འདི་ན་་ཤེས་རིག་གི་འོད་སྟོང་འབར་ཞིང་ཞི་བདེ་ཡིས་དར་ཆ་སྒྲེང་ཡོད

Photo Gallery: 主页

/album/photo%20gallery%3a%20%e4%b8%bb%e9%a1%b5/a7216888581-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a41538676037-gif/
/album/photo%20gallery%3a%20%e4%b8%bb%e9%a1%b5/a55a0dd809f39f1936d81196a-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a92054217948-jpg/

སྐད་དང་ཡི་གེ

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༤༥

ཆོས་ལུགས་ཀྱི་མུན་པའི་དུས་ཚོད།



ཡེ་ཤུའི་ཆོས་པ་དག་ལ་མཚོན་ན་ལོ་ལྔ་བརྒྱ་ཙམ་གྱི་གོང་རོལ་དུ་ཆོས་སྲིད་ཟུང་འབྲེལ་ཟེར་བ་བྱས་ནས་ཡེ་ཤུའི་བླ་ཆེན་དག་རྒྱལ་པོ་དག་དང་མཉམ་དུ་འདུས་ཤིང་བསྡོངས་ནས་དམངས་ཚོགས་རྣམས་ལ་མནར་གཅོད་མང་པོ་བྱས། ཅུང་ཟད་མ་ཉན་ན་ཡང་ཆོས་དང་འགལ་གྱི་འདུག་ཟེར་ནས་གསོན་པོར་བསྲེགས་པ་དང་། བཙོན་ཁང་དུ་བཅུག་པ་སོགས་ཚབ་ཆེའི་བྱ་ངན་བཟོས་པས་ནུབ་ཕྱོགས་ཀྱི་ལོ་རྒྱུས་ཀྱི་ཐོག་ཏུ་ཆོས་ལུགས་ཀྱི་མུན་པའི་དུས་ཚོད་ཟེར་ནས་མིང་བཏགས་ཡོད་པ་ལྟ་བུ་བྱུང་བ་རེད། དེ་རྗེས་ཚང་མས་དེ་དག་མགོ་གཏིང་བསློགས་ནས་ནུབ་ཕྱོགས་ཀྱི་རིག་གནས་བསྐྱར་དར་གྱི་སྐབས་སུ་ཚང་མ་གསར་པར་བརྗེས་ནས་སོང་བ་རེད་ལ། ཆོས་ལུགས་ལ་བསྒྱུར་བཅོས་བྱས་པ་རེད་ཅེས་ཟེར་གྱི་ཡོད་པ་རེད། དེ་ཡང་ཆོས་ལུགས་འདི་སྤྱི་ཚོགས་དང་བསྟུན་ནས་གནས་རྒྱུའི་དགོས་མཁོའི་ཆེད་དུ་དེ་ལྟར་བསྒྱུར་བཅོས་བྱས་པ་རེད། ཡང་ཁར་རྩང་དེ་རིང་རྒྱ་རིགས་མི་ཤེས་མཁན་ལ་ལ་དང་། བོད་པ་མི་ཤེས་མཁན་ལ་ལས། རྗེ་བླ་མས་ཆོས་ལུགས་བསྒྱུར་བཅོས་བྱས་པ་རེད་ཅེས་ཟེར་གྱི་ཡོད་པ་རེད་དེ། བོད་ལ་ནུབ་ཕྱོགས་པ་ནང་བཞིན་ཆོས་ལུགས་བསྒྱུར་བཅོས་ཟེར་བ་ཞིག་ཡོང་མ་མྱོང་བ་རེད། རྗེ་བདག་ཉིད་ཆེན་པོས་ཀྱང་འདུལ་བའི་བསྟན་པ་ཇེ་དར་དུ་བཏང་བ་ཙམ་ཞིག་ལས་ཆོས་ལུགས་ལ་བསྒྱུར་བཅོས་བྱས་པ་ཞིག་མ་རེད།

མདོར་ན། ང་ཚོས་ཀྱང་བསྟན་པ་འདི་ཡང་སྤྱི་ཚོགས་དང་བསྟུན་ནས་གནས་དགོས་པ་ལས་དེ་དང་མ་བསྟུན་ན་ཡུན་རིང་པོར་གནས་མི་ཐུབ་པ་ལ་དཔེ་ལྟ་ས་མང་པོ་རེད། སངས་རྒྱས་ཀྱི་བསྟན་པ་ངོ་མ་དེ་ནི་བསྐལ་པ་ཇི་སྲིད་ཀྱི་བར་དུ་གནས་རྒྱུའི་རིན་ཐང་ཅན་ཞིག་ཡིན་ངེས་ན་ཡང་། བར་ནས་བན་རྒན་དག་གིས་འདྲ་མི་འདྲ་ལས་རྒྱུ་མང་དྲགས་པ་ཡིན་ན་ནམ་ཞིག་མང་ཚོགས་ཀྱི་གོ་རྟོགས་ཇེ་མཐོར་སོང་བ་དང་མཉམ་དུ་འབངས་གྱེན་ལོག་ལྟ་བུའི་ངོ་རྒོལ་ཡོང་གི་རེད།
དུས་རབས་བརྒལ་བའི་བསམ་བློ།






དེང་སང་གི་ཟེར་སྟངས་བྱས་ན། ནང་ཆོས་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་བསམ་བློའམ། དུས་རབས་བརྒལ་བའི་བསམ་བློ་ཟེར་གྱི་ཡོད་ཅིང་། འདི་ཡང་ཚིག་གསར་པ་ཞིག་རེད། འདིའི་གོ་དོན། སངས་རྒྱས་ཀྱི་གསུང་འདི་དག་དུས་ཚོད་ཀྱི་དབང་དུ་བྱས་ན་ལོ་སྟོང་ཕྲག་གཉིས་དང་ལྔ་བརྒྱ་ཡན་ཆོད་སོང་ཟིན་པ་སྟེ། མི་ལོ་བརྒྱ་རེ་ལ་དུས་རབས་རེ་རེར་བརྩིས་པའི་དུས་རབས་ཉི་ཤུ་རྩ་ལྔ་སོང་ཚར་ན་ཡང་། དེར་བསྟན་པའི་སྟོང་པ་ཉིད་དང་འདུས་བྱས་མི་རྟག་སོགས་ཀྱི་རིགས་ལ་དུས་རབས་ཉེར་གཅིག་ཉེར་གཉིས་ཟེར་བ་ཞིག་མེད་པར་སྤྱིར་ན་དངོས་པོ་རྣམས་ཀྱི་ཆོས་ཉིད་རེད་དེ། དེ་ལས་ཀྱང་སངས་རྒྱས་ཀྱི་དགོངས་པའམ་བསམ་བློའི་ཕྱོགས་གཞན། རང་དབང་དང་དམངས་གཙོ། འདྲ་མཉམ་དང་ཞི་བདེ་སོགས་ད་ལྟའི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ལ་ཡང་མི་རྣམས་ལ་ཆེས་དགོས་མཁོ་ཆེ་བའི་ལེགས་བཤད་དུ་གྱུར་ཡོད་པ་རེད། དེ་ཡང་སངས་རྒྱས་ཀྱི་ཆོས་འདི་དུས་ཀྱི་ཆ་ནས་དུས་རབས་ཉི་ཤུ་རྩ་ལྔའི་གོང་ནས་གསུངས་པ་ཞིག་ཡིན་ན་ཡང་དེའི་ནང་གི་བསམ་བློ་རྣམས་དེ་རིང་གི་མི་ཞིག་གིས་བལྟས་པ་ཡིན་ན་ཡང། བཅོམ་ལྡན་འདས་ཀྱིས་དུས་རབས་ཉེར་གཅིག་པའི་མི་རྣམས་ཀྱིས་བཤད་བཞིན་པ་དེ་འདིར་གསུངས་འདུག་སྙམ་པ་ཞིག་ཡིན་གྱི་ཡོད།

དཔེར་ན། བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་ཟེར་བ་དེ་ཡང་དེང་སང་གི་ཟེར་ལུགས་ལྟར་ན་རང་ཉིད་སེམས་ཅན་ཐམས་ཅད་ཀྱི་འོག་ཏུ་བསྡད་ནས་ཞབས་འདེགས་ཞུ་རྒྱུ་དེ་རེད་ཅེས་ལབ་ན། ཅི་འདྲའི་མཁས་པ་ཞིག་ཡོང་ནས་བརྒལ་ཡང་ཚིག་གཅིག་ནོར་མེད། འོན་ཀྱང་། ང་ཚོས་དེ་བཞིན་བྱེད་ཀྱི་མེད་པར་གཞན་ལ་ལྷམ་བསྐོན་པ་དང་སྟན་ཁུར་བ་ཡན་ཆད་ཞབས་ཞུ་བྱེད་དུ་བཅུག་ནས་མར་ལ་དབང་ཁོ་ན་བསྒྱུར་ཅིང་།གཞན་ཞིག་ན་རིག་གནས་དང་འཇོན་ཐང་ཅན་ཞིག་ཡོད་ན་རང་གི་དབང་དུ་བསྡུ་ཨེ་ཐུབ་ལྟ་བ་དང་།དེ་བཞིན་ཡར་མར་གྱི་མཆོད་གཞིས་སོགས་ཀྱང་རང་ཉིད་ཀྱིས་དབང་དུ་བསྡུ་ཨེ་ཐུབ་ལྟས་ནས་བསྡད་ཡོད།འདི་རིགས་ལ་གནའ་ཞིག་ལ་དབང་བསྒྱུར་གྲལ་རིམ་ཟེར་མྱོང་བ་རེད། དེ་དག་ལ་བརྟེན་ནས་སེམས་ཅན་ལ་བདེ་སྐྱིད་སྒྲུབ་པ་ཡིན་ན་འགྲིག་ཏུ་ཆུག་ཀྱང་དེ་མ་ཡིན་པར་རང་གི་ཁེ་ཕན་ཁོ་ན་ལ་བསམ་བློ་བཏང་།ཐ་ན་རང་དང་འབྲེལ་བ་མེད་པའི་དེབ་ཅིག་ཡིན་ན་ཡང་དེའི་སྟེང་དུ་རང་གི་དཔར་རེ་བཞག་ནས་ཁྱབ་བསྒྲགས་ཀྱི་ཆེད་དུ་བེད་སྤྱོད་བྱེད་པ། ལོ་འགའི་སྔོན་མཁས་པ་གཞན་གྱི་གསུང་རྩོམ་དེབ་ཏུ་དཔར་བ་ཞིག་གི་ངོས་ལ་རྩོམ་པ་པོའི་སྐུ་པར་སེན་མོ་འདྲ་ལས་མེད་པར་མི་གཞན་པའི་འདྲ་པར་རྒྱ་སྒོ་འདྲ་བ་རེ་བཞག་འདུག་པ་ལྟ་བུ་རེད། འདི་འདྲའི་རིགས་ལ་སངས་རྒྱས་ཀྱིས་གནའ་ནས་དགག་པ་བརྒྱབ་ཡོད་པ་རེད་ལ།སྤྱི་ཚོགས་ཀྱི་མི་རྣམས་ཀྱིས་དོན་གནས་ཀྱི་དགག་པ་ཡང་ག་ལེར་ག་ལེར་རག་གི་རེད།

འོ་ན་ཅི་ཞིག་བྱེད་དགོས་པ་རེད་ཟེར་ན། ཁྱིམ་ཚང་ཞིག་གི་བཟའ་དཔོན་གྱིས་ནང་མི་ལ་ཞབས་ཞུ་བྱེད་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདིས་མི་དང་དུད་འགྲོ་ཀུན་ལ་རང་གི་ཁྱིམ་མི་ལྟ་བུའི་འདུ་ཤེས་ཀྱིས་ཞབས་ཏོག་ཞུ་རྒྱུ་དེ་བྱང་ཆུབ་སེམས་དཔའི་ལས་འགན་ཡིན་གསུངས་ཡོད། དེ་ལྟར་བྱས་ན་སྤྱི་ཚོགས་ཐོག་གི་མི་ཆོས་རིང་ལུགས་ཟེར་བ་དང། ཤར་ཕྱོགས་ཀྱི་རྒྱའི་ཁུང་ཙིའི་གཞན་ཕན་སྒྲུབ་ལུགས་སོགས་ཀྱི་བསྟན་དོན་ཐམས་ཅད་སངས་རྒྱས་ཀྱི་གསུང་གི་ནང་དུ་འུབ་ཆུབ་ནས་བསྡད་ཡོད་པ་རེད། དེས་ན་སངས་རྒྱས་ཀྱི་བསྟན་པ་ངོ་མ་ཞིག་ཡིན་ན་རང་འདོད་མེད་པའི་ཐོག་ནས་གཞན་ཕན་འབའ་ཞིག་སྒྲུབ་བྱེད་ཅིག་ཡིན་པ་ལས་སྒེར་དོན་སྒྲུབ་བྱེད་མ་རེད།

སེམས་ཅན་ལ་གནོད་པ་བསྐྱལ་ཅིང་མང་ཚོགས་ལ་མི་འདོད་བཞིན་དུ་རྒྱུ་མང་པོ་བླངས་ནས་ལྷ་འབྲི་རྟེན་བཞེངས་ཆེན་པོ་བྱེད་ཁུལ་གྱིས་རང་གི་ཁེབས་དང་གོ་ས་མཐོ་རུ་གཏོང་ཐབས་བྱེད་པ་སོགས་འདི་ལྟ་བུའི་རིགས་ཀྱི་བསྟན་པ་འདི་ལོ་བཅུ་གྲངས་ཁ་ཤས་ཀྱི་མཚམས་དེ་འདྲ་ཞིག་ནས་རང་ཤུགས་ཀྱིས་མེ་ཤི་བའི་དུད་པ་བཞིན་འགྱུར་རྒྱུ་རེད།

འོན་ཀྱང་། སེམས་ཅན་ཐམས་ཅད་ལ་ཕན་འདོགས་བྱེད། དམངས་གཙོའི་ལམ་ལུགས་དང་མཐུན་པ།ཐམས་ཅད་ལ་ལྷག་བསམ་གྱི་ཐོག་ནས་ཕན་པ་དང་ཞབས་ཞུ་སྒྲུབ་བྱེད། ཐམས་ཅད་ལ་འདྲ་མཉམ་དང་ཞི་བདེ་སྐྲུན་བྱེད། སེམས་ཅན་ཚང་མ་ལ་གནོད་པ་མི་བྱེད་པའི་སངས་རྒྱས་ཀྱི་བསྟན་པ་ངོ་མ་དེ་ད་ཕན་ཆད་ཡིན་ན་ཡང་ཇེ་དར་ནས་ཇེ་དར་དུ་འགྲོ་རྒྱུ་རེད། རྒྱུ་མཚན་ནི། དེ་ལྟ་བུའི་ཆོས་ལུགས་དེ་དེང་སང་གི་དུས་འདིར་མི་རྣམས་ལ་ཆེས་མཁོ་ཤོས་ཆགས་བསྡད་ཡོད་པ་རེད། བདེན་དང་མི་བདེན་ལོ་ཉུང་དག་གིས་ལྟོས་དང་ཧ་གོ་གི་རེད།

དེས་ན། མང་ཚོགས་ཀྱི་ནང་ཡིན་ན་ཡང་ད་ལྟའི་མི་ཐམས་ཅད་ཀྱིས་ཞི་བདེ་དང་འདྲ་མཉམ་དགོས་ཟེར་གྱི་འདུག་སྟེ། ཆོས་ཀྱི་སློབ་གསོ་ཡག་པོ་ཞིག་བརྒྱབ་པ་ཡིན་ན་སངས་རྒྱས་ཀྱིས་སེམས་ཅན་རྣམས་ཀྱི་ཐ་ན་བ་སྤུའི་ཁུང་བུ་ཙམ་ལ་ཡང་གནོད་པ་མི་བྱ་གསུངས་འདུག་པས་རང་དོན་དུ་སེམས་ཅན་གཞན་ལ་གནོད་པ་མི་བྱེད་མཁན་སངས་རྒྱས་ཀྱི་བསྟན་པ་ནི་ཞི་བདེའི་འབྱུང་གནས་རེད་འདུག་སྙམ་པ་དང། སངས་རྒྱས་ཀྱི་བསྟན་པ་ནི་འདྲ་མཉམ་སྨྲ་བ་ཡིན་པར་མ་ཟད། བྱང་ཆུབ་སེམས་དཔའ་རྣམས་ནི་ད་དུང་ཡང་དམན་སར་བསྡད་ནས་སེམས་ཅན་རྣམས་ལ་ཡར་ཞབས་ཞུ་སྒྲུབ་མཁན་རེད་འདུག་སྙམ་པ་ཡོང་གི་རེད། འདི་རིགས་ནི་ད་ལྟའི་མི་རྣམས་ཆེས་དགའ་ས་དང་སྤྲོ་ས་དེ་རེད་ལ། ཞི་བདེ་མེད་ས་དང་། རང་དབང་མེད་ས། འདྲ་མཉམ་མེད་ས་དག་ལ་རང་དབང་གི་རྒྱལ་ཁབ་དག་གིས་དེ་མ་ཐག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད། དེས་ན་སངས་རྒྱས་ཀྱི་བསྟན་པ་འདི་དྲང་ཚུགས་ལྡན་པའི་ཐོག་ནས་དར་སྤེལ་ཞིག་བྱས་པ་ཡིན་ན་མདུན་ལམ་ཤིན་ཏུ་ཆེན་པོ་ཡོད་པ་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།



日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༤༦

མི་ཆེན་རྒྱལ་པོའི་ལད་མོ།



དེ་ཡང་དཔེར་ན། རང་གི་ཉེ་རྩ་དགའ་རྩའི་བུ་རྣམས་སྤྲུལ་སྐུ་དང་བུ་མོ་རྣམས་མཁའ་འགྲོ་མ། དེ་ཡང་མེད་ན་ཚ་བོ་ཚ་མོ་ཡན་ཆད་ཁྲི་ཁར་བཞག་ནས་དེ་དག་ལ་དགོན་པ་དབང་དུ་བསྡུ་རུ་འཇུག དེ་མིན་གཞན་པ་དག་ལ་ཡང་། རྒྱུ་སྦྱིན་སར་རྒྱུ་བྱིན། ཐོབ་སྦྱིན་སར་ཐོབ་བྱིན་ནས་རང་གི་མི་བྱེད་པ་སོགས་དབང་བསྒྱུར་གྲལ་རིམ་གྱི་ལས་ཀ་འདི་རིགས་ལ་ལྟ་སྟངས་ཡོང་བཞིན་པ་རེད་ལ། མ་འོངས་པར་ཡང་ཁོང་ཚོས་རང་ཤེས་ཀྱིས་མཚམས་འཇོག་མ་བྱས་ཕྱིན་ཉི་མ་གཅིག་ལ་མི་འདོད་བཞིན་དུ་མཚམས་འཇོག་བྱ་རྒྱུ་ཡོང་གི་རེད།འདི་དཔལ་སྤྲུལ་སོགས་ཀྱིས་མི་ཆེན་རྒྱལ་པོའི་ལད་མོ་ཞེས་གསུངས་པ་དེ་རེད། གལ་ཏེ་དཔལ་སྤྲུལ་སོགས་ཀྱི་སྐབས་དབང་བསྒྱུར་ཞེས་པའི་ཚིག་དེ་ཡོད་པ་ཡིན་ན་ཁོང་གི་གསུང་རྩོམ་དུ་ཡང་ངེས་པར་ཡོང་གི་རེད།འོན་ཀྱང་སྐབས་དེར་ཁོང་གིས་ཐ་སྙད་དེའི་ཚབ་ཏུ་མི་ཆེན་རྒྱལ་པོའི་ལད་མོ་ཞེས་པའི་ཚིག་འདི་བེད་སྤྱོད་གནང་བ་རེད། དེས་ན། མ་འོངས་པར་དགོན་པ་གང་དང་གང་གི་ནང་དུའང་འདི་འདྲའི་ལམ་ལུགས་ཡོད་རུང་གི་མ་རེད། གང་རེད་ཟེར་ན། འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མི་མཐུན་པར་མ་ཟད། དུས་རབས་འདིའི་སྤྱི་ཚོགས་དང་ཡང་མི་མཐུན་པ་ཞིག་རེད།

ཞིབ་ཏུ་བལྟས་ཡོང་དུས། ཕྱི་རོལ་པར་མཚོན་ན་ཆོས་སྤེལ་བ་པོ་དག་བཤད་སྟངས་མཁས་དྲགས་པ་མ་གཏོགས་དོན་ལ་དུས་རབས་དང་མི་མཐུན་པ་མང་པོ་ཡོད་ན་ཡང་། སངས་རྒྱས་ཀྱི་བསྟན་པ་ནི་ལྟ་བ་དང་སྤྱོད་པ་གང་གི་ཐོག་ནས་ཀྱང་མི་རྣམས་ཀྱི་བསམ་པ་དང་འགྲོ་ཕྱོགས་ལ་ཕན་ཐོགས་སྤྱད་ངོ་མ་དེ་ཆགས་ཡོད། དེས་ན། དགོན་པ་རྣམས་ཀྱིས་ཀྱང་རྒྱུ་དང་ཟས་ཀྱིས་མང་ཚོགས་ལ་ཕན་འདོགས་རྒྱུ་གཙོ་བོ་བྱེད་མི་དགོས་ན་ཡང། སློབ་གསོའི་ཐོག་ནས་ངེས་པར་དུ་ཕན་འདོགས་དགོས། དེ་ལྟར་བྱས་ན་མང་ཚོགས་ཀྱི་ནང་དུ་ཡང་ཆོས་ལེགས་པར་དར་ཞིང་ལས་རྒྱུ་འབྲས་ཀྱང་གོ དེའི་སྟོབས་ཀྱིས་ཡུལ་ཁམས་སུ་ཡང་རྐུན་ཇག་རྔོན་གསུམ་སོགས་བྱ་བ་སྡ་གེ་སྡུག་གེ་རྣམས་མེད་པར་གྱུར། དེ་ཙམ་མ་ཟད་རི་དྭགས་དུད་འགྲོ་ཡན་ཆད་ལ་ཕན་པ་ཐོབ་པ་ཞིག་འོང། ད་གཟོད་དེ་ལྟ་བུའི་དགོན་པ་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པའི་དགོན་པ་དང་། སྤྱི་ཚོགས་དང་མཐུན་པའི་དགོན་པ་ངོ་མ་དེ་ཆགས་ཀྱི་རེད། བཅོམ་ལྡན་འདས་ཀྱི་བསྟན་པ་མང་གཙོའི་མཐར་ཐུག་ཡིན་པ་ནི། སངས་རྒྱས་ཀྱིས་ཆོས་གང་གསུངས་ཀྱང་སེམས་ཅན་རྣམས་ཀྱི་ཁམས་དབང་མོས་པ་དང་བསྟུན་པར་མཛད་པ་དེས་ཀྱང་མཚོན་ཡོད། དེས་ན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་གཞན་ལ་ཕན་འདོགས་རྒྱུ་གཙོ་བོ་དགོས་པ་དང་།ཐ་ན་རང་རང་སོ་སོའི་བསྟན་པ་གནས་པ་ཙམ་ལ་བསམ་ན་ཡང་ཐབས་ལ་མཁས་པ་ཞིག་དགོས་པ་རེད་མ་གཏོགས་དབང་བསྒྱུར་ཁོ་ནར་བསམ་བློ་བཏང་ན་ནམ་ཞིག་ཕམ་ཁ་ཁུར་གྱི་རེད། ད་སྔོན་འཛམ་བུ་གླིང་དུ་དབང་བསྒྱུར་བྱེད་མཁན་དག་ཀྱང་མང་པོ་ཞིག་མེད་པ་བཟོ་ཚར་བ་རེད་ལ། ད་དུང་ཅུང་ཟད་ཡོད་པ་དག་ཀྱང་ག་ལེ་ག་ལེར་མེད་འགྲོ་རྒྱུ་ཡིན་པ་ནི། འཛམ་བུ་གླིང་གི་རྒྱལ་པོའི་རྒྱལ་ཁབ་རྣམས་རིམ་གྱིས་དམངས་གཙོའི་རྒྱལ་ཁབ་ཏུ་འགྱུར་བཞིན་པས་ཀྱང་མཚོན་ཡོད།

འོན་ཀྱང་། དགོན་པ་རྣམས་ཀྱིས་དུས་དང་མཐུན་པའི་དགོས་ངེས་ཀྱི་བླང་དོར་མ་བྱས་ན་ཁོང་ཚོ་ལ་མདུན་ལམ་མེད་པར་མ་ཟད། ཆེ་ས་ནས་སངས་རྒྱས་ཀྱི་བསྟན་པ་དང་བོད་བརྒྱུད་ནང་བསྟན་ལ་ཡང་ལོག་རྟོག་ཡོང་གི་རེད། ཁར་རྩང་དེ་རིང་ཆོས་ལ་མི་དགའ་མཁན་གྱི་རྒྱ་འགའ་རེས་བྲིས་པའི་ཡི་གེ་དག་གི་ནང་དུ་ཡང་ནང་པའི་ལྟ་བ་སྒོམ་པ་སྤྱོད་པ་སོགས་ཀྱི་སྟེང་དུ་སྐྱོན་བརྗོད་བྱས་མི་འདུག་ལ་གནད་དུ་ཁེལ་བ་ཞིག་བརྗོད་ཀྱང་མི་ནུས་ན་ཡང་། བསྟན་པ་ངོ་མ་ལག་ལེན་དུ་མི་བསྟར་བར་རང་གི་ཁེ་ཕན་སྒྲུབ་མཁན་དག་གི་བྱ་སྤྱོད་ཀྱི་ཐོག་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། ངོ་མ་བཤད་ན་དེ་བསྟན་པའི་སྐྱོན་ཞིག་མ་རེད།དེས་ན་ད་ཕན་ཆོད་ཚང་མས་སངས་རྒྱས་ཀྱི་དགོངས་པ་ངོ་མ་དེ་ལག་ལེན་དུ་འདེབས་དགོས་ཀྱི་འདུག་ལ།དེ་ལྟ་བུ་དེ་ལག་ལེན་དུ་ཐེབས་པ་ཡིན་ན་དུས་རབས་ཉེར་གཅིག་པ་ཙམ་མ་ཟད་ལོ་སྟོང་ཕྲག་མང་པོ་ཕྱིན་ཡང་མདུན་ལམ་ཡོད་ངེས་རེད།

མདོར་ན། མི་མང་ལ་ཆོས་ཡང་དག་པ་ཞིག་ངོ་སྤྲོད་བྱ་རྒྱུ་དེ་ངེས་པར་དུ་དུས་ལས་གཡོལ་མི་རུང་བའི་ལས་ཀ་གལ་ཆེན་ཞིག་རེད། འདི་ནས་ཀྱང་ན་ཉིན་གཞིས་ཉིན་ཆོས་མི་དར་སའི་ཡུལ་ཁམས་ཁ་ཐག་རིང་ས་མངའ་རིས་སོགས་སུ་ཆོས་བཤད་མཁན་རེ་མངགས་པ་རེད་ལ། དེ་རྗེས་ཁོང་ཚོས་ཀྱང་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་བས་ད་དུང་ཡང་མུ་མཐུད་མངགས་རོགས་ཟེར་གྱི་འདུག དེའི་རྒྱུ་མཚན་གྱིས་ངས་ཀྱང་ཁར་ཉིན་འཛིན་གྲྭའི་མཁན་པོ་ཡོངས་ལ་དཔེ་ཁྲིད་སྐབས་ཆོས་རའི་ནང་ན་དང་བླངས་ཀྱིས་ཆོས་བཤད་དུ་འགྲོ་མཁན་རེ་ཡོད་ན། ཡར་མར་གྱི་ལམ་གྱི་འགྲོ་གྲོན་འདངས་ངེས་པ་ཞིག་ང་ཚོས་སྤྲོད་ཀྱི་ཡིན། འོན་ཀྱང་གྲོགས་པོའི་ངོས་ནས་འཚམ་རྟགས་རེ་ཕུལ་ན་དང་ལེན་ལོས་བྱེད་མ་གཏོགས། མང་ཚོགས་ཀྱི་ལག་ནས་དངུལ་སྐར་མ་གཅིག་ཀྱང་ལེན་མི་ཉན། དེ་ལྟར་བྱས་ནས་འགྲོ་མཁན་སུ་ཡོད་ཟེར་དུས་བཅུ་དྲུག་བཅུ་བདུན་ཞིག་གིས་མིང་ཐོ་བཀོད་འདུག་སྟེ། རྗེས་ནས་དངོས་གནས་འགྲོ་རན་དུས་མང་པོ་ཞིག་མི་འདུག འོན་ཀྱང་། བདུན་བརྒྱད་ཅིག་སོང་བ་དེས་ཀྱང་ནུས་པ་ཆེན་པོ་ཐོན་པ་རེད། ད་ལོ་ཉེ་ཆར་བློ་སྦྱོང་འཛིན་གྲྭས་ཁོང་ལ་གཉིས་འདུག་ཟེར་བ་ཙམ་ལས་མང་པོ་མི་འདུག

ང་ཚོར་དགེ་འདུན་པ་འདི་ཙམ་མང་པོ་འདུག དེའི་ནང་ནས་ཀྱང་དབུ་ཕར་འདུལ་མངོན་གྱི་དཔེ་ཆ་ལ་བརྩོན་འགྲུས་ཆེན་པོ་བྱེད་ཀྱིན་ཡོད་པ་རྣམས་དང་འཛིན་གྲྭ་ཁག་གི་མཁན་པོ་རྣམ་པ། དམིགས་བསལ་གྱིས་གསོ་སྐྱོང་དགོས་པའི་རིགས་དེ་དག་མ་བརྩིས་པའི་དབང་དུ་བཏང་ན་ཡང་། བནྡེ་དོ་དོ་དན་དན།མི་སྐྱ་ཕོ་མོ་ལ་སྔོན་འགྲོ་བློ་ལྡོག་རྣམ་བཞི། གཉེན་པོ་སྟོབས་བཞི། དམ་པ་གསུམ་སོགས་བཤད་ཤེས་མཁན་མ་མཐའ་ཡང་སྟོང་ཕྲག་གཅིག་ཡོད་རྒྱུ་རེད་དེ། ཡང་སྙིང་མིང་ཐོ་འགོད་མཁན་ག་ཚོད་ཅིག་འདུག ཕལ་ཆེར་སྒོར་མོ་ལེན་མི་ཆོག་པས་དཀའ་ལས་རེད་བསམ་གྱི་ཡོད་ས་རེད། གལ་ཏེ་ཁྱེད་རང་ཆོས་བཤད་སར་སོང་དང་སྒོར་མོ་ཁྲི་བཅུ་སྦྱིན་ཟེར་བ་ཡིན་ན་མང་པོ་ཞིག་གིས་མིང་ཐོ་འགོད་རྒྱུ་རེད་བསམ་གི ད་དུང་ཡང་ཐུགས་བསམ་བཞེས་ནས་ཕེབས་དགོངས་མཁན་ཡོད་ན་ང་ཚོའི་སར་ཐོ་འགོད་དུ་ཡོང་ན་འགྲིག

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༤༧

ཆོས་སྤེལ་བའི་སྙིང་སྟོབས།



ང་ཚོས་དུས་རྒྱུན་ཕྱི་རོལ་པ་དག་ལ་མུ་སྟེགས་པ་ཞེས་མར་ཞབས་སུ་གཅོད་ཀྱི་ཡོད་ལ། ཡེ་ཤུ་པས་ཆོས་ཀྱི་སྙིང་པོ་སྙིང་རྗེ་ཡིན་ཟེར་གྱི་ཡོད་ན་ཡང་བྱང་ཆུབ་ཀྱི་སེམས་ཟེར་བ་ལྟ་བུ་ང་ཚོ་ནང་བཞིན་གཡེར་བོ་ཆེ་ཤོད་རྒྱུ་ཡོད་པ་མ་རེད་དེ། ཁོང་ཚོས་མི་ཚེ་བློས་བཏང་ནས་ཆོས་སྤེལ་གྱི་ཡོད་པ་རེད།

ལྷོ་ཨ་ཧྤི་རི་ཁ་ལྟ་བུ། ཡི་དྭགས་ཀྱི་ཡུལ་དངོས། བྱེ་ཐང་ཆེན་པོ། ལོ་རེ་རེ་བཞིན་དུ་ཐན་པ་ཆེན་པོ་དང་།སྐབས་སྐབས་སུ་ནད་ཡམས་འདྲ་མིན་ཀྱང་ཡོང་ས། ཕར་ཕྱིན་ནས་ཚུར་ལོག་ཐུབ་པ་ཡང་ཤིན་ཏུ་དཀའ་བ་ལྟ་བུའི་ཡུལ་གྲུ་དག་གི་ཞིང་སྡེ་དང་གྲོང་གསེབ་ཉམ་ཐག་པ་དག་ཏུ་སོང་ནས་མི་ལོ་མང་པོར་འཆར་གཞི་བཞག་ཏེ། སྨན་ཁང་དང་སློབ་གྲྭ་བཙུགས་ནས་གཞི་ནས་ཆོས་སྤེལ་བ་སོགས་བྱེད་ཀྱི་ཡོད། དེ་འདྲའི་དབང་གིས་རྒྱ་ནག་གི་ཡང་ཞིང་པ་མང་པོས་ཡེ་ཤུའི་ཆོས་ལུགས་ལ་སློབ་ཀྱི་ཡོད།

ཁོང་ཚོའི་ཆོས་སྤེལ་བའི་སྙིང་སྟོབས་ལ་གཅིག་ལྟོས་དང་། རྒྱལ་ཁབ་དང་རྒྱལ་ཁབ། ཐ་ན་རྒྱ་མཚོ་ཆེན་པོ་ཡང་བརྒལ་ནས་ཆོས་སྤེལ་བ་ལས་ཕྱིར་ཨ་མི་རི་ཁ་ལྟ་བུར་སོང་ནས་སྐྱིད་པོ་བྱེད་སྙམ་པ་མེད་པ་རེད།

འོན་ཀྱང་ང་ཚོ་ག་ཤེད་ཅིག་ཏུ་སོང་ན་ཡང་། སྔོན་ཆད་བོད་ཀྱི་འབྲོག་སྡེ་ཕྱུག་ཤོས་རྨ་སྟོད་དང་རྨེ་བ་སོགས་སུ་འགྲོ་ཞིང་། ད་ལྟ་དེ་ལ་འགྲོ་མཁན་གཅིག་ཀྱང་མེད་པར་ས་ཆ་སྐྱིད་ལ་བཟའ་བཏུང་ཞིམ་པ།སྒོར་མོ་རྙེད་པ་སོགས་ལས་སླ་པོས་དོན་དག་མང་པོ་འགྲུབ་ཀྱི་ཡོད་པས་རྒྱ་ཡུལ་གྱི་གྲོང་ཁྱེར་ཁོ་ནའི་ནང་དུ་འགྲོ་བ་རེད། ང་ཚོས་བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ཁ་ནས་ཤོད་པ་ཙམ་ལས་དོན་དུ་སྒྲུབ་ཀྱི་མེད།

ང་ཚོར་མཚོན་ན། མི་ལོ་ཉི་ཤུ་ཙམ་ལ་སེམས་བསྐྱེད་ཀྱི་ཐོག་ནས་སེམས་བསྐྱེད་ཀྱི་མཚན་ཉིད་གང་ཡིན།མཚན་ཉིད་ཀྱིས་མཚན་གཞི་ལ་ཁྱབ་མ་ཁྱབ། ས་མཚམས་གང་ཡིན། སངས་རྒྱས་ཀྱི་རྒྱུད་ན་འདུག་གམ་མི་འདུག་སོགས་ལ་རྩོད་པ་བརྒྱབ་པ་རེད་དེ། སངས་རྒྱས་ཀྱི་རྒྱུད་ན་ཡོད་ཀྱང་རུང་མེད་ཀྱང་རུང་ང་ཚོར་མི་འདུག གལ་ཏེ་ཡོད་ན་ང་ཚོས་ཀྱང་བྱ་བ་རེ་སྒྲུབ་དགོས་ཀྱི་རེད་དེ་ང་ཚོས་དེ་ཡང་མི་སྒྲུབ། དེས་ན་ཉམས་ལེན་བྱས་ནས་ལག་ལེན་དུ་མ་བསྟར་ན་མི་ཚེ་མགོ་གང་གི་རིང་ལ་འདི་རིགས་ཀྱི་ཐོག་ནས་ཁ་ངོ་དམར་པོ་བྱས་ནས་རྩོད་པ་མང་པོ་བྱེད་པར་དོན་དག་མི་འདུག མདོར་ན་ཕྱི་རོལ་པ་དག་གིས་སྒྲུབ་རྒྱུ་དེ་ཡང་ང་ཚོས་སྒྲུབ་ཐུབ་ཀྱི་མེད་ན་ཡང་། ད་དུང་བོད་ཀྱི་བླ་མ་ཚོས། ང་ཚོ་བྱང་ཆུབ་སེམས་དཔའ་ཡིན། བླ་མ་ཡིན་ཟེར་ནས་ཁྲིའི་ཐོག་དང་གདུགས་ཀྱི་འོག་ཏུ་ཆེན་པོ་དང་གཡེར་བོ་ལས་ནས་བསྡད་ཡོད། རྒྱལ་སྲས་ཞི་བ་ལྷ་ལས་ལྷག་པའི་བྱང་ཆུབ་སེམས་དཔའ་ཞིག་ཡོད་རྒྱུ་མ་རེད་དེ་ཁོང་ཡང་དམངས་ཁྲོད་དུ་ཕེབས་པ་ཞིག་རེད།དེས་ན་ང་ཚོ་ཡང་དམངས་ཁྲོད་དུ་སོང་ནས་ལས་ཀ་བྱེད་དགོས་པ་རེད། འོན་ཀྱང་། ང་ཚོ་དགོན་པ་ཞིག་གི་ནང་དུ་གོ་ས་ཞིག་བཟུང་ནས་འདུག་པ་མ་གཏོགས་དམངས་ཁྲོད་དུ་སོང་ནས་ནད་པ་ཚབ་ཆེན་ཞིག་ལ་ནད་གཡོག་བྱས་ནས་སྡོད་མཁན་ཞིག་ཅི་ཙམ་འདུག བསམ་བློ་ཞིག་ཐོངས་དང་།

བོད་ཀྱི་བླ་མ་ཇི་ལྟར་ཆེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡན་ཞིག་ཡོད་ཐབས་མེད་ན་ཡང་།སངས་རྒྱས་ཐུགས་རྗེ་ཅན་གྱིས་ནི་ང་ཚོའི་ལས་ཀ་བྱེད་སྟངས་ལྟར་གནང་མེད། དེ་ཡང་སྔོན་ཉི་མ་གཅིག་ལ་སངས་རྒྱས་ཐུགས་རྗེ་ཅན་གྱིས་ཆེད་གཏད་ཀྱིས་དགེ་སློང་རྣམས་ལ། དེ་རིང་ང་བསོད་སྙོམ་ལ་འགྲོ་གི་མིན། ཁྱེད་ཅག་གིས་ང་ལ་གསོལ་ཚིགས་ཚུར་ཁུར་ཤོག་གསུངས་ནས་ཁོང་ཉིད་རྗེས་སུ་བཞུགས་ཏེ་དགེ་སློང་ནད་པ་དག་གི་ནད་གཡོག་བྱས་ནས་ཆབ་སྟན་འཁྲུད་པ་སོགས་གནང་མྱོང་བ་འདུལ་བ་ལུང་གི་ནང་དུ་གསུངས་འདུག་སྟེ། ང་ཚོ་བོད་ཀྱི་བླ་ཆེན་ཞིག་ཕར་ཞོག དགོན་པ་གཅིག་གི་དགོན་དཔོན་ཙམ་ཡིན་ན་ཡང་མཐོ་ས་ཞིག་ནས་བསྡད་འདུག་རྒྱུ་མ་གཏོགས་མི་སྐྱ་ཕོ་མོ་ཉམ་ཐག་ཅིག་ལ་ནད་གཡོག་ལ་འགྲོ་དགོས་རེད་ཟེར་ན། དེ་ཁོ་ལ་ཚད་ལས་བརྒལ་བའི་དམའ་འབེབ་སྡུག་ཤོས་ཞིག་རེད་བསམ་གི་རེད། དེ་ཙམ་མ་ཟད་དཔེ་ཆ་བ་གཞུང་བཀའ་པོད་ལྔ་ལ་འཆད་རྩོད་རྩོམ་གསུམ་བྱེད་མཁན་ཞིག་ཡིན་ཡང་། མ་གིའི་རྒད་པོ་རྒན་མོ་ཞིག་ལ་ནད་གཡོག་གྱིས་ལབ་པ་ཡིན་ན་གཞན་དག་གིས་ཀྱང་མི་འོས་པ་ཞིག་རེད་བསམ་གི་རེད་ལ། ཁོ་རང་གིས་ཀྱང་རང་ཉིད་ཐེག་པ་ཆེན་པོའི་ཆོས་དང་ཁ་ཁར་གྱུར་པའི་སྟོབས་ཀྱིས་ང་དོན་མེད་པ་འདི་འདྲ་ཞིག་ལ་མངགས་བྱུང་བསམ་གི་རེད་མོད། ཐེག་པ་ཆེན་པོའི་ཆོས་ཀྱིས་ནི་འདི་གལ་ཆེན་དང་དོན་ཆེན་པོ་ཡོད་པ་ཞིག་ཏུ་རྩི་གི་རེད་ལ། སངས་རྒྱས་ཤཱཀྱ་ཐུབ་པས་ཀྱང་དེ་ག་རང་དགོས་པར་གསུངས་ཡོད།

ཡིན་ན་ཡང། ང་ཚོས་འདི་དག་ལ་བསམ་བློ་གང་ཡང་མི་གཏོང་བས་རང་གི་རང་ལ་ཡི་ཆད་དགོས་པ་མང་པོ་ཡོང་གི་ཡོད། དཔེར་ན། རྒྱལ་ཕྱི་ནང་ཀུན་ན་འཇིག་རྟེན་གྱི་བྱ་བ་རེ་རེའི་ཆེད་དུ་རང་གི་ལུས་ལ་མེ་སྦོར་མཁན་དང་། ཡང་ཉི་མ་བཅུ་བཞི་བཅོ་ལྔ་རེ་ལ་ཆུ་ཁ་ལ་མི་རེག་པར་ཟས་བཅད་ནས་འདུག་པ་སོགས་རང་སྲོག་བློས་གཏོང་བྱེད་མཁན་མང་པོ་ཡོད་ན་ཡང་། ང་ཚོས་ཆོས་ཀྱི་ཐོག་ལ་རང་ལུས་མེ་ལ་སྒྲོན་པ་ལྟ་བུའི་སྡུག་དཀའ་ལས་བརྒྱབ་ནས་ཆོས་སྤེལ་བ་ལྟ་ཅི། མ་མཐའ་ཉི་མ་གཅིག་ལ་གུང་ཚིགས་ཙམ་ཡང་མི་མོས་པར་རང་རང་སོ་སོའི་ཟ་གོན་དང་སྒོར་མོ་གང་ནས་རག་ན་དེའི་ཕྱོགས་སུ་རྒྱུག་རྒྱུ་མ་གཏོགས་མེད་པ་རེད།ང་རང་ལ་མཚོན་ན་ཕར་ལྟར་སྣང་ལ་ལས་ཀ་ཅུང་ཟད་རེ་བྱས་ན་ཡང་དོན་ངོ་མར་འཇིག་རྟེན་པ་རྣམས་ཀྱིས་འཇིག་རྟེན་གྱི་ཆེད་དུ་བྱས་པ་དག་གི་ཕྱེད་ཀ་ཙམ་ཡང་བྱས་མེད་པ་དེ་འདྲ་ཞིག་རེད།གཅིག་བྱས་ན་ཁྱེད་རྣམ་པས་བྱས་ཡོད་ཀྱི་རེད་དེ། དེ་ཡང་དྲང་མོ་བཤད་ན་རིག་ས་གོ་ས་ན་ནི་ཆེན་པོ་ཞིག་མི་འདུག དེས་ན་འཇིག་རྟེན་པ་དག་གི་བྱེད་སྟངས་དང་ཕྱི་རོལ་པས་ཆོས་སྤེལ་སྟངས་སོགས་དང་བསྡུར་བ་ཡིན་ན་ཡང་། ཁར་རྩང་དེ་རིང་བོད་པས་ཆོས་བྱེད་སྟངས་དེ་ཆོས་རེད་དམ་འཇིག་རྟེན་རེད། འཇིག་རྟེན་གྱི་ནང་ནས་ཀྱང་དེང་སང་གི་དམངས་གཙོའི་འགྲོ་སྟངས་ལྟ་བུ་ཞིག་དང་བསྡུར་བ་ཡིན་ན་དེ་བས་ཀྱང་ང་ཚོའི་བྱེད་སྟངས་ནི་བཀས་བཀོད་རྒྱུན་འཛིན་ལམ་ལུགས་ཟེར་བའི་རྒྱལ་པོའི་ལམ་ལུགས་རྙིང་པ་དེ་འདྲ་ཞིག་མ་རེད་དམ་སྙམ་པ་དང། མ་མཐའ་ཡང་བརྒྱ་ཆ་ལྔ་བཅུ་དྲུག་ཅུ་ཞིག་འདི་འདྲ་ཞིག་ཆགས་འདུག་སྙམ་པ་ལྟ་བུ་ཞིག་རེད། འོན་ཀྱང་དེ་དག་ཡོང་རྫོགས་མི་སྒེར་གྱི་སྤྱོད་པས་ལན་པ་རེད། སངས་རྒྱས་ཀྱི་བསྟན་པའི་ནང་དུ་བཙན་དབང་དང་གཉའ་གནོན་བཤུ་གཞོག་ལ་སོགས་པ་ཡོད་པ་མ་རེད། སྔོན་ཆད་ཚིག་འདི་དག་བེད་སྤྱོད་བྱས་ནས་ཆོས་ལུགས་པ་ཡོངས་རྫོགས་གཉའ་གནོན་གཤུ་བཞོག་པ་རེད་ཅེས་བཤད་དྲགས་པས་ལོ་ལོན་དག་གི་རྣ་བར་སྙན་པོ་ཞིག་མིན་ན་ཐང་མོད། འོན་ཀྱང་ཚིག་འདི་དག་འཛམ་བུ་གླིང་གིས་བེད་སྤྱོད་བྱེད་ཀྱིན་ཡོད་པས་ང་ཚོས་ཀྱང་བེད་སྤྱོད་བྱེད་ས་ཞིག་ལ་ངེས་པར་དུ་བྱེད་དགོས།

དཔེ་ཞིག་བཞག་ན། སྐྱེས་པ་དག་གིས་གཡག་རྒན་རྣམས་ལ། ཁལ་འགེལ་དུས་ཁལ་འགེལ། ཞིང་རྨོད་དུས་ཞིང་རྨོད་པ་ལྟ་བུ་ལ་གཉའ་གནོན་དང་། བུད་མེད་དག་གིས་བེའུ་དག་ལ་ཁོ་རང་གི་སྐལ་བའི་འོ་མ་ཡང་ནུ་མི་འཇུག། རྟོལ་ལེ་དག་ཀྱང་ཆུང་ཆུང་ནས་མ་འོ་ཁ་ལ་རེག་མི་འཇུག་པར་གསོད། ལུག་གུ་དག་ཀྱང་ཆེ་རུ་མི་འཇུག་པ་སོགས་དེ་དང་དེ་འདྲ་བའི་རིགས་ལ་བཤུ་གཞོག་ཟེར་གྱི་ཡོད་པ་རེད། དེས་ན་གཉའ་གནོན་དང་བཤུ་གཞོག་ཟེར་བ་འདི་རིགས་རྒྱལ་ཁབ་ཀྱི་ངོས་ནས་མི་རུང་བ་ཞིག་ཡིན་པ་ཙམ་མིན་པར་ཆོས་པ་རྣམས་ཀྱི་ངོས་ནས་དེ་བས་ཀྱང་མི་རུང་བ་ཞིག་རེད། ཐ་སྙད་བེད་སྤྱོད་བྱེད་སྟངས་ཙམ་ཡང་དུས་རབས་དང་མཐུན་པ་ཞིག་མ་བྱུང་ན་ལམ་ལོག་པ་ཞིག་ཏུ་འགྲོ་གི་རེད་ལ། དེ་ལྟ་བུ་དེ་དངོས་ཡོད་ཀྱི་འཛམ་བུ་གླིང་དང་ཡང་ཐ་དད་དུ་འགྱུར་གྱི་རེད། དེས་ན་དགོན་པ་དག་གིས་ཀྱང་མང་ཚོགས་ཀྱི་ནང་དུ་བྱ་བ་སྒྲུབ་དགོས།འོན་ཀྱང་བྱ་བ་དེ་ཡང་ཕུག་རང་དོན་ཡིན་པ་ཞིག་མིན་པར་སངས་རྒྱས་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་དགོས་གསུངས་པ་ལྟར་བྱ་དགོས།

གོང་དུ་བཤད་པ་ལྟར་ཕྱི་རོལ་པ་ལྟ་བུ་ཞིག་ཡིན་ན་སོ་སོའི་ཆོས་ལུགས་སྤེལ་བའི་ཆེད་དུ་སེམས་ཁུལ་ཆེན་པོ་བྱེད་ཅིང། དེའི་སྟབས་ཀྱི་འཛམ་བུ་གླིང་དུ་ཡང་ཕྱི་རོལ་པའི་ཆོས་པ་ཅི་ཙམ་དུ་མང་པོ་འདུག ང་ཚོ་བོད་ཀྱི་ཆོས་འདི་ལ་མཚོན་ན་ཡང་ཡག་པོ་ཞིག་སྤེལ་བ་ཡིན་ན་ཤིན་ཏུ་རྒྱ་ཆེན་པོ་སྤེལ་ཆོག་པ་རེད་དེ། དེ་འདྲ་ལ་བསམ་བློ་མི་གཏོང་བར་སྒོར་མོ་ག་ཚད་ཅིག་རག་བསམས་ནས་བསྡད་ཡོད་པ་རེད། ཆོས་ཆེན་པོ་ཞིག་སྤེལ་བསམ་པ་ཡོད་མཁན་ཞིག་ཡིན་ན་ནི་རྒྱ་ནག་ཙམ་མ་ཟད་ཅི་ལྟ་བུའི་མཐའ་འཁོབ་ཀླ་ཀློ་ཞིག་ཏུ་ཡིན་ན་ཡང་འགྲོ་དགོས་པ་རེད་ལ། སངས་རྒྱས་ཀྱི་ཆོས་ཀྱིས་སུ་ལ་ཕན་ཐོགས་ན་སུ་ཡིན་པས་ངེས་པར་དུ་སྤེལ་དགོས་པ་རེད། འོན་ཀྱང་ང་ཚོ་ལ་དེ་ལྟ་བུའི་བསམ་པ་ཡོད་པ་མ་རེད། དངོས་གནས་རང་འདོད་སྤུའི་རྩེ་མོ་ཙམ་ཡང་མེད་པར་ཆོས་སྤེལ་མཁན་ཞིག་ཡིན་ན་གཞན་པ་ཞིག་ལ་གོ་བརྡ་འཕྲོད་མི་འཕྲོད་མི་དགོས་པར་བོད་ཀྱི་མི་སྐྱ་ཕོ་མོ་དག་ལ་ཆོས་ཀྱི་གོ་བརྡ་སྤྲད་ན་འཕྲོད་ཤག་ཤག་རེད་དེ་དེ་ཡང་མི་བྱེད་པ་རེད།དེ་འདྲ་དེས་རྒྱ་ཡུལ་ལྟ་བུ་ག་ཤེད་ཅིག་ནས་ཆོས་སྤེལ་འདོག་འདོག་བྱས་ན་ཡང་དེ་ཤོབ་ཡིན་རྒྱུ་རེད།གལ་ཏེ་བདེན་ན་དང་པོ་བོད་ཡུལ་རང་གི་ས་ཆ་སྡུག་ས་དང་ཟ་རྒྱུ་གོན་རྒྱུ་མེད་ས། སྡུག་དཀའ་ལས་ཚོར་ས།རྙེད་པ་མེད་ས་དག་ཏུ་སོང་ནས་སྤེལ། དེ་ནས་རྒྱ་ཡུལ་སོགས་སུ་སྤེལ་ན་བདེན་པ་ཡིན་པའི་རྟགས་ཡིན།གཞན་གྲོང་ཁྱེར་སྐྱིད་ས་དང་། སྒོར་མོ་རག་ས་ཞིག་ནས་ཆོས་སྤེལ་གྱིན་ཡོད་ཅེས་ལབ་ན་ཡང་སུས་ཡིད་ཆེས་ཀྱི་མ་རེད།

འདི་དག་ལག་ལེན་ལ་རང་གཞན་སུས་ཀྱང་ཐེབས་དཀའ་ན་ཡང་། གང་ལྟར་རིགས་པའི་གཞུང་ལུགས་ཀྱི་ངོས་ནས་ནི་དེ་འདྲ་ཞིག་རེད། དེས་ན་རིགས་པའི་གཞུང་ལུགས་ཟེར་བ་དེ་ཕྱོགས་གཅིག་རེད་ལ། ལག་བསྟར་ཟེར་བ་དེ་རིགས་པའི་གཞུང་ལུགས་ཀྱི་རྗེས་ཨེ་ཆོད་ལྟ་བ་དེ་རེད། ཁྱེད་ཅག་གིས་དཔེ་ཆ་ལྟས་ནས་ལུང་དང་རིགས་པས་བརྡར་ཤ་བཅད་ནས་བསྡད་པས་གཤམ་འོག་གི་གནས་ཚུལ་མང་པོ་ཞིག་ཧ་མི་གོ་ན་ཡང་། ངས་དེ་ལྟར་མ་བྱས་པར་འོག་ལ་འཁྱམས་ཕྱིན་པས་དཔེ་ཆ་བརྗེད་ཚར་ཡང་མི་སྐྱ་ཕོ་མོ་དག་གིས་ཅི་ཞིག་ཟེར་གྱིན་ཡོད་པ་དེ་གོ་ཡོད་པ་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༤༨

རྐུན་མ་ལ་དཔའ་དར་སྤྱང་གི་ལ་རྣ་ཚར།



དེ་བཞིན་ཉམ་ཆུང་རྣམས་ལ་རྐུ་འཕྲོག་བཅོམ་གསུམ་བྱེད་ཀྱི་ཡོད། དེ་ཡང་ཉེ་ཆར་རང་ང་རྨེ་བར་སོང་ནས་ཚུར་ཡོང་བ་ཡིན། སྔོན་ཡིན་ན་རྨེ་བས་ཟོག་མང་པོ་དེ་འདྲ་ཞིག་རྒྱ་བཤས་སུ་བཙོང་གིན་འདུག་སྙམ་ནས་ཧ་ལས་པ་ཡིན་ཏེ། ཞིབ་ཏུ་ལྟས་དུས་ཁོང་ཚོར་ཁག་མི་འདུག དེ་གའི་དམངས་ཚོགས་ཀྱིས་བཤད་པ་བདེན་ན་དེ་ཕྱོགས་ཀྱི་ཚོ་བའི་ནང་གི་མི་ཚང་ཉམ་ཆུང་ཞིག་ཡིན་ན་དེའི་སྒོ་རྩར་ཕྱུགས་ཟོག་གཏན་ནས་ཉར་ཕོད་ཀྱི་མེད། དེ་ཡང་དགོན་པས་བཞག་པའི་ཆོས་ཁྲིམས་ནི་མེད། རྒྱལ་ཁྲིམས་ཟེར་བ་ཞིག་སྒང་ན་ཡོད་པ་རེད་དེ། རྐུན་དཔོན་ཆེ་ཤོས་དག་དང་སྤྱི་བདེ་ཉེན་རྟོག་པ་དག་འབྲེལ་ནས་ཡོད་པ་དང། དེའི་རིགས་ཀྱིས་དེ་རིང་ཅི་ཙམ་རྐུས་ཆེན་པོ་ཞིག་བུད་ན་ཡང་ཉི་མ་ཁ་ཤས་ལ་བཙོན་དུ་བཙུད་ནས་ཕྱིར་གཏོང་གི་རེད་ཟེར།དེ་ནི་མིང་དང་དོན་དུ་རྐུན་མ་ལ་དཔའ་དར་དང་སྤྱང་གི་ལ་རྣ་ཚར་ཟེར་ནས་མི་འོས་པའི་ཚད་ཡིན།

འོན་ཀྱང་། དེ་བས་ཀྱང་ཡ་མཚན་པ་ཞིག་ལ། རྨེ་བ་དང་མཛོད་དགེ་སོགས་ཡུལ་ཕྱོགས་ཁ་ཤས་ན་རྐུན་མ་ལ་ཡང་དངོས་སུ་དཔའ་དར་འདོགས་ཀྱི་ཡོད་པ་རེད། དེ་ཡང་གཡག་གཅིག་གི་རྐུས་ལྟ་བུ་ཞིག་བུད་པ་ཡིན་ན་གསེར་རྟ་ལ་མཚོན་ན་དགུ་འཇལ་ངོ་བཅུ་དགོས་ཟེར་ནས་མང་པོ་ཞིག་བཅད་ནས་འགྲོ་གི་རེད་ལ།རྐུན་མ་ཞིག་ལ་མཚོན་ན་དེ་འོས་པ་ཞིག་ཀྱང་རེད། འོན་ཀྱང་མཛོད་དགེ་སོགས་ཀྱིས་གཡག་གཅིག་གི་རྐུས་བུད་པའི་དབང་དུ་བཏང་ན་རྐུན་མ་དགོང་མོ་རྐུ་སར་ཡོང་ནས་གཉིད་ཆག་པར་གཉིད་ཆག་གི་རིན་དང་།རྐུན་མས་ལམ་བར་ནས་དཀའ་ལས་ཚོར་བར་དཀའ་ལས་ཀྱི་ཚག་རིན་ཕྱིར་སློག་དགོས་པ་རེད་ཟེར། དེ་ནི་རྐུན་མ་ལ་དཔའ་དར་དང་སྤྱང་གི་ལ་རྣ་ཚར་ཟེར་བ་དེ་རེད། དེ་ཙམ་ཨེ་བདེན་སྙམ་ན་ཕར་ཁ་པར་རྒྱོབ་ལ་དྲིས། དེའི་མགོ་ངོ་མ་དེ་མཛོད་དགེ་ནས་བཞག་ཡོང་བ་དང་། ད་ལྟ་རྨེ་བ་ལ་ཡང་སྲོལ་དེ་ཐོན་འདུག
ཤིང་ལོའི་ཐོག་གི་འབུ་སྲིན།



དེས་ན་ང་ཚོས་ཕྱོགས་མང་པོ་ལ་བསམ་བློ་མི་འཁོར་བའི་གཞི་མེད་ཀྱི་སོས་དལ་དེ་ནི། དཔེ་ཞིག་བཞག་ན། ཆུ་ནང་དུ་གཡེངས་ནས་ཡོད་པའི་ཤིང་གི་རྣ་ལོ་ཞིག་གི་ཐོག་ཏུ་འབུ་སྲིན་ཆུང་ཆུང་ཞིག་ཡོད་པ་དང་། རྒྱང་ནས་ལྟ་མཁན་གྱིས་དེའི་འཁོར་སྐྱོད་གསལ་པོར་མཐོང་གིན་ཡོད་ན་ཡང་། འབུ་སྲིན་རང་ཉིད་ཀྱིས་ཤིང་གི་རྣ་ལོ་དེ་ཤར་དུ་འགྲོ་བཞིན་ཡོད་དམ་ནུབ་ཏུ་འགྲོ་བཞིན་ཡོད་སོགས་གང་ཡང་མི་གོ་བ་དང་།

དེ་བཞིན་ཕ་དམ་པས། དིང་རི་བརྒྱད་ཅུ་པ་ཞེས་པའི་ཞལ་གདམས་སུ།

ནགས་ཀྱི་དབུས་ན་སྤྲེའུ་སྐྱིད་སྙམ་ཏེ། །

ནགས་མཐའ་མེ་ཡིས་བསྐོར་རོ་དིང་རི་བ། །

ཞེས་སྤྲེའུ་དག་གིས་ནགས་ཀྱི་མཐའ་ནས་མེ་འབར་བཞིན་པ་ཡང་མི་གོ་བར་ཤིང་གི་ཡལ་ག་ནས་ཡར་ལྡིང་མར་ལྡིང་བྱེད་ཀྱིན་རྩེད་མོ་རྩེ་བཞིན་ཤིང་ཐོག་ཟོས་ནས་བསྡད་བག་བརྐྱངས་ཏེ་བསྡད་ཡོད་པར་གསུངས་པ་དང་ང་ཚོ་འདྲ་མཚུངས་ཆགས་ཀྱི་མེད་དམ་སྙམ།

མདོར་ན། ང་ཚོའི་དགོན་པའི་བླ་སེར་དག་གིས་མི་མང་ལ་ཆོས་ཀྱི་ངོ་སྤྲོད་དང་སློབ་སྟོན་ལེགས་པོ་མ་བྱུང་བ་དེས། ཡུལ་ཕྱོགས་ཤིན་ཏུ་མང་པོ་ཞིག་ལོང་བ་དམིགས་བུ་མེད་པ་ལྟར་གསོན་པའི་དུས་སུ་ཉི་མ་གཅིག་ལ་ཡང་ཆོས་རྣམ་དག་ཅིག་སྒྲུབ་ཏུ་མེད་པར་དོན་མེད་ཁོ་ནས་དུས་འདའ་བ་དང་། དོན་ཕྲན་བུ་རེའི་ཆེད་དུ་ཡང་ཚོ་བ་དང་ཚོ་བའི་བར་ལ། རྩམ་པ་ཁུར་རྒྱུ་མེད་མཁན་དག་གིས་ཀྱང་རྩམ་པ་ཡན་ཆད་གཡར།རྟ་གཞོན་རྒྱུ་མེད་མཁན་དག་གིས་འཕྲུལ་རྟ་བཞོན་ནས་དམག་འདྲེན་པ་སོགས་གཅིག་གིས་གཅིག་ལ་དམག་རྒྱག་པ་དང་། མི་གསོད་པ་དང་། རྒྱལ་ཁབ་ཀྱིས་གོ་མཚོན་དོ་དམ་མ་བྱས་པའི་ལོ་བཞི་ལྔའི་སྔོན་ལ་འགའ་རེས། ཁོང་ཅག་གི་ཚོ་པ་གནའ་ཡང་བཙན་པོ་ཡིན་ལ་ད་ལྟ་ཡང་བཙན་པོ་ཡིན། ཁྱིམ་ཚང་རེས་བོའུ་རེ་མ་ཉར་ན་མི་ཆོག་པར་མ་ཟད་དབྱར་ཁའི་རི་བསང་ འབྲོག་པའི་དབྱར་དུས་ཀྱི་དུས་ཆེན་རྩ་ཆེ་ཤོས་སྟེ། བརྗིད་ཆགས་རི་དང་མཚོ་འགྲམ་དུ། །ལྷ་གསོལ་བཀྲ་ཤིས་དུས་སྟོན་དང། །བདུད་རྩི་བསང་དང་རླུང་རྟའི་དར། །ཅང་ཤེས་རྟ་ཡི་འགྲན་སྡུར་བྱེད། །ཅེས་ཁོ་བོས་བྲིས་མྱོང་བ་ལྟ་བུའོ སྐབས་བོའུ་རྩིས་ལེན་དགོས་ཟེར་བ་སོགས་བྱས་འདུག དེ་ལྟར་བཤད་མཁན་གྱི་ཁྲོད་ན་དགོན་དཔོན་ཡང་ཡོད་པ་རེད། རྒྱལ་ཁབ་ཀྱི་སྲིད་ཇུས་མི་ཤེས་པའི་ཡུལ་ཚོའི་གཙོ་བོ་ཁ་ཤས་ཀྱིས་ཀྱང་ཤོག་པ་དེ་དང་ང་ཚོ་ས་གྱོད་ལ་ཐུག་གྲབ་འདུག་པས་ཁྱིམ་ཚང་རེས་བོའུ་རེ་ཉར་དགོས་ཟེར་བ་སོགས་སོ་སོའི་ཁ་ཕོར་རྡོ་ལ་རྒྱག་བྱེད་ཀྱི་ལས་ཀ་དེ་ལྟ་བུ་ཡང་བྱེད་ཀྱི་ཡོད། ཁོང་ཚོའི་མེ་མདའ་དེ་དག་སུ་ཡིས་སུ་ལ་རྒྱག་གི་རེད་ཟེར་དུས་ཕར་ཕྱོགས་ཀྱི་ཚོ་བ་ཚོ་ཕྱེད་རང་གི་ཉེ་བ་ཡིན་པ་ཞིག་ལ་རྒྱག་གྲབ་བྱེད་ཀྱི་ཡོད་པ་རེད། གལ་ཏེ་ང་ཚོའི་དམག་གིས་འཇོན་ན་དེའི་སྔོན་ནས་འཇོན་ཡོད་རྒྱུ་རེད་དེ་དམག་གིས་མ་འཇོན་ནས་ལྷག་ཡོད་པ་རེད། དེ་འདྲ་ཡིན་དུས་ད་ནས་མ་འཇོན་ས་ནས་བསྡད་ན་དེ་དགའ་གི་རེད། དེ་ཡང་ལོ་ལྔ་དྲུག་གི་སྔོན་ལ་ག་དུས་ཡིན་ན་ཡང་འཁོར་ལམ་གྱི་ཟུར་ཁ་སོགས་སུ་ཡང་མི་སྐྱ་བཅུ་གྲངས་རེའི་རྟ་རྔ་གྲུ་གུ་བཞིན་མདུད་ནས་ཡུལ་ཚོ་ག་གེ་མོ་ཞིག་གི་ཐོག་ལ་དམག་ལ་འགྲོ་གི་ཡིན་ཟེར་ནས་འགྲོ་བཞིན་ཡོད་པ་རྒྱུན་དུ་མཐོང་རྒྱུ་འདུག དེ་ཡང་རྒད་པོ་དག་ལ་ནི་ཤེས་རྒྱ་ཅུང་ཟད་ཙམ་ཡང་མེད། བླ་མ་དག་ཀྱང་ངོ་མ་བཤད་ན་དེ་རིང་ཚོ་བ་གཉིས་གདོང་ཐུག་རྒྱབ་ན་སྔུན་ལ་ཐོན་ཏེ། ཁ་དྲོ། དེ་ལྟར་མ་བྱེད། ཟེར་ནས་བར་འདུམ་བྱས་པ་ཡིན་ན་བན་རྒན་རྣམ་པར་མེ་མདས་རྒྱག་རྒྱུ་མ་རེད་དེ། ལ་ལ་དག་གིས་དེ་ལས་ལྡོག་སྟེ།ཁ་ཕོ་རུས་འཇིག་རྟེན་ཆོས་བརྒྱད་ཀྱིས་མི་སྐྱ་དག་དམག་ལ་སོང་བ་དང་མགོན་ཁང་ནང་རྒྱུག་ནས་གསོལ་ཁ་འདོན་གི་རེད། གསོལ་ཁ་བཏོན་ནས་སོད་པ་ཡིན་ན་གསོད་དམ་གསོད་དུ་འཇུག་པ་ཡིན་པས་ཕམ་པ་ཡང་འབྱུང་གི་རེད། མཚོན་གྱིས་བསད་པ་དང་སྔགས་ཀྱིས་བསད་པ་ཚང་མ་གཅིག་པ་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།


日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༤༩

གྲུབ་རྟགས་འགྲན་པ།



ཡང་ལྐོག་གྱུར་ལུང་དུ་སྟོན་པའི་མངོན་ཤེས་ཅན་དང་། གྲུབ་ཐོབ་ཀྱི་མཛད་སྤྱོད་ཅན་ཡིན་ཁུལ་བྱེད་པ་བྱ་བ་ཡ་མ་ཟུང་གིས་འུར་ཟིང་བྱེད་པ་ཞིག་བྱུང་ན། བཟང་ངན་དང་བདེན་རྫུན་གྱི་བསམ་བློ་གཏོང་བའི་ལོང་ཁོམ་ཙམ་ཡང་མེད་པར་མར་ལིང་ཕྱུར་འགམ་རེ་ཡོད་པ་བཟུང་ནས་རྒྱུག་གི་རེད། མང་ཚོགས་ཤེས་ཡོན་མེད་པ་རྣམས་མགོ་སྐོར་རྒྱུ་ལས་སླ་མོ་རེད། སྔོན་ཆད་ཅིག་ལ་ཚོ་བ་ཞིག་གི་ནང་དུ་མི་གཉིས་ཀྱིས་མི་ཚང་མ་འཛོམས་དགོས། ངེད་གཉིས་གྲུབ་རྟགས་འགྲན་གྱི་ཡིན་ཞེས་བཤད། མི་དེ་གཉིས་ཀྱི་གཅིག་ས་ཆ་དེ་ཀ་དང་།གཅིག་དེ་ས་ཆ་གཞན་ཞིག་ནས་ཡོང་བ་རེད། མི་སྐྱ་ཕོ་མོ་དག་གིས་དངོས་གནས་ཡིན་ས་རེད་དྲན་ནས་སངས་རྒྱས་ཀྱིས་མུ་སྟེགས་པ་ཆོ་འཕྲུལ་གྱིས་ཕམ་པར་བྱེད་དུས་མི་མང་པོ་རྗེས་སུ་འབྲངས་ནས་ཡོང་བ་ནང་བཞིན་རུབ་བརྒྱབ་ནས་ལྟ་སར་ཡོང་བ་རེད། གྲུབ་རྟགས་འགྲན་སར་སླེབས་དུས་གཅིག་གིས་ཁོས་ཤེལ་དམ་ནང་དུ་ཆུ་བླུགས་ནས་ཤེར་དམ་གྱི་ཞབས་སུ་གས་ཆག་གཏན་ནས་མེད་བཞིན་འོག་ནས་ཆུ་འབོ་རུ་འཇུག་གི་ཡིན་ཞེས་བཤད། གཞན་དེས། གོས་གཟུངས་ཀྱི་ལྕགས་ཤིག་མཉེད་ནས་ཁ་ནང་དུ་བཟུང་བཞིན་ཁས་མདུད་པ་རྒྱག་གི་ཡིན་ལབ་པར་མི་མང་དགའ་སྣང་ཆེན་པོ་སྐྱེས་ནས་ལྟ་སྐབས། གོས་གཟུངས་ཀྱིས་ལྕགས་མདུད་ཟེར་མཁན་དེས་གོས་གཟུངས་མྱིད་པར་འཐོག་པ་དང་། ཁོས་སླར་ཡང་། ཁྱེད་ཚོ་དམ་ཚིག་རྣམ་པར་དག་མི་འདུག ས་ཏྭ་མང་པོ་ཁས་ལེན་དགོས་ཀྱི་འདུག་ཅེས་སྐད་ཤུགས་ཆེན་པོས་བཤད་པར་མི་སྐྱ་ཕོ་མོ་དག་གིས་དངོས་གནས་ཡིན་ས་རེད་དྲན་ནས་ས་ཏྭ་མང་པོ་ཁས་ལེན་བྱས་པ་རེད། གོས་བཟུང་མིད་པའི་ནང་དུ་འཐོག་སོང་ན་ད་དུང་ཡང་རྫུན་མ་ཡིན་པ་ཧ་གོ་གི་མ་རེད། སྐད་ཆ་འདི་རིགས་ཕར་གོ་འགྲོ་ན་ཐང་སྟེ།གང་ལྟར་དགོངས་པ་མ་འཚོམས་རོགས། བནྡེ་ལ་ལས་ཁོང་ཅག་གི་ཡུལ་ནས་རེད་སྙམ་ནས་ཧ་གོ་གི་ཡོད་རྒྱུ་རེད།
དགེ་བཅུའི་ཁྲིམས་ཀྱི་དགོས་མཁོ།



དེ་འདྲ་ཡིན་དུས་དགོན་པ་ཞིག་ལ་མཚོན་ན་དགེ་བཅུའི་ཁྲིམས་ཟེར་བ་ཞིག་དགོས་ས་རེད་མ་གཏོགས།རྒྱལ་ཁབ་ཀྱི་ཁྲིམས་ནི་མཛོད་དགེའི་ཐོག་ན་ཡོད་རེད་ལ་གཞན་པའི་ཐོག་ནའང་ཡོད་པ་རེད། ནོན་ནོན་བྱས་ན་རྒྱལ་ཁབ་ཀྱི་ཁྲིམས་ཀྱིས་གནོན་མི་ཐུབ་ས་ཞིག་ཡོད་པ་མ་རེད་དེ། དམངས་ཁྲོད་དུ་སོང་ནས་ཞིབ་ཏུ་ལྟས་དུས་དེང་སང་ཁྲིམས་ཟེར་བ་དེ་ཁྱད་མཚར་ཞིག་ཆགས་འདུག་སྙམ་པ་ཞིག་རེད། དེའི་དབང་གིས་ཉམ་ཆུང་རྒན་མོ་མ་བུ་དག་གིས་འུ་ཐུག་ནས་གང་ལྟར་ཡང་གཡག་རྒན་ཚང་མ་གཤས་ཚོང་ལས་འགྲོ་ས་ནི་མི་འདུག དེ་བས་སོ་སོས་བཙོངས་ནས་སྒོར་རྡོག་འགའ་རེ་རག་ན་དེ་བཟང་གི་ཟེར་གྱིན་ཡོད་པ་རེད་འདུག ཡང་འགའ་རེས། མི་ཚང་ཉམ་ཆུང་དག་ལ་ཆེད་དུ་ཕར་བསྙད་ཁ་བཙལ། དེ་ནས་ཕ་རོལ་པོ་དེས་ང་ལམ་ལ་མ་བཞག་ན་ངས་ཁྱོད་ལས་སླ་བོར་མི་འཇོག་ཟེར་ནས་འཇིགས་སྐུལ་བྱས་ཏེ་ཉམ་ཆུང་དག་གི་ས་ནས་སྒོར་མོ་མང་པོ་ལེན་གྱི་ཡོད་པ་རེད། དེ་དག་ཚང་མ་ཡང་རྒྱལ་ཁབ་ཀྱི་ཁྲིམས་ཀྱིས་མ་ཁྱབ་པའི་ས་ཆ་ཞིག་མ་རེད།ཡིན་ན་ཡང་། ཆོས་ཀྱི་ཁྲིམས་ཀྱང་མེད། མི་སྐྱ་ཕོ་མོ་དག་ལ་ཆོས་དང་ལས་རྒྱུ་འབྲས་ཀྱི་གོ་བརྡ་ཡང་མ་འཕྲོད་པས་ན་དེ་འདྲ་ཞིག་རེད། ཚོ་པ་དེ་དག་ལ་དགོན་པ་མེད་པ་མིན་ན་ཡང་དགོན་དཔོན་དག་སོ་སོ་ཁྲི་ཁ་ན་སྐྱིད་པོ་བྱས་ནས་བསྡད་ཡོད་པ་ལས་གང་ཡང་ཟེར་གྱི་མེད། དགེ་བཅུའི་སྲོལ་འདི་ཡང་མང་གཙོ་དགོས་ཀྱི་འདུག དེ་ཡང་མང་ཚོགས་བརྒྱ་ཆ་དྲུག་ཅུ་ཡན་ཆད་ཀྱི་བསམ་པ་ལ་བསྟུན་དགོས་ཤིང་། གལ་ཏེ་ལག་ལེན་དུ་བསྟར་སྐབས་ཆད་པ་གཅོད་དགོས་བྱུང་ན་ཡང་ཆོས་ཀྱི་བཤགས་པ་བྱེད་པ་ལས་རྒྱུ་ཆད་ཆེན་པོ་གཅོད་རྒྱུ་མེད་ལ་ཅུང་ཟད་བཅད་ཀྱང་ངེས་པར་སླར་དམངས་ཚོགས་རང་ལ་ཕན་པ་ཡོད་པའི་བྱ་བ་སློབ་གྲྭ་སོགས་ཀྱི་ཐེབས་རྩར་གཏོང་རྒྱུ་ལས་དགེ་བ་སྒྲུབ་ཀྱི་ཡིན་ཟེར་ནས་གཙུག་ལག་ཁང་ལས་སྤྱད་དང་དགེ་འདུན་པའི་གསོལ་ཚིགས་སོགས་སུ་སྤྱོད་མི་རུང་།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།


日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༥༠

གོ་བརྡ་མ་སྤྲད་པའི་སྐྱོན།



མདོར་ན། འུར་ཟིང་ཞིག་ཡོད་ན་བདེན་རྫུན་གྱི་དབྱེ་བ་གཏན་ནས་མི་ཕྱེད་པར་རྒྱུག་རྐྱང་བྱེད་པ་ལས།སྟོན་པ་སངས་རྒྱས་ཀྱི་ཆོས། འདི་ཕྱི་གཉིས་ལ་བདེ་བར་བྱེད་པ། ལས་རྒྱུ་འབྲས་སྣོག་མི་ཉན། སེམས་ཅན་གྱི་སྲོག་གཅོད་མི་ཉན་ཟེར་མཁན་ཞིག་ཡིན་ན་རྣ་བ་མི་གཏོད་ཅིང་། གྲུབ་ཐོབ་ཅིག་བསླེབས་འདུག་ཟེར་ན་ཚང་མ་དེ་མ་ཐག་ཏུ་ཐོན་གྱི་རེད། ཐ་ན་མང་པོ་ཞིག་གིས་ཆོས་བཤད་མཁན་ཞིག་འདུག་ཟེར་ན་ཅི་ཞིག་ཡིན་པ་ཙམ་ཡང་གོ་གི་མེད་པ་རེད། ཆུ་དམར་ཕྱོགས་སོགས་ཡུལ་ལ་ལར་མི་ཤི་བ་ན་བདུན་ཚིགས་གཅིག་ཙམ་ཡང་མེད་པར་ས་སྟོང་དུ་ཁྱི་རོ་བཞིན་དུ་འབོར་བ་དང་། ཡང་ན་ཐོག་ཏུ་ལྕི་བ་སྐམ་པོ་སྤུངས་ནས་མེ་ལ་སྦར་ཏེ་རུ་སྤོས་ནས་འགྲོ་བ་ཙམ་ལས་མེད། ཡང་རྒྱ་རོང་སྨད་གྱི་ཡུལ་གྲུ་འགའ་རེར་མ་ཎི་འབྲུ་གཅིག་འདོན་རྒྱུ་མེད་པར་མ་ཟད། རྒྱའི་ལད་མོ་བྱས་ནས་ཚང་མ་མཉམ་དུ་འདུས་ཏེ་ར་ཕག་སོགས་བཤས་ཏེ་ནང་མི་ཚང་མས་ཤ་ཟ་བ་དང་ཆང་འཐུང་བ། ཤྭོ་རྩེ་བ་སོགས་བྱེད་ཅིང་སྡོད། ད་དུང་ཆུ་ཆེན་གྱི་རོང་པའི་སྐོར་ཁ་ཤས་ལ་སེམས་ཅན་གྱི་རྐེ་གཅོད་པ་སོགས་ཀྱི་གོམས་གཤིས་ངན་པ་ཡང་ཡོད་པ་རེད། དེ་དག་ཀྱང་བོད་ཀྱི་མང་ཚོགས་ཁྲོད་ཀྱི་ལས་ཀ་བྱེད་སྟངས་ཀྱི་ཕྱོགས་རེད། གནས་སྟངས་དེ་འདྲའི་ཐབས་སྡུག་ཡིན་བཞིན།སེམས་ཁུར་མ་བྱས་སློབ་གསོ་མ་སྤྲད་པར་ཡལ་བར་དོར་བ་ཡིན་ན་ཡུལ་དེར་དགོན་པ་ཆེན་པོ་དགོན་ལག་བརྒྱ་ཕྲག་མང་པོ་ཡོད་ཟེར་མཁན་ཞིག་ཡོད་ཀྱང་ཡུལ་མི་རྣམས་ལ་ཕན་པ་ཅི་ཡང་མེད། ཁ་ཏ་བ་ངོ་ནག་ཟེར་བ་ལྟར་ཡིན་ན་ཡང་། ང་ཚོས་འདི་དག་མ་བཤད་པར་ཁྱོད་ཡག་ང་ཡག་ཟེར་ནས་བསྡད་པ་ཡིན་ན་དོན་གང་ཡང་མེད་པས་སུ་ཡིན་ཡང་སྤྲོ་མ་ལངས་པར་བསམ་བློ་ཡག་པོ་རེ་ཐོངས། གལ་ཏེ་བརྒྱ་ལ་སྤྲོ་ལང་བ་ཡིན་ན་ཡང་གནས་ལུགས་ཡོད་མཁན་ཞིག་གིས་བཤད་པར་སྤྲོ་ལངས་ན་བཤད་སའི་སྐྱོན་ཡིན་པ་དང་། གནས་ལུགས་མེད་པ་ཞིག་བཤད་པས་སྤྲོ་ལངས་ན་བཤད་མཁན་གྱི་སྐྱོན་རེད། དེས་ན་སྐྱོན་སུ་ལ་ཡོད་དང་གནས་ལུགས་སུ་ལ་ཡོད། བདེན་པ་སུ་ལ་ཡོད་བཅས་ལ་ལྟ་དགོས་པ་རེད།

དེ་ཐམས་ཅད་ཀྱང་རྩ་བ་མང་ཚོགས་ལ་ཆོས་འཆད་སྤེལ་གྱིས་གོ་བརྡ་མ་སྤྲད་པའི་སྐྱོན་རེད། གལ་ཏེ་དམངས་ཚོགས་ལ་གོ་བརྡ་ལེགས་པོ་ཞིག་སྤྲད་པ་ཡིན་ན་དམངས་ཚོགས་ཟེར་བ་དེ་རང་ངོས་ནས་སྡུག་པོ་ཞིག་གཏན་ནས་མ་རེད། ད་སྔོན་འདི་ནས་ཆོས་ཀྱི་སློབ་སྟོན་བྱེད་པར་ཕེབས་མཁན་ཚོས་གསུངས་པ་ལྟར་ན་ཡང་། དང་པོ་ཅི་ཡིན་འདི་ཡིན་ཧ་གསལ་པོ་མ་གོ་བས་ཉན་མཁན་ཆེར་མི་འོང་ན་ཡང་། གོ་བརྡ་ཅུང་ཟད་འཕྲོད་རྗེས་ཆོས་ཟེར་བ་འདི་འདྲའི་ལེགས་པོ་ཞིག་བཤད་རྒྱུ་འདུག འདི་འདྲ་ཞིག་ཡིན་ན་ང་ཚོས་ཀྱང་ཆོས་སྒྲུབ་ཤེས་ས་རེད། རྗེས་མ་ཡང་ཡང་བཤད་རོགས་ཀྱིས་ཟེར་ནས་དགའ་སྤྲོ་ཆེན་པོ་བྱེད་ཀྱི་འདུག་ཟེར།དེས་ན་མང་ཚོགས་ཁྲོད་ཀྱི་མི་དགེ་བའི་བྱེད་སྟངས་ངན་པ་མཐའ་དག་གི་རྩ་བ། བླ་མ་གྲྭ་པ་དག་གིས་ཁོང་ཚོའི་ཆེད་དུ་སེམས་ཁུར་མ་བྱས། བསམ་བློ་མ་བཏང་བར་ཆོས་ཀྱི་གོ་བརྡ་ལེགས་པོ་མ་སྤྲད་པར་ཐུག་འདུག

དེས་ན་འདི་རིགས་ཀྱི་ནག་ནག་དགུ་བཅུ་གོ་དགུ་དེ་ས་ཆ་དེ་ན་ཡོད་པའི་དགོན་པ་དང་དེའི་དགོན་བདག་གི་ལན་པ་ཡིན་པས་ང་ཚོའི་མགོ་ལ་ལེན་དགོས། ང་ཚོས་ནུས་ཤུགས་ཡོད་དགུའི་གོ་བརྡ་སྤྲད་ཀྱང་བྱ་ཐབས་གཏན་ནས་མེད་ན་དེ་ནས་གཟོད་མི་སྐྱ་ཕོ་མོ་ཚོའི་མགོ་ལ་འགན་དཀྲིས་ན་ཆོག དེས་ན་དགོན་པ་རྣམས་ཀྱིས་མ་མཐར་ཡང་རང་གི་ཡུལ་སྡེའི་གཤིན་གསོན་དད་ལྡན་པ་དེ་དག་ཡལ་བར་མི་འདོར་བར།དགེ་སྒྲུབ་སྡིག་སྤོང་ཇི་ལྟར་བྱ་བའི་ཚུལ་སློབ་མཁན་གྱི་དགེ་བའི་བཤེས་གཉེན་རང་དགོན་ལ་ཡོད་ན་རབ་རེད། མེད་ཀྱང་ཡུལ་གཞན་ནས་གདན་འདྲེན་ཞུ་དགོས་པ་རེད།

དེས་ན་ད་ཕྱིན་ཚང་མས་མི་སྐྱ་ཕོ་མོ་རྣམས་ལ་ཆོས་ཀྱི་གོ་བརྡ་ལེགས་པར་སྤྲོད་ཅིང་། ཐམས་ཅད་ཀྱི་རྒྱུད་ན་སྐྱབས་འགྲོའི་སྡོམ་པ་དང་། སྣ་གཅིག་གམ་སྣ་འགའ་ཡན་ཆད་ཀྱི་དགེ་བསྙེན་གྱི་སྡོམ་པ་ཡོད་པ་དང་། ཆོས་རྒྱ་ཆེན་པོ་མ་ནུས་ཀྱང་དགེ་སྡིག་བླང་དོར་བྱ་ཚུལ་ཅུང་ཟད་ཞིབ་པ་རེ་དང་། རང་གིས་རྒྱུན་པར་ཉམས་སུ་ལེན་པའི་ཆོས་དེ་མགོ་མཇུག་ཚང་བ་རེ་བྱ་རྒྱུ་དང་། སྤྱིར་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན། མཆོག་གསུམ་གྱི་ཡོན་ཏན་སོགས་ཆོས་ཕྱོགས་ཀྱི་གོ་བ་རགས་པ་རེ་ཡོད་པ་ཞིག་བྱེད་དགོས།དེ་དང་ཆབ་གཅིག འདི་རིགས་ལ་དོ་སྣང་མེད་པ་འདིའི་ཐད་དགོན་པ་དག་ལ་ཡི་ཆད་དང་འཁང་ར་ངེས་པར་དུ་བྱེད་དགོས། ང་ཚོར་མཚོན་ན་ཡང་ལོ་ལྔ་དྲུག་གི་གོང་ནས་ཀྱང་མི་མང་ལ་ཆོས་ཀྱི་གོ་བརྡ་སྤྲོད་པའི་ཡི་གེ་མང་ཐག་ཆོད་རེ་དགོན་དཔོན་དག་གི་ལག་པར་བཞག། ཡུལ་མི་དག་གིས་ཁྱེད་ཚོའི་ཞལ་ལ་ཉན་གྱིན་འདུག་པས་འདི་རིགས་ཁྱབ་སྤེལ་རེ་བྱེད་རོགས་ཞུས་པ་རེད་དེ། དུས་ཕྱིས་ལོ་ལྔ་དྲུག་གི་རྗེས་ནས་ལྟ་དུས་ལས་ཀ་བྱས་མི་འདུག ཁོང་རྣམ་པ་སྐྱེས་བུ་དམ་པ་ཡིན་རྒྱུ་རེད་ལ། ང་ཚོས་ཁོང་སྐྱེས་བུ་དམ་པ་ཡིན་མིན་མི་བཤད་ཀྱང་། བྱ་བ་ལས་ཀ་བྱེད་སྟངས་དེ་འདྲ་ལ་རྗེས་སུ་ཡི་རང་བྱེད་ཀྱི་མེད། ཁོང་ཚོ་རྒྱ་གར་གྱི་གྲུབ་ཆེན་ཕལ་མོ་ཆེ་སྨད་འཚོང་སོགས་སུ་ཡོད་པ་བཞིན་སྡིག་པའི་ལས་ཀྱིས་སེམས་ཅན་འདུལ་གྱིན་ཡོད་ན་ཐང་སྟེ། དེ་ལྟར་ན་ཡང་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ཤ་ཟ་བར་སྐྱོན་བརྗོད་གནང་སྐབས། དགེ་འདུན་པར་ཤ་དྲངས་ན་སེམས་ཅན་དེ་འདྲེན་གྱི་ཡོད་པ་རེད་ཟེར་ཡང་འདྲེན་ན་འདྲེན་སྟངས་ལེགས་ཙམ་ཞིག་གིས་དྲངས་ན་ཆོག་པ་འདུག་གསུངས་པ་བཞིན། ཁོང་རྣམས་ཀྱིས་ཀྱང་གནང་སྟངས་ཡག་པོ་ཞིག་གི་ཐོག་ནས་ཀྱང་སེམས་ཅན་ལ་ཕན་བཏགས་ན་མ་ཆོག་པ་ཅི་ཡོད། གང་ལྟར་ངས་གང་བཤད་ཀྱིན་ཡོད་པ་འདི་དངོས་ཡོད་གནས་ཚུལ་ལྟ་ས་རིག་ས་ན་ཡོད་པ་འདི་དག་ཙམ་བཤད་པ་ཡིན་མ་གཏོགས། དེ་བས་ཉེ་རིང་ཆགས་སྡང་བཤད་དོན་མེད། བཤད་ཀྱང་འབྲས་བུ་མི་ཐོན། གྲུབ་མཐའ་ཡང་བཤད་དོན་མེད། གྲུབ་མཐའ་རྩོད་ཀྱང་མི་རྩོད། འོན་ཀྱང་འདི་རིགས་ང་ཚོས་ཅུང་ཟད་རེ་བྱེད་དགོས་རྒྱུའི་སྐོར་རེད་སྙམ་གྱི་ཡོད་ཀྱང་མདོ་དོན་ཅི་ཞིག་བྱེད་སོ་སོས་ཤེས། དེས་ན་སྣ་གཅིག་ཡན་ཆད་ཀྱི་དགེ་བསྙེན་གྱི་སྡོམ་པ་རེ་དང་། ཁོམ་ལོངས་དང་བསྟུན་ནས་སྔོན་འགྲོ་བློ་ལྡོག་རྣམ་བཞི་ནས་དངོས་གཞིའི་བར་གྱི་ཉམས་ལེན་དག་ཐུན་དུ་བཅད་ནས་ཉམས་སུ་ལེན་པའི་ལུགས་སྲོལ་བཟང་པོ་རེ་འཛུགས་ཐུབ་རྒྱུར་ཁྱེད་ཅག་དཔེ་ཆ་བ་ཡིན་ཟེར་མཁན་རྣམ་པས་ཀྱང་ཐུགས་ཁུར་རེ་བཞེས་དགོས།

འོན་ཀྱང་། ཁྱེད་རྣམ་པས་ཅི་མཛད་ཁྱེད་རྣམ་པས་དགོངས་དགོས་པ་རེད། ང་ལ་དེའི་ཐད་མང་པོ་ཞུ་རྒྱུ་མེད་ན་ཡང་། ང་རང་ལ་མཚོན་ན་ད་སྔོན་ཕྱོགས་ཡར་མར་མང་པོ་ལ་འགྲོ་བའི་སྐབས་སུ་མི་སྐྱ་ཕོ་མོ་དག་ལ་མཚམས་ལ་འདུག་རྒྱུ་སོགས་ལག་པ་བཀྱགས་ནས་ཁས་ལེན་དམ་བཅའ་བྱེད་དུ་འཇུག་གིན་ཡོད་ལ་ཁས་ལེན་བྱེད་མཁན་ཡང་མང་པོ་འདུག དཔེར་ན་ཁར་ཉིན་ཕར་ཕྱོགས་ཀྱི་པདྨ་རྫོང་ལྟ་བུར་མཚོན་ན་དམ་མཚམས་བྱས་ནས་གཉེན་པོ་སྟོབས་བཞིའི་སྒོ་ནས་ཡིག་བརྒྱ་འདོན་རྒྱུ་ཁས་ལེན་བྱེད་མཁན་ཡང་གཅིག་སྟོང་ཉིས་བརྒྱ་ལྷག་ཅིག་བྱུང་སོང་། ས་ཆ་གཞན་ནས་དམིགས་བསལ་བརྩིས་མེད་ན་ཡང་དེར་ཁོང་ཚོས་དེ་ལྟར་བརྩིས་འདུག རང་ངོས་ནས་ཀྱང་གང་ཐུབ་ཀྱིས་མི་སྐྱ་ཕོ་མོ་རྣམས་མཚམས་ལ་འདུག་རྒྱུའི་ལུགས་སྲོལ་འཛུགས་ཀྱིན་ཡོད། གཞན་གྱིས་ཀྱང་དེ་ལྟར་ངེས་པར་དགོས་ཀྱི་འདུག དཔྱིད་ཀ་དང་དབྱར་ཁ་སྟོན་ཀ་བཅས་སུ་ཁོམ་དཀའ་རྒྱུ་རེད་དེ། དགུན་ཁ་ཡུལ་འབྲོག་སུ་ཡིན་ཡང་ཅུང་ཟད་ལོང་ཁོམ་ཡོད་རྒྱུ་རེད།དེས་ན་མི་སྐྱ་ཕོ་མོ་ཚོས་བློ་ལྡོག་རྣམ་བཞི་དང་བདེ་བ་ཅན་གྱི་རྒྱུ་བཞི། གཉེན་པོ་སྟོབས་བཞི་སོགས་ཐུན་དུ་བཅད་དེ་རབ་ན་ཟླ་བ་གཅིག་གཉིས། དེ་ཙམ་མིན་ཡང་ཉི་མ་བཅུ་བཅོ་ལྔ་རེ་ཡིན་ན་ཡང་མཚམས་ལ་སྡད་ནས་ཐུན་གཅོད་རྒྱུའི་ལུགས་སྲོལ་རེ་ཨེ་ཚུགས་ལྟ་དགོས་ཀྱི་འདུག

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༥༡


མི་ཚེའི་རིན་ཐང་གི་ལྟ་བ།



ང་ཚོ་བླ་རྒན་དག་ཀྱང་མཚམས་ལ་འདུག་ཁ་མི་ཉན་ན་མི་སྐྱ་ཕོ་མོ་དག་འདུག་ཨེ་འོང་སྙམ་ན། ཁོང་ཚོ་མཚམས་ལ་འདུག་པར་མ་ཟད་ཁོང་ཚོའི་ཚོད་ཀྱིས་དགེ་བ་སྒྲུབ་གི ངོ་མ་བཤད་ན། བླ་མ་གྲྭ་པ་དེ་ཚོར་བཤད་རྒྱུ་དེ་ང་ལྟ་བུ་ཞིག་གིས་རྔ་མའི་ཞབས་ཀྱི་ཁ་གྲག་ཡིན་ས་རེད། ལོ་ལྔ་དྲུག་རེར་སོང་ཡང་འབྲས་བུ་ཅུང་ཟད་ཙམ་ཡང་སྨིན་རྒྱུ་མི་འདུག མི་སྐྱ་ཕོ་མོ་དག་ལ་ད་ལྟ་བཤད་ན་ད་ལྟ་སྒྲུབ་གྱིན་འདུག ཡ་གི་གསེར་རྟ་སྟོད་ན་ཡང་རྒན་འཁོག་གཉིས་ཀྱིས་གཅིག་གིས་ད་ཐེངས་ཁྱོད་མཚམས་ལ་སྡོད། རྗེས་ནས་ང་ཡང་འདུག་དགོས། ཁྱོད་ཀྱིས་ངའི་སྐུ་ཚབ་བྱས་ནས་མཚམས་ལ་འདུག་རྒྱུ་ཡོད་པ་མ་རེད་ཟེར་གྱི་འདུག་ཟེར།ཁོང་ཚོར་ལབ་རྒྱུ་དེ་གཞན་ལས་སླ་བ་འདུག སངས་རྒྱས་ཀྱིས་ནི། ཆོས་ཟབ་མོ་རྣམས་གྲྭ་པ་ཁོ་ནས་སྒྲུབ་དགོས། མི་སྐྱ་ཕོ་མོ་དག་གིས་སྒོར་རྡོག་ཁ་ཤས་རེ་ཡོད་ན་ཇོ་དར་ཁ་ཤས་རེ་དཔོར། བླ་མ་རེས་ཁྲོམ་དབང་རེ་སྐུར་གྱིན་འདུག་ན་དེར་སོང་ནས་ཁྲོམ་དབང་རེ་ཞུས། དེ་ལས་ལྷག་སྒོམ་རྒྱག་པ་སོགས་མི་དགོས་གསུངས་མེད་པར་སེམས་ཅན་ཐམས་ཅད་ཀྱིས་སྒྲུབ་དགོས་པར་གསུངས་ཡོད་ན་ཡང་། བན་རྒན་དག་གིས་མི་སྐྱ་ཕོ་མོ་དག་ལ་བློ་ལྡོག་རྣམ་པ་བཞི་ཙམ་ཡང་དྲང་ཚུགས་སུ་མ་བསླབས་པར་ཡོངས་རྫོགས་རང་གི་ལག་པར་བཟུང་ནས་བསྡད་ཡོད། ཡང་འགའ་ཞིག་གིས་ཐད་ཀར་མི་སྐྱ་ཕོ་མོ་དག་ལ་རྫོགས་ཆེན་སོགས་བཤད་ཀྱིན་ཡོད་ན་ཡང་། དེ་རིགས་སྔོན་འགྲོ་སོགས་ཀྱི་རྨང་གཞི་ལེགས་པར་མ་བཏང་ན་ཨེ་ཡོང་མི་ཤེས་ཀྱང་། བློ་ལྡོག་རྣམ་བཞི་ལྟ་བུ་འདི་རིགས་ནི་མི་སྐྱ་ཕོ་མོ་དག་གིས་ཀྱང་བསྒོམ་ཆོག་གི་རེད།

མི་སྐྱ་ཕོ་མོ་དག་གི་ངོས་ནས་ཀྱང་གྲྭ་པ་རྣམས་གྲོང་ཆོག་རྐྱང་པར་སྐད་བཏང་ནས་སྒྲུབ་པ་ཁོ་ན་འདོན་དུ་འཇུག་པ་འདི་དག་ཉུང་དུ་བཏང་ནས། སེམས་ཐོག་གི་དགེ་བ་ཚེ་ཕྱི་མ་ཐར་པའི་ལམ་དུ་འགྲོ་བའི་ཆོས་ཀྱི་རིགས་ཇེ་མང་དུ་གཏོང་དགོས་ཀྱི་འདུག

གཞི་རྩའི་ཆ་ནས་འཇིག་རྟེན་ཡང་དག་གི་ལྟ་བའམ། དེང་སང་གི་བཤད་སྟངས་ལྟར་ན་མི་ཚེའི་རིན་ཐང་གི་ལྟ་བ་ཟེར་བ་འདི་གལ་ཆེན་པོ་ཆགས་ཀྱི་ཡོད། དེས་ན་མི་ཚེའི་འཚོ་བ་སྐྱེལ་སྟངས་ཡན་ཆད་ལ་ཡང་དོན་དག་གང་ཡང་མེད་པར་སྒོར་མོ་མང་པོ་འགྲོ་བ་སྟག་གཟིག་གི་པགས་པ་ལྟ་བུ་མཚམས་བཞག་ཟིན་པ་བཞིན།དེ་དང་འདྲ་བ་གཡུ་བྱུ་རུ་ཆེན་པོ་འདོག་པ་དང་གསེར་ཐག་ཆེན་པོ་གྱོན་པ་སོགས་དང་། ཧོར་ཁོག་སོགས་ན་ཁ་ཤས་ཀྱིས་ཁྱིམ་ན་རྒྱུ་རྫས་གང་ཡང་མེད་བཞིན་གཅིག་སང་གི་ཁང་པའི་ཀ་བ་རེ་རེ་མི་གཅིག་གིས་འདོམས་ཀྱིས་མི་འཁྱུད་པ་ཞིག་འདུག་ཟེར་བ་ཞིག་བརྒྱབ་པར་གཞན་ཞིག་གིས་དེ་ལས་ཀྱང་ཆེ་རུ་བཏང་ནས་མི་གཉིས་ཀྱིས་འདོམས་ཀྱིས་མི་འཁྱུད་པ་ཞིག་བཟོ་བ་སོགས་ལྷ་ཁང་ནང་བཞིན་བྱེད་ཀྱི་ཡོད་ན་ཡང་། ན་ཉིན་ཐེངས་གཅིག་ས་ཡོམ་རྒྱུག་གི་རེད་ཟེར་བའི་གནས་ཚུལ་ཞིག་གོ་མ་ཐག་ཚང་མ་གཅིག་ཀྱང་ནང་དུ་འདུག་མ་ཕོད་པར་ཕྱི་ལ་ཐོན་འདུག དེ་དུས་ངས་དངོས་སུ་ལབ་པ་ཡིན། ཁང་པའི་ཀ་བ་ཅི་ཙམ་སྦོམ་ན་ཡང་འགག་ལ་ཐུག་དུས་ཚང་མ་སྒོ་རྩ་ན་ཉལ་དགོས་ཐུག་གི་ཡོད་པས་དོན་མེད་སར་ཁ་ཕོ་རུས་ཚད་ཁུལ་གྱིས་དོན་དག་མེད་པ་རྐྱང་རྐྱང་བྱས་ནས་བསྡད་པས་ཅི་ཕན། དེས་ན་ད་ནས་ནང་ཁུལ་ལ་ཁ་ཕོ་རུས་ཚད་རྒྱུ་འདི་རིགས་ཉུང་དུ་བཏང་ནས། ཁྱིམ་པ་དག་ལ་མཚོན་ན་རྒྱུ་ཟས་ཅུང་ཟད་ཡོད་པ་དེ་དང་པོ་ཟ་རྒྱུ་གྱོན་རྒྱུ་འདངས་ངེས་དང་། གཉིས་པ་ཆེས་གལ་ཆེ་ཤོས་དེ་བྱིས་པ་དག་སློབ་གྲྭར་ཡི་གེ་འདོན་པའི་སློབ་ཡོན་དུ་གཏོང་རྒྱུ། གསུམ་པ་དེས་ཆོས་ཅུང་ཟད་སྒྲུབ་ན་ཡང་འགྲིག་གི་རེད།

ཡང་འགའ་རེས་བསམ་ན། རྗེ་བཙུན་མི་ལ་རས་པས། ལྟོ་ཁ་ནས་བྲུས་ལ་སྦྱིན་པ་ཐོངས། །གསུངས་པ་མ་རེད་དམ། ཆོས་སྒྲུབ་རྒྱུ་དེ་ཨང་དང་པོ་ཡིན་རྒྱུ་རེད་བསམ་ན་ཐང་སྟེ། རྗེ་བཙུན་མི་ལ་ལྟ་བུ་ལ་མཚོན་ན་དེ་འདྲ་ཡིན་ན་ཡང་ཚང་མས་དེ་ལྟར་ཐུབ་གྱི་མ་རེད། མི་སྐྱ་ཕོ་མོ་དག་གི་རྒྱུ་རྫས་ཀྱིས་དགེ་བ་བསྒྲུབས་ན་ཡང་ཆེན་པོ་ཞིག་འགྲུབ་ཀྱི་མ་རེད་ལ། སྤྱིར་ཡང་རྒྱུ་རྫས་ཟེར་བ་དེ་གཙོ་བོ་འཇིག་རྟེན་སྒྲུབ་སྤྱད་ཅིག་རེད། དེ་བས་དགེ་བ་གཙོ་བོ་སེམས་ཀྱིས་སྒྲུབ་དགོས་པ་ཡིན་པས་ཁོང་དག་གིས་ཀྱང་ཉམས་ལེན་རེ་བྱས། རྒྱུ་རྫས་རྣམས་གཙོ་བོ་བུ་རྒྱུད་དག་སློབ་གྲྭར་འགྲོ་བའི་སློབ་ཡོན་དང་། རིག་གནས་སྦྱོང་བའི་དམིགས་རྟེན་དུ་སྤྱད་པ་ཡིན་ན་ད་གཟོད། བོད་པ་ཚོ་ཆོས་འཇིག་རྟེན་གཉིས་ཆར་གྱི་ཆ་ནས་མི་གྲལ་ཏུ་མགོ་མཐོ་མཐོ་བྱས་ནས་འགྲོ་ཆོག་མཁན་ཞིག་ཆགས་རྒྱུ་རེད། དེས་ན་ཕན་ཐོགས་མེད་པའི་ལས་ཀའི་རིགས་སྤོང་རྒྱུ་དང་། སློབ་གྲྭར་འགྲོ་བ་ལ་རྒྱལ་ཁབ་ཀྱི་སློབ་གྲྭ་ཡིན་ཡང་འགྲོ་དགོས་པའི་སློབ་གསོ་བྱེད་དགོས།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༥༢

འབྲོག་པའི་སྐྱེས་པ་ཉིན་གུང་ཉལ།



རོང་པ་ཅུང་དྲག་པ་ལས་འབྲོག་པ་ལྟ་བུར་མཚོན་ན་སྐྱེས་པ་དག་གིས་ལས་ཀ་མི་བྱེད་པ་དེ་གང་དུ་སོང་ཡང་གཅིག་པ་རེད། ཉིན་དཀྱིལ་དུ་སླེབས་ཀྱང་ད་དུང་དབོ་ལུགས་མར་སླས་མཐའ་ནས་གཅིན་རེ་བཏང་ཏེ་ཡར་སོང་ནས་ཉལ་འདུག་པ་རེད། ལྗག་ཐལ་མ་སྡེ་པའི་བན་ཆུང་ཞིག་གིས་ང་ལ། ཁྱེད་ཚོ་མལ་སྐོར་མའི་རྒད་པོ་རྣམས་གོ་ཁ་ན་ཡར་ལོག་ནས་སྙི་སྦྲང་རེ་ཟོས། སྐྱེས་སྨན་ལ་རེ་རྡུང་ནས་འདུག་གི་རེད་ཟེར། རྗེས་མ་བན་ཆུང་གི་དགེ་རྒན་གྱིས། ཁྱོད་ཕར་ཕྱོགས་ལ་སོང་ནས་དེ་འདྲ་རྐྱང་རྐྱང་བཤད་པ་གང་མིན་ཚད་རེད་ཟེར་ནས་བན་ཆུང་ལ་རྡུང་འདུག གཅིག་བྱས་ན་དགེ་རྒན་ཡང་དེའི་གྲབ་ན་ཡོད་ན་ཐང་། ངོ་མ་བཤད་ན་རྡུང་རྒྱུ་གང་ཡང་ཡོད་པ་མ་རེད། ཁོ་རང་གིས་བཤད་པ་དེ་བདེན་པ་རེད། ཁོས་བཤད་པ་ནང་བཞིན་འབྲོག་པའི་རྒད་པོ་དེ་དག་གིས་སྒོར་རྡོག་རེ་དགོས་མཁོ་བྱུང་ན་གཡག་རྒན་རེ་གཤས་ཚོང་བྱས་ཏེ། དེ་ལྟར་ཉལ་ནས་འདུག་གི་རེད། དེ་ལྟར་ན་ད་ནས་མི་སྐྱ་དག་གིས་ལས་ཀ་གཏན་ནས་མི་ལས་པར་འདུག་རྒྱུ་དེ་རིགས་མེད་པ་བྱེདདགོས། དེས་ན་དེ་འདྲའི་རིགས་དེ་དག་ལ་བླང་དོར་ཇི་ལྟར་བྱེད་དགོས་པ་སོགས་ང་ཚོས་གོ་བརྡ་སྤྲོད་དགོས་ཀྱི་འདུག་མ་གཏོགས། མི་སྐྱ་ཕོ་མོ་དག་གི་ངོས་ནས་ཆོས་འཇིག་རྟེན་གྱི་ཕྱོགས་གང་ཡང་ཤེས་ཀྱི་མེད་པ་རེད། སློབ་གྲྭ་སོགས་སུ་ཡོད་པའི་མི་སྐྱ་ཉུང་ཤས་ཞིག་གིས་ཅུང་ཟད་ཤེས་ན་ཡང་ཁོང་ཚོ་འགའ་རེས་རིག་གསར་ནང་བཞིན་གཡོན་དུ་ལྷུང་ནས། རྙིང་པ་ཡོངས་རྫོགས་མེད་པ་བཟོ་དགོས། ཆོས་ཀྱང་མི་དགོས་ཟེར་གྱི་ཡོད་པ་རེད། འདིའི་ཐད་གོ་རྒྱ་ཐོས་རྒྱ་སོགས་མི་སྐྱ་ཕོ་མོ་རྣམས་ལས་བནྡེ་རྣམས་བཟང་བ་འདུག་པས་བནྡེ་རྣམས་ཀྱིས་སློབ་གསོ་ལེགས་པོ་རེ་བརྒྱབ་ནས་ལམ་ལ་བཞག་པ་ཡིན་ན། སྤྱི་ཚོགས་དང་མཐུན་པ། མདུན་ལམ་ཡོད་པ། མིག་རྒྱང་རིང་པོ། རང་ལ་ཡང་ལྟ་གྲུབ་ཡོད་པ་སོགས་ཆོས་འཇིག་རྟེན་གཉིས་ཆར་ནས་མདུན་ལམ་ཡོད་པ་ཆགས་ཀྱི་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༥༣

ཆོས་དང་འཇིག་རྟེན་གཉིས་ཀ་དགོས།






མ་གཞི་འཇིག་རྟེན་གྱི་ཐོག་ནས་ཡག་པོ་ཞིག་ཡོང་མ་ཐུབ་ན་ཆོས་ཀྱང་ཡག་པོ་ཞིག་གཏན་ནས་ཡོང་གི་མ་རེད། དེ་ཡང་མི་སྒེར་གྱི་དབང་དུ་བྱས་ན་རྗེ་བཙུན་མི་ལ་རས་པ་ནང་བཞིན་བྱས་ནས་འཇིག་རྟེན་རྒྱབ་ཏུ་གཡུགས་བཞག་པ་ཡིན་ན་ཡག་ཤོས་རེད་དེ། བོད་ཟེར་དུས་མི་གཅིག་དང་ཁྱིམ་ཚང་གཅིག་ཙམ་མ་ཡིན་པར་སྤྱི་ཚོགས་ཆེན་པོ་ཞིག་ཡིན་དུས་ཆོས་དང་འཇིག་རྟེན་གཉིས་ཀ་དགོས་པ་རེད། དེས་ན་ཐམས་ཅད་ཀྱིས་དེ་ལྟར་ནུས་ཤུགས་སྒྲིམ་དགོས་པ་རེད།

ངས་གང་བཤད་པ་དེ་སྔོན་གྱི་བཀའ་གདམས་གོང་མ་རྣམས་བཞིན་ཚེ་འདི་ལ་འཁྲི་བ་སྤངས་ནས་དབེན་པར་ཉམས་སུ་ལེན་མཁན་ཞིག་ལ་ཞུ་གི་མེད། དེ་ཙམ་མི་ནུས་པའི་དཔེ་ཆ་སློབ་གཉེར་བ་དག་གིས་འདིའི་སྐོར་ཅུང་ཟད་ཤེས་དགོས་ཀྱི་འདུག་སྙམ་པ་ཡིན། ཡིན་ན་ཡང་། དཔེ་ཆ་ལ་ཆེད་ལས་བྱེད་མཁན་མེད་པར་མི་སྐྱ་ཕོ་མོ་ལ་སློབ་གསོ་ཙམ་ལས་ལུང་དང་རིགས་པའི་དཀའ་སར་ཐུག་དུས་ལབ་རྒྱུ་མེད་སོང་བ་ཡིན་ན་དེ་སྙིང་པོ་ཉམས་པའི་རྟགས་ཡིན་པས་ཁོང་ཚོར་མཚོན་ན་གཙོ་བོ་དེ་དཔེ་ཆ་ལྟ་རྒྱུ་རང་རེད། དེས་ན་སྐབས་འདིར་གཙོ་བོ་གོ་དགོས་མཁན་དེ་དགོན་དཔོན་གྱི་བླ་མ། སྡེ་ཡུལ་དགོན་གཉིས་ཀྱི་བདག་པོ་ཡིན་ཟེར་མཁན་དག་ཡིན། དེ་དག་གིས་མང་ཚོགས་ཀྱི་མགོ་དཔོན་མི་དཔོན་ལྷ་དཔོན་གཉིས་ཀ་ཡིན་ཟེར་གྱི་ཡོད་དུས་ངེས་པར་དུ་འདི་རིགས་ལ་འགན་འཁྱེར་དགོས་ཀྱི་ཡོད་པ་རེད།

དེང་སང་སྤྱི་ཚོགས་ཀྱི་ཐོག་ཏུ་ལས་ཀ་གང་བྱས་ཀྱང་ལས་བགོས་བྱས་ནས་ལས་ཀ་བྱེད་ཀྱི་ཡོད་ཅིང་།ལས་བགོས་བྱས་ན་ལས་ཀ་གང་ཡིན་ཡང་ཡག་པོ་འགྲུབ་ཀྱི་ཡོད་པ་དེ་སྤྱི་ཚོགས་ཀྱི་འགྲོ་ལུགས་ཡིན་པ་རེད། ང་ཚོས་ཀྱང་དཔེ་ཆ་ལྟ་མཁན་གྱིས་དཔེ་ཆ་ལྟས། ཉམས་ལེན་བྱེད་མཁན་གྱིས་ཉམས་ལེན་བྱས། མི་སྐྱ་ཕོ་མོ་ལ་སློབ་སྟོན་བྱེད་མཁན་གྱིས་སློབ་སྟོན་སོགས་ཀྱི་ལས་ཀ་བྱས་པ་ཡིན་ན་བྱ་བ་གང་སྒྲུབ་དགོས་པ་དག་ཀྱང་འགྲུབ། ལུང་རིགས་ལ་མཁས་པའི་ཆེད་ལས་པའང་ཡོད་པ་ཞིག་ཏུ་འགྱུར་རྒྱུ་རེད་ལ། དེ་ལྟར་བྱུང་བ་ཡིན་ན་སྙིགས་མའི་དུས་འདིར་ཡང་སེམས་ཅན་མང་པོ་ལ་བསྟེན་ནས་ཕན་པ་རྒྱ་ཆེན་པོ་འབྱུང་གི་རེད། ལར་ང་ཚོས་སྙིགས་མའི་དུས་སྙིགས་མའི་དུས་ཟེར་བ་རེད་དེ། དེ་ཡང་མཐར་གཏུགས་ན་། སྙིགས་མའི་དུས་ཡིན་པས་དཀའ་མོ་རེད་ཟེར་ནས་མི་བརྩོན་པ་མ་གཏོགས་བརྩོན་པ་ཡིན་ན་མ་མཐའ་ཡང་སེམས་ཅན་གཅིག་གི་རྣ་བའི་ནང་སངས་རྒྱས་མཚན་ཙམ་བརྗོད་པ་དང་། སེམས་ཅན་གཅིག་གི་རྒྱུད་ལ་སྐྱབས་འགྲོའི་སྡོམ་པ་ཙམ་ཞིག་སྐྱེ་བའི་བདག་རྐྱེན་བྱས་ན་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་རེད། དེ་འདྲ་ཡན་ཆད་ལ་ཡང་བསམ་བློ་རེ་བཏང་ན་སྙིགས་མའི་དུས་ཡིན་ཡང་སྒྲུབ་ཐུབ་པ་མང་པོ་ཡོད་པ་རེད། དེ་ལྟར་བསྒྲུབས་པ་ཡིན་ན་སྟོན་པ་སངས་རྒྱས་ནས་རྩ་བའི་བླ་མའི་བར་གྱི་ཐུགས་དགོངས་རྫོགས་པར་འགྱུར་བས་མི་བརྩོན་དུ་ཡང་མི་རུང་།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༥༤

ཡུལ་ཤུལ་ས་ཡོམ་གྱིས་ཐོབ་པའི་བསླབ་བྱ།



དེ་བཞིན་མི་མང་ལ་དཀའ་ངལ་འཕྲད་པའི་སྐབས་སུ་རོགས་སྐྱོར་བྱེད་དགོས། དཔེར་ན། ད་ལོ་ཡུལ་ཤུལ་ས་ཡོམ་ལྟ་བུར་མཚོན་ན་གསར་འགོད་པ་དེ་ཚོས། གལ་ཏེ་ད་ལོའི་ས་ཡོམ་སྐབས་ཀྱི་རོགས་སྐྱོར་མཚོན་པའི་རི་མོ་ཞིག་འབྲི་དགོས་པ་ཡིན་ན། ཚོན་མདོག་དམར་པོ་ཞིག་དང་། སེར་པོ་ཞིག་དང། ལྗང་གུ་ཞིག་སྟེ་གསུམ་གྱིས་འབྲི་དགོས་པ་འདུག་ཟེར་གྱི་ཡོད་པ་རེད། དེ་ཡང་། དམར་པོ་ཟེར་བ་ནི་དགེ་འདུན་པ་རེད། ལྗང་གུ་ནི་རྒྱལ་ཁབ་ཀྱི་དམག་དང་། སེར་པོ་ནི་མེ་གསོད་རུ་ཁག་ལ་ཟེར་གྱི་ཡོད་པ་རེད།

དེ་དང་འདྲ་བར་མང་ཚོགས་ལ་ས་ཡོམ་ཆུ་ལོག་གངས་སྐྱོན་སོགས་ཀྱི་དཀའ་ངལ་ནམ་འཕྲད་པ་ཡིན་ན་ཚང་མ་སོང་ནས་རོགས་སྐྱོར་བྱེད་དགོས། དེ་ཡང་ལ་ལ་སོང་ནས་མང་ཚོགས་ལ་སེམས་གསོ་བྱེད་པ་དང་། ལ་ལ་མི་ཤི་ཡོད་པ་ལྟ་བུ་ཡིན་ན་དེ་ལ་དགེ་སྒྲུབ་བྱེད་རོགས་དང་། ལ་ལ་མང་ཚོགས་ཀྱི་ནང་དུ་སོང་ནས་སྐུལ་སློང་བྱས་ཏེ་ཞལ་འདེབས་བསྡུ་སློང་དང། ལ་ལ་དཀའ་ངལ་འཕྲད་སའི་ཡུལ་ས་རང་ལ་སོང་ནས་ལས་ཀ་ལས་རོགས་བྱེད་རྒྱུ་སོགས་ཀྱི་ཐོག་ནས་རོགས་པ་བྱེད་དགོས།

འདི་ཡང་མང་ཚོགས་ཀྱི་སེམས་དགའ་སྤྱད་ཙམ་མིན་པར་ཐེག་པ་ཆེན་པོའི་ཉམས་ལེན་རེད། དེ་ཡང་བྱང་སའི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་རྣམ་གྲངས་བཅུ་གཅིག་བཤད་པ་ཚང་མ་ཡང་སེམས་ཅན་སེམས་ནད་ཅན་ལ་སེམས་གསོ་བྱ་རྒྱུ་དང་དཀའ་ངལ་ཅན་ལ་རོགས་པ་བྱེད་པ་སོགས་འདི་འདྲའི་རིགས་ཤ་སྟག་རེད།

ལས་དོན་སྒྲུབ་པའི་སྐབས་སུ་ཡང་། སྒྲིག་ཁྲིམས་ཡོད་པ། མགོ་རྔ་ཡོད་པ་དེ་འདྲ་ཡང་དགོས་ངེས་རེད།ད་ལོ་ཡུལ་ཤུལ་ས་ཡོམ་གྱི་སྐབས་ལྟ་བུར་མཚོན་ན་དགེ་འདུན་པ་དེ་དག་སོང་ནས་རོགས་སྐྱོར་རྒྱ་ཆེན་པོ་གནང་བ་རེད་དེ། རླངས་འཁོར་སྒང་ནས་ཟས་རིགས་སོགས་མང་ཚོགས་ལ་ཁྱི་ལ་འཕེན་པ་ནང་བཞིན་འཕངས་ཏེ། དེ་ལ་མི་མང་གི་འཕྲོག་རེས་བྱས་པ་སོགས་ཤུགས་རྐྱེན་རྩོག་པ་ཡང་ཅུང་ཟད་རེ་ཐེབས་ཡོད།དེ་ཡང་ཆེད་དུ་ནི་མ་རེད། དགེ་འདུན་པ་རྣམ་པར་ཡང་ཐུགས་ཁག་ཡོད་པ་མ་རེད་མོད། འདི་རིགས་ཀྱི་སྐབས་སུ་འཛམ་བུ་གླིང་གཅིག་གི་མིག་དུང་ཕྱུར་མང་པོ་ཞིག་གིས་དེ་ལ་ལྟས་བསྡད་ཡོད་པའི་སྐབས་ཡིན་སྟབས་ད་ཕན་ཆོད་འདི་འདྲའི་རིགས་ལ་བྱ་བ་སྤྱོད་པ་དང་རྣམ་འགྱུར་གང་གི་ཐད་ནས་ཀྱང་སྔར་ལས་ལྷག་པའི་བཟབ་བཟབ་དགོས་པ་རེད། དེས་ན་རྗེས་མ་ཡང་དཀའ་ངལ་དང་འཕྲད་པའི་སྐབས་མི་དམངས་ཚོགས་ལ་རོགས་སྐྱོར་བྱ་རྒྱུ་དེ། སངས་རྒྱས་ཀྱི་བཀའ། བླ་མ་གོང་མ་རྣམ་པའི་གསུང་། ང་ཚོས་ཉིན་རྟག་པར་ལེན་བཞིན་ཡོད་པའི་བྱང་སེམས་ཀྱི་སྡོམ་པ་བཅས་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༥༥

ཁོར་ཡུག་གཅེས་སྐྱོང་དང་གཙང་སྦྲ་འཕྲོད་བསྟེན།



དེ་བཞིན་ནད་པ་ཉམ་ཐག་དེ་འདྲ་སྨན་ཁང་དུ་སྐྱེལ་བ་དང། སློབ་གྲྭར་འགྲོ་སྤྱད་མི་ལོན་མཁན་སོགས་ལ་དགོན་པ་ཆ་རྐྱེན་ཅུང་ཡོད་མཁན་དག་གིས་རྩ་འཛུགས་ཀྱིས་རོགས་སྐྱོར་བྱ་རྒྱུ་དང་། གཙང་སྦྲ་འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ཡང་དགེ་འདུན་པ་རང་ངོས་ནས་སློབ་སྦྱོང་དང་ལག་ལེན་བྱས་ནས་དེ་ནས་མང་ཚོགས་ལ་བསླབ་དགོས། དེ་ཡང་འཕྲོད་བསྟེན་ཟེར་ན་ཟ་མ་འདྲ་མིན་མི་ཟ་རྒྱུ་དང་། ལུས་པོ་ཡང་མ་ན་གོང་ནས་བརྟག་དཔྱད་རེ་བྱ་རྒྱུ། ན་དུས་སུ་ཡང་ང་ཚོ་བོད་པས་ལོག་མ་སོང་གི་བར་དུ་སྨན་པ་མི་སྟོན་པར་འདུག་པའི་དབང་གིས་ལོ་ཉུང་མང་པོ་ཞིག་འཆི་བཞིན་ཡོད་པ་ལྟ་བུ་དེ་རིགས་མི་བྱེད་པར་སྨན་པར་སྟོན་རྒྱུ་སོགས་བསླབ་དགོས།

དེ་ཡང། དལ་འབྱོར་གྱི་མི་ལུས་ཟེར་བ་འདི་ལན་གཅིག་ལས་ཨེ་ལོན་གོ་གི་མ་རེད། ལན་གཅིག་པོའི་སྐབས་འདིར་དགེ་བ་ཅུང་ཟད་རེ་འགྲུབ་ན་མ་ན་ན་དགའ་གི་རེད། དེ་ཡང་དབུ་མ་བཞི་བརྒྱ་པའི་ནང་དུ།

ལུས་ནི་དགྲ་ལྟར་མཐོང་མོད་ཀྱི། །

དེ་ལྟ་ན་ཡང་དེ་བསྲུང་བྱ། །

ཞེས་ལུས་འདི་ཅི་ཙམ་གཅེས་པར་བསྐྱངས་ཀྱང་ན་བ་དང་རྒ་བ་སོགས་ཚུར་ཚུར་ཉེ་བར་འགྱུར་བས་དགྲ་ལྟ་བུ་ཞིག་ཡིན་ཡང་དེ་གཅེས་སྐྱོང་བྱེད་དགོས་པར་གསུངས་ཤིང། དེའི་རྒྱུ་མཚན་ཡང་།

ཁྲིམས་ལྡན་ཡུན་རིང་འཚོ་བས་ནི།།

དེ་བས་བསོད་ནམས་ཆེན་པོ་བྱེད།།

ཅེས་གསུངས་པ་རེད། མི་སྐྱ་ཕོ་མོ་རྣམས་ལ་ཡང་སྐྱབས་འགྲོ་དང་དགེ་བསྙེན་སོགས་ཀྱི་ཚུལ་ཁྲིམས་ཡོད་པ་ཡིན་དུས་ཚེ་རིང་ན་བསོད་ནམས་ཐོབ་ནི་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༥༦

གློག་རྫས་རྐང་གཅིག་གི་མཇུག་འབྲས།



དེ་བཞིན། ཁོར་ཡུག་གི་ཐད་ནས་ཀྱང་གཏེར་ཁ་དང་ཤིང་ནགས་སོགས་རང་གིས་གཏོར་བརླག་མི་བྱེད་ཅིང་། གཞན་ལ་བྱེད་དུ་མི་འཇུག་པ་སོགས་ལ་གོ་རྟོགས་ཡོད་པ་བྱེད་དགོས། ཁྲིམས་ལས་བརྒལ་སོང་ན་ཡང་འགྲིག་གི་མ་རེད། དེས་ན་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་སོགས་ལ་ཡང་སློབ་སྦྱོང་ཅུང་ཟད་རེ་བྱེད་དགོས།

ལར་ཁོར་ཡུག་སྲུང་སྐྱོབ་ཟེར་བ་དེ་རི་མགོ་ཞིག་གཏོར་བརླག་མི་བྱེད་པ་རྐྱང་པ་ཞིག་ཀྱང་མ་རེད།དེ་ཡང་དཔེར་ན་ང་ཚོའི་ལག་གློག་གི་ནང་ལ་འཇུག་རྒྱུའི་གློག་རྫས་འདི་རྐང་གཅིག་ཙམ་ཆུ་ནང་ཞིག་ཏུ་གཡུགས་པ་ཡིན་ན་དེའི་ནང་གི་དངུལ་ཆུའི་དུག་གིས་མི་གཅིག་གིས་མི་ཚེ་གང་ལ་འཐུང་རྒྱུའི་མང་ཉུང་གི་འཐུང་ཆུ་གློག་རྫས་རྐང་གཅིག་དེས་རྫོད་བཞག་གི་རེད། རྫོད་ཟེར་ན། དུས་དེ་ནས་བཟུང་ས་ཆ་དེའི་མི་སུ་ཞིག་གི་ཆུ་དེ་འཐུང་ན་ངན་སྲན་ ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་སྔ་མ་དག་ཏུ་ངན་འབྲས་ཞེས་བྲིས་ཡོད་ཀྱང་། རྒྱུན་བཀོལ་མིང་མཛོད་དུ་ངན་འབྲས་སུ་ཕབ་པ་སྟེ། རྒྱ་སྐད་དུ་ཨའི་ཀྲིན་ཞེས་འབོད སོགས་ཀྱི་ནད་བསྐྱེད་ཅིང་། ཕྲུ་གུ་དག་ཀྱང་ནད་པ་དང་དབང་པོ་མི་ཚང་བ་དང་རྐང་ལག་མང་པོ་ཅན་དང་། མགོ་དང་ལུས་པོ་ཆེ་ཆུང་མི་འཚམས་པ་སོགས་སྐྱེ་གི་རེད། དེས་ན་ང་ཚོའི་དགོན་པ་དང་ཡུལ་སྡེ་ཚང་མ་མི་རབས་ནས་མི་རབས་ཀྱི་བར་དུ་འདུག་དགོས་པ་ཡིན་སྟབས། གློག་རྫས་དང་ཆུ་ཤོག་སོགས་ཀྱི་རིགས་འདི་དག་ཕྱོགས་གཅིག་བསྡུས་ནས་གཙང་མ་བཟོ་རྒྱུ་སོགས་མང་ཚོགས་ལ་གོ་བརྡ་སྤྲོད་དགོས།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

条目: 133 - 144 共 161

ངེད་དྲ་ཚིགས་ལ་ཕེབས་པར་དགའ་བསུ་བྱེད

བོད་ཀྱི་ལོ་རྒྱས་དང་རིག་གནས་ནི་་ཆས་ཕུན་སུམ་ཚོགས་པའི་འཛམ་གླིང་གི་ནོར་བུ་ལྟ་བུ་ཡིན།

 

གསར་འགྱུར།

2009-11-21 19:25

ཚན་རྩལ།

  བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སི་ནི་བོད་རང་སྐྱོང་ལྗོངས་ཚན་རྩལ་ རྣམ་པའི་ཁེ་ལས་ཤིག་ཡིན་ལ།ཀུང་སིའི་ཁོངས་མི་དག་ཡང་ཆེད་ལས་ལག་རྩལ་རྩེར་སོན་པ་དང་ མི་རིགས་དང་རིག་གནས་ལ་བློ་དཀར་ཞིང་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པའི་འདུ་ཤེས་ཟབ་པས།  རྒྱུན་དུ་བོད་ཡིག་མཉེན་ཆས་གསར་སྤེལ་དང་།བོད་ཡིག་གློག་རྡུལ་ཐོན་ར
2009-11-21 17:17

བརྡ་སྤྱོར།

  དུས་རབས་གསར་བའི་ནང་དུ་འཛམ་གླིང་གི་རྒྱལ་ཁབ་མང་པོ་དང་། མི་རིག་མང་པོས་རང་རང་གི་མཐུན་མིན་རིག་གནས་བདག་དམ་དང་འཕེལ་རྒྱས་སུ་གཏོང་ཅི་ཐུབ་བྱེད་པའི་སྒང་འདིར་ང་ཚོས་ཀྱང་ཕྱི་རུ་ངོམས་རིན་ཡོད་པ་དང་། གོང་དུ་སྤེལ་ལུགས་ཡོད་པའི་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་ཞིག་སྟེ། རྩམ་དྲི་དང་འོ་དྲི་མ་ཡལ་བའི
2009-11-10 15:06

༼ གངས་རྒྱན་ཞོགས་གླང ༽སྙན་ངག་གྱེར་འདོན།

གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པའི་.pptx (553,2 kB)
2009-11-04 18:40

གསར་འགྱུར

crdb.webnode.comངེད་དྲ་ཚིགས་ནི་བོད་མི་རིགས་ལ་ཞབས་ཞུ་ཁོ་ན་སྒྲྲིབས་པའི་ན་གཞོན་འགའ་ཡིན།ཁྱེད་ཀྱིས་རང་མི་རིགས་ ལ་ཞབས་ཞུ་ཞིག་སྒྲིབས་དགོས་འདོད་ཡོད་དམ།
2009-11-03 04:11

དྲ་ཚིག་གི་གནས་ཚུལ་སྤེལ་བ།

༢༠༠༨ལོར་ང་ཚོའི་མགོ་ལོག་ས་ཁུལ་སྐབས་དང་བོའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲན་རྩོལ་བྱ་འགུལ་སྤེལ།ད་ལོའི་འཆར་གཞི་ལ་༢༠༠༩ལོའི་ཟླ་༡༡པའི་ཚེས་༡༤ཉིན༼གངས་རྒྱན་ཞོགས་གླིང༽ཞིས་པའི་ཁུལ་ཡོངས་ཀྱི་སྙན་ངག་གྱེར་འདོན་དང་༢༠༠༩ལོའི་ཟླ་༡༡པའི་ཚེས་༢༨ཉིན་ཁུལ་ཡོངས་ཀྱི་སྐབས་གཉིས་བའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲ

站内搜索

联系人

ཉི་མའི་བུ་རྒྱུད ཆེས་མཐའ་མཇུག་གི་གཙང་ས། རྨ་ཡུལ་མཐོང་བ་ཀུན་སྨོན། 13897556557


གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་
གྱི་ཚིག་མཛོད་ཆེན་མོ།

www.tibettl.com/blog/
བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སིས་གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་སློབ་སྦྱོང་འཕྲུལ་ ཆས་2009ལོའི་ཟླ་10བའི་ཚེས་5ཉིན་ཚོང་རྭར་དགྲམ་རྒྱུ་ཡིན་པས།རྣམ་པ་ལྷན་རྒྱས་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་མངགས་ཉོ་གནང་བར་ཐུགས་རྗེ་ཞུའོ།

民意调查

གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་ཆེན་མོ།

ཧ་ཅང་བཟང་པོ་འདུག (59)
53%

བཟང་རྒྱུ་མེད། (53)
47%

总票数: 112