཛིན་པ་དང་།གསུམ་པ་རང་གི་རིག་གནས་རྒྱུན་འཛིན་དར་སྤེལ་གྱི་སྟེང་ནས་གཞན་གྱི་རིག་གནས་ཀྱང་དང་དུ་བླངས་ནས་གཉིས་ཀ་མི་འགལ་བར་མཉམ་གནས་བྱེད་པའོ། །
དེ་ལས་དང་པོ་ལ་དགེ་མཚན་ཅི་ཡང་མེད་པར་མ་ཟད་མྱུར་དུ་རང་གི་མི་རིགས་ཀྱི་རིགས་རྒྱུན་འཆད་པར་འགྱུར་པ་གོང་དུ་བཤད་པ་ལྟར་རོ། །
གཉིས་པ་རང་གི་རིག་གནས་ཁོ་ན་ལས་གཞན་ཐམས་ཅད་འགོག་པར་འདོད་པ་ནི་དུས་ཀྱི་དབང་གིས་ཤིན་ཏུ་བྱ་དཀའ་སྟེ།ད་ལྟ་ཚན་རིག་གི་ལག་རྩལ་ཤིན་ཏུ་དར་བའི་དབང་གིས་བྱ་བ་ཐམས་ཅད་འཛམ་གླིང་ཡོངས་ལ་ཁྱབ་པའི་རང་བཞིན་ཅན་དུ་འགྱུར་བཞིན་ཡོད་པའི་ཕྱིར་དང་།གྲངས་ཉུང་མི་རིགས་ཀྱི་སྐད་རིགས་ཆུང་ངུ་རྣམས་ཀྱིས་གཞན་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་པའི་ཐབས་མེད་པའི་ཕྱིར་དང་།གཞན་གྱི་རིག་གནས་ལའང་རང་གིས་ལེགས་པར་བེད་སྤྱད་ན་རིན་ཐང་དང་ལྡན་པ་ཡོད་པའི་
ཕྱིར་རོ། །
དེས་ན་གསུམ་པ་ཉིད་འདེམས་པ་ལས་ཐབས་གཞན་མེད་དེ།རང་གི་རིག་གནས་རྣམས་མ་ཉམས་པའི་ཐོག་ནས་གཞན་གྱི་རིག་གནས་ལས་རང་ཉིད་ཡར་རྒྱས་སུ་འགྲོ་བ་ལ་ཕན་ཐོག་ཡོད་པའི་སྐོར་རྣམས་བདག་གིར་བྱ་ཞིང་།གཞན་གྱི་སྐད་ཡིག་སོགས་བེད་སྤྱད་ཀྱི་རིན་ཐང་ཡོད་པ་རྣམས་ཆུ་སྒྲོལ་བྱེད་ཀྱི་ཟམ་པའམ་བྱ་བ་སྒྲུབ་བྱེད་ཀྱི་ལག་ཆ་ལྟ་བུར་བཟུང་སྟེ།ཡུལ་དུས་ཁྱད་པར་བའི་ནང་དུ་ནམ་དགོས་ཀྱི་དུས་སུ་བཀོལ་བར་བྱ་ལ།རྒྱུན་པར་རང་གི་སྐད་ཡིག་སྤྱད་ནས་གཉིས་ཀ་ཕན་ཚུན་གཅིག་གིས་གཅིག་ལ་གནོད་པ་མེད་ཅིང་།སོ་སོ་ལ་དམིགས་བསལ་གྱི་སྤྱོད་སྒོའང་ཡོད་པས་མཉམ་གནས་བྱེད་ཐུབ་པའི་ཐབས་ལ་བརྩོན་པ་ནི་ཐབས་བཟང་ཤོས་ཡིན་པར་མངོན་ལ།འདི་འགྲུབ་ཐབས་གཏན་ནས་མེད་པ་ཞིག་ཀྱང་མིན་ནོ། །
འོན་ཀྱང་ཤིན་ཏུ་བསྒྲིམས་པར་མ་བྱས་ན་ཡུན་རིང་པོ་སོང་བའི་ཚེ་རིམ་གྱིས་ཚུལ་དང་པོའི་ཕྱོགས་སུ་ལྷུང་བའི་ཉེན་ཁའང་མེད་པ་མ་ཡིན་ནོ། །
རང་ཅག་གི་ཡིད་ལ་ཅིས་ཀྱང་ངེས་པར་བྱ་བ་ནི།བྱ་དངོས་ཐམས་ཅད་ད་ལྟ་བཞིན་དུ་མུ་མཐུད་ནས་འཕེལ་རྒྱས་སུ་སོང་ན་སྤྱི་ལོ་༢༠༥༠ལོར་འཛམ་བུ་གླིང་གི་མི་གྲངས་དུང་ཕྱུར་༩༣ཙམ་དུ་འཕེལ་བར་འགྱུར།སྤྱི་ལོ་༢༡༠༠ལོར་འཛམ་བུ་གླིང་གི་མཁའ་དབུགས་ཀྱི་དྲོད་ཚད་ཆ་མཉམ་དུ་སེ་དྲོད་ཏུའུ་དྲུག་ཙམ་ཇེ་མཐོར་འགྱུར།དེ་སྐབས་མི་རྣམས་སའི་གོ་ལའི་ལྷོ་བྱང་གི་སྣེ་གཉིས་དང་ཉེ་བའི་ཅུང་ཟད་བསིལ་བའི་གནས་རྣམས་སུ་གནས་སྤོ་རྒྱ་ཆེན་པོ་བྱས་ནས་འདུས་སྡོད་བྱེད་པར་འགྱུར།དེའི་ཚེ་རང་རེ་མདོ་དབུས་མཐོ་སྒང་གི་གནས་རྣམས་སུའང་ད་ལྟ་དང་མི་འདྲ་བར་མཁའ་དབུགས་དྲོ་བར་གྱུར་པ་སོགས་ཀྱི་དབང་གིས་མི་རིགས་གཞན་པ་འབོར་ཆེན་གནས་སྤོས་ནས་འདུས་སྡོད་བྱེད་པར་འགྱུར་མི་སྲིད་པ་མ་ཡིན་ནོ། །
དེས་ན་རང་གི་སྐད་ཡིག་སོགས་རིག་གནས་སྲུང་སྐྱོབ་ཀྱི་བྱ་བ་ལ་ད་ལྟ་ནས་འབད་པར་མ་བྱས་ན་རང་རེའི་སྐད་ཡིག་ཀྱང་ད་ནས་ལོ་བརྒྱ་ཡར་མར་གྱི་རྗེས་སུ་ཉེན་ལྡན་སྐད་རིགས་ཀྱི་ནང་དུ་ཚུད་པའི་ཉེན་ཁ་ཡོད་དོ། །
ཞེས་པ་འདི་ཡང་བོད་རབ་གནས་ས་གླང་ལོའི་དགུན་ཟླ་འབྲིང་པོའི་ཚེས་༡༩ཉིན་ཚུལ་ཁྲིམས་བློ་གྲོས་སུ་འབོད་པས་གྲོང་ཁྱེར་པདྨ་ཅན་དུ་བྲིས་པའོ།། །།

日期: 2012-05-19

来自: ཨ་མའི་གླེབས་རིལ།

主题: ཞི་ཞིང་བདེ་བའི་མན་ངག་འདྲ་མཉམ།

༄༅། །འཛམ་གླིང་ཞི་ཞིང་བདེ་བའི་མན་ངག་འདྲ་མཉམ་གྱི་འཚོ་གནས་བརྗོད་པ།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ནས།
དམིགས་མེད་བརྩེ་བའི་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
ཟླ་བའི་གོ་ལའི་ཐོག་གམ་ཕྱི་རོལ་གྱི་བར་སྣང་སྟོང་པ་ནས་ཚུར་བལྟས་ན།ཕ་མཐའ་མི་མངོན་པའི་མཁའ་དབྱིངས་ནག་ངམ་མེ་བ་ཞིག་གི་ནང་ན་གཡོ་བ་དང་མི་གཡོ་བའི་སྐར་ཚོགས་བགྲང་བའི་ཡུལ་ལས་རབ་ཏུ་འདས་པ་ཞིག་བཀྲ་ལམ་གྱིས་གསལ་བ་ནི་བདག་ཅག་གི་སྟོན་པ་བདེ་བར་གཤེགས་པས་གསུངས་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་དེ་ཡིན།དེའི་ཁྲོད་ན་རྒྱ་མཚོའི་ནང་གི་ཆུ་ཐིགས་བཞིན་དུ་སྐར་མ་སྔོ་རིལ་ལེ་བ་ཞིག་ཡོད་པ་ནི་ང་ཚོའི་ཕ་ཡུལ་རི་གླིང་རྒྱ་མཚོ་དང་བཅས་པའི་ས་ལྒང་ངམ་འཛམ་བུ་གླིང་ཞེས་ཡོངས་སུ་གྲགས་པ་དེ་རེད།སྐར་མ་གཞན་གྱི་ཐོག་ན་ཕལ་བའི་མིག་གིས་མཐོང་དུ་རུང་བའི་སྲོག་ཆགས་འཚོ་ཞིང་གནས་པའི་གཏན་ཚིགས་འགའ་རེ་རྙེད་པ་ལས་གཞན་མངོན་སུམ་དུ་མཐོང་བ་ནི་ད་དུང་མ་བྱུང༌།ཕལ་བའི་མིག་གི་ཡུལ་ལས་འདས་པའི་སེམས་ཅན་ནི་བགྲང་གིས་མི་ལང་བ་ཞིག་འཚོ་ཞིང་གནས་པ་སྨོས་མ་དགོས།དེས་ན་ས་ལྒང་འདི་སེམས་ཅན་གྱི་རིགས་བསམ་གྱིས་མི་ཁྱབ་པ་ཞིག་གི་ཕ་ཡུལ་ཉིད་དུ་མངོན་སུམ་དུ་གྲུབ་ཟིན་པ་གཅིག་པུ་སྟེ།སེམས་ཅན་གྱི་རིགས་དེ་རྣམས་ཀྱི་སྐྱེ་བའི་ཡུལ་དང༌།འཚོ་བའི་གནས་དང༌།ཐ་མ་ཚེ་སྲོག་གིས་བཏང་བའི་ཕུང་པོ་འདོར་བའི་ས་དང་བཅས་པར་ཡང་རང་བཞིན་ཤུགས་ཀྱིས་གྲུབ་པ་ཡིན།དེས་ན་ས་ལྒང་འདིའི་བདག་པོ་ནི་འདིའི་ངོས་སུ་འཚོ་གནས་བྱེད་པའི་སྲོག་ཆགས་ཡོངས་རྫོགས་ཡིན་གྱི་མིའི་རིགས་ཁོ་ན་མ་ཡིན་ཏེ།མིའི་རིགས་ནི་སྲོག་ཆགས་ཀྱི་རིགས་དེ་རྣམས་ཀྱི་བྱེ་བྲག་གཅིག་ཙམ་ཞིག་ཡིན་པས་ས་ལྒང་གི་ངོས་སུ་འཚོ་བའི་རང་དབང་ཡོད་ཀྱི།ས་ལྒང་དང་ས་ལྒང་གི་ངོས་སུ་ཡོད་པ་ཐམས་ཅད་བདག་གིར་བྱེད་པའི་ཁྲིམས་མཐུན་ལུགས་མཐུན་གྱི་དབང་ཆ་ཞིག་ནི་རྩ་བ་ནས་མེད་དེ།ས་ལྒང་འདི་མིའི་རིགས་ཀྱིས་བསྐྲུན་པ་མ་ཡིན་ལ།མིའི་རིགས་ལ་སུས་ཀྱང་བྱིན་པའང་མ་ཡིན་པའི་ཕྱིར་རོ། །
ཁྱད་པར་དུ་ས་ལྒང་འདིའི་ངོས་སུ་ཁྲིམས་མཐུན་ཉེས་མེད་ཀྱིས་འཚོ་བའི་སྲོག་ཆགས་རྣམས་ཀྱི་ལུས་དང་སྲོག་ལ་བཙན་དབང་བྱེད་པའི་དབང་ཆ་ནི་དེ་བས་ཀྱང་མེད་དེ།སྲོག་ཆགས་འདི་རྣམས་མིའི་རིགས་ཀྱི་ལོངས་སྤྱོད་ཀྱི་ཆེད་དུ་སུས་ཀྱང་བསྐྲུན་པ་དང་བྱིན་པ་མ་ཡིན་པའི་ཕྱིར་རོ། །
དེས་ན་སྲོག་ཆགས་སོ་སོ་ལ་འཚོ་གནས་ཀྱི་ཐོབ་ཐང་ཡོད་དགོས་པར་མ་ཟད་སོ་སོར་རང་དབང་གི་ཐོབ་ཐང་ཡང་ཆ་ཚང་རེ་ངེས་པར་དུ་ཡོད་དགོས་པས་དབང་ཆ་འདི་མིའི་རིགས་ཀྱིས་བཙན་འཕྲོག་བྱེད་པ་ནི་ཚུལ་མིན་གྱི་ཉེས་པ་ཤིན་ཏུ་ཚབས་ཆེན་ཡིན་ནོ། །
སྲོག་ཆགས་གཞན་རྣམས་ས་སྟེང་འདིར་འོང་ནས་ཇི་སྲིད་འཚོ་བའི་བར་དུ་རི་ཆུ་རྩྭ་ཤིང་གང་ལའང་གནོད་པ་མེད་པར་གནས་ཏེ་མཐར་འཇམ་ཐང་ངེར་ཕ་རོལ་ཏུ་འགྲོ་སྟེ།བུང་བས་མེ་ཏོག་གི་བཅུད་འཐུང་སྟེ་མེ་ཏོག་ལ་གནོད་པ་མེད་པར་འགྲོ་བ་ལྟ་བུ་ཡིན།མིའི་རིགས་རྣམས་ས་སྟེང་འདིར་འོངས་ནས་ཇི་སྲིད་འཚོ་བའི་བར་དུ་རི་ཆུ་རྩྭ་ཤིང་ཐམས་ཅད་ལ་གཏོར་བཤིག་བྱས།ཉེས་མེད་ཁྲིམས་མཐུན་གྱིས་འཚོ་བའི་སྲོག་ཆགས་རྣམས་མནར་གཅོད་དང་དམར་གསོད་ནུས་པས་ཐེག་ཚད་ཅིག་བྱས་ཏེ།སྣོད་བཅུད་གཉིས་ཀ་ལ་རྨ་སྲོལ་མཐོང་རྒྱུ་ཡོད་པ་རེ་བྱས་ཏེ་འདོད་པས་མ་ཚིམ་བཞིན་དུ་ཕ་རོལ་ཏུ་འགྲོའོ། །
དུད་འགྲོ་རྣམས་ཀྱང་གཅིག་གིས་གཅིག་ཟ་བ་ཡོད་མོད།བཀྲེས་པས་ཉེན་ཏེ་བྱ་ཐབས་བྲལ་བ་དང༌།དེ་ལས་གཞན་པའི་ཁ་ཟས་མེད་པ་དང༌།བླང་དོར་གྱི་གནས་མི་ཤེས་པ་ཡིན་གྱི།མིའི་རིགས་བཞིན་དུ་འདོད་པ་ཆེ་ཞིང་ཆོག་མི་ཤེས་པ་དང༌།ཁ་ཟས་གཞན་ཡོད་བཞིན་དུ་དེས་མི་ཚིམ་པ་དང༌།ཤེས་བཞིན་དུ་གཞན་གྱི་བདེ་ཚོར་ལ་སྣང་མེད་བྱེད་པ་ནི་མ་ཡིན་ནོ། །
མུར་འགོད།

条目: 73 - 84 共 161

ངེད་དྲ་ཚིགས་ལ་ཕེབས་པར་དགའ་བསུ་བྱེད

བོད་ཀྱི་ལོ་རྒྱས་དང་རིག་གནས་ནི་་ཆས་ཕུན་སུམ་ཚོགས་པའི་འཛམ་གླིང་གི་ནོར་བུ་ལྟ་བུ་ཡིན།

 

གསར་འགྱུར།

2009-11-21 19:25

ཚན་རྩལ།

  བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སི་ནི་བོད་རང་སྐྱོང་ལྗོངས་ཚན་རྩལ་ རྣམ་པའི་ཁེ་ལས་ཤིག་ཡིན་ལ།ཀུང་སིའི་ཁོངས་མི་དག་ཡང་ཆེད་ལས་ལག་རྩལ་རྩེར་སོན་པ་དང་ མི་རིགས་དང་རིག་གནས་ལ་བློ་དཀར་ཞིང་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པའི་འདུ་ཤེས་ཟབ་པས།  རྒྱུན་དུ་བོད་ཡིག་མཉེན་ཆས་གསར་སྤེལ་དང་།བོད་ཡིག་གློག་རྡུལ་ཐོན་ར
2009-11-21 17:17

བརྡ་སྤྱོར།

  དུས་རབས་གསར་བའི་ནང་དུ་འཛམ་གླིང་གི་རྒྱལ་ཁབ་མང་པོ་དང་། མི་རིག་མང་པོས་རང་རང་གི་མཐུན་མིན་རིག་གནས་བདག་དམ་དང་འཕེལ་རྒྱས་སུ་གཏོང་ཅི་ཐུབ་བྱེད་པའི་སྒང་འདིར་ང་ཚོས་ཀྱང་ཕྱི་རུ་ངོམས་རིན་ཡོད་པ་དང་། གོང་དུ་སྤེལ་ལུགས་ཡོད་པའི་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་ཞིག་སྟེ། རྩམ་དྲི་དང་འོ་དྲི་མ་ཡལ་བའི
2009-11-10 15:06

༼ གངས་རྒྱན་ཞོགས་གླང ༽སྙན་ངག་གྱེར་འདོན།

གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པའི་.pptx (553,2 kB)
2009-11-04 18:40

གསར་འགྱུར

crdb.webnode.comངེད་དྲ་ཚིགས་ནི་བོད་མི་རིགས་ལ་ཞབས་ཞུ་ཁོ་ན་སྒྲྲིབས་པའི་ན་གཞོན་འགའ་ཡིན།ཁྱེད་ཀྱིས་རང་མི་རིགས་ ལ་ཞབས་ཞུ་ཞིག་སྒྲིབས་དགོས་འདོད་ཡོད་དམ།
2009-11-03 04:11

དྲ་ཚིག་གི་གནས་ཚུལ་སྤེལ་བ།

༢༠༠༨ལོར་ང་ཚོའི་མགོ་ལོག་ས་ཁུལ་སྐབས་དང་བོའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲན་རྩོལ་བྱ་འགུལ་སྤེལ།ད་ལོའི་འཆར་གཞི་ལ་༢༠༠༩ལོའི་ཟླ་༡༡པའི་ཚེས་༡༤ཉིན༼གངས་རྒྱན་ཞོགས་གླིང༽ཞིས་པའི་ཁུལ་ཡོངས་ཀྱི་སྙན་ངག་གྱེར་འདོན་དང་༢༠༠༩ལོའི་ཟླ་༡༡པའི་ཚེས་༢༨ཉིན་ཁུལ་ཡོངས་ཀྱི་སྐབས་གཉིས་བའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲ

站内搜索

联系人

ཉི་མའི་བུ་རྒྱུད ཆེས་མཐའ་མཇུག་གི་གཙང་ས། རྨ་ཡུལ་མཐོང་བ་ཀུན་སྨོན། 13897556557


གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་
གྱི་ཚིག་མཛོད་ཆེན་མོ།

www.tibettl.com/blog/
བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སིས་གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་སློབ་སྦྱོང་འཕྲུལ་ ཆས་2009ལོའི་ཟླ་10བའི་ཚེས་5ཉིན་ཚོང་རྭར་དགྲམ་རྒྱུ་ཡིན་པས།རྣམ་པ་ལྷན་རྒྱས་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་མངགས་ཉོ་གནང་བར་ཐུགས་རྗེ་ཞུའོ།

民意调查

གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་ཆེན་མོ།

ཧ་ཅང་བཟང་པོ་འདུག (59)
53%

བཟང་རྒྱུ་མེད། (53)
47%

总票数: 112