འདི་ན་་ཤེས་རིག་གི་འོད་སྟོང་འབར་ཞིང་ཞི་བདེ་ཡིས་དར་ཆ་སྒྲེང་ཡོད

Photo Gallery: 主页

/album/photo%20gallery%3a%20%e4%b8%bb%e9%a1%b5/a7216888581-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a41538676037-gif/
/album/photo%20gallery%3a%20%e4%b8%bb%e9%a1%b5/a55a0dd809f39f1936d81196a-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a92054217948-jpg/

སྐད་དང་ཡི་གེ

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༣༢

(2)ན་གཞོན་གྱི་སློབ་གསོ།



ནུས་པ་མེད་པའི་མི་གཅིག་ཀྱང་མེད།

གཉིས་པ་ན་གཞོན་གྱི་སློབ་གསོའི་སྐོར་ནས་བཤད་ན། དེང་སང་ཁམས་ཕྱོགས་འདིར་རྙིང་དགོན་གཙོ་བོར་གྱུར་པའི་དགོན་པ་མང་པོའི་ནང་དུ་དུས་མཆོད་ཀྱི་སྐབས་མ་གཏོགས་གྲྭ་ཁང་ཚང་མ་ལ་སྒོ་ཟྭ་ཆེ་ཐག་ཆོད་རེ་བརྒྱབ་ནས། གྲོང་ཆོག་ཏུ་འགྲོ་མཁན་གྲོང་ཆོག་ཏུ་སོང་། འཕྲུལ་རྟ་བཞོན་ནས་འཁྱམ་མཁན་དག་འཕྲུལ་རྟ་བཞོན་ནས་འཁྱམས་ཟིན་པས་ནམ་རྒྱུན་དགོན་ནང་དུ་མགོན་བླ་རེ་ལས་བཞུགས་མཁན་ཆེར་མེད།དབུས་གཙང་གི་ཕྱོགས་སུ་ནི་དགོན་པ་ཆེ་ཤོས་སེར་འབྲས་དགའ་གསུམ་ལྟ་བུ་ལའང་གྲྭ་པ་སུམ་བརྒྱ་བཞི་བརྒྱ་ཙམ་རེ་དང། དགོན་པ་ཆུང་འབྲིང་རྣམས་ཀྱི་ནང་དུ་གྲྭ་པ་བཅུ་ཉི་ཤུ་ཙམ་ལས་སྡོད་མི་ཆོག དཔེར་ན།རྡོར་སྨིན་དཔལ་གསུམ་ལྟ་བུ་ལ་ཡང་བནྡེ་ཉི་ཤུ་ཙམ་རེ་ལས་ཡོད་མི་ཆོག་པར་རྒྱལ་ཁབ་ཀྱིས་ཧ་ལམ་ཉི་མ་ཁ་ཤས་རེའི་ནང་རེ་རེ་ལྟས་ནས་ལྷག་མ་ཡོད་ན་མར་འཕུད་ཀྱིན་ཡོད། མངའ་རིས་ན་དགོན་པ་སུམ་ཅུ་ནང་ཞིག་འདུག མང་ཆེ་བ་བཀའ་བརྒྱུད་ཀྱི་དགོན་པ་རེད་དེ། བཤད་གྲྭ་ཡོད་སའི་དགོན་པ་གཅིག་ཀྱང་ཡོད་པ་མ་རེད། གཞན་དག་ཀྱང་དེ་དང་གཅིག་མཚུངས་རེད།

བཤད་གྲྭ་དང་སྒྲུབ་གྲྭ་མེད་པའི་དགོན་པ་དེ་དག་གི་ནང་དུ་གྲྭ་པ་ཉུང་ཤོས་རེ་ཡོད་ཀྱང་བསྙེན་སྒྲུབ་ཕྲན་ཚེགས་རེ་བྱེད་ཅིང་རང་གར་བཞུགས་པ་ལས་སྤོང་ཀློག་ཆ་ཚང་ཞིག་ལ་བརྩོན་པའི་སྐལ་བ་མི་རྙེད།སྙེན་སྒྲུབ་རེ་བྱེད་ན་ཡང་གནའ་ནས་བླ་མ་རེ་བསྟེན་མྱོང་མཁན་གྱི་བླ་རྒན་རེ་ཡིན་ན་མ་གཏོགས།ཕལ་མོ་ཆེ་ནི་མི་སྐྱ་ཕོ་མོ་རྣམས་ཀྱིས་མ་ཎི་འདོན་པ་དང་ཧ་ལམ་གཅིག་པ་ཆགས་ཀྱི་ཡོད། བསྐྱེད་རིམ་དང་རྫོགས་རིམ་གང་ཡང་མེད་ན་ཅི་ཞིག་བསྙེན་ཅིང་ཅི་ཞིག་སྒྲུབ། ཁོང་ཚོར་དམ་པའི་ཆོས་ཀྱི་སློབ་གསོ་མ་ཐོབ་པས་གྲྭ་པའི་ཡོན་ཚད་ཞན་པར་གྱུར་པ་འདི་མངོན་སུམ་ཚད་མ་རེད། དེ་ལྟར་བཤད་སྒྲུབ་མེད་པའི་སྟབས་ཀྱིས་བསྟན་པ་ཡང་གཟུགས་བརྙན་ཙམ་དུ་གྱུར་འདུག དགོན་པ་ཕལ་མོ་ཆེར་བཅའ་འབུད་རྡུང་གསུམ་ཙམ་རེ་ཡོད་ན་ཡང་དེ་ནི་ལུང་དང་རྟོགས་པའི་བསྟན་པ་གང་གི་ཕྱོགས་སུ་གཏོགས། ལུང་ནི་ཆོས་འཆད་ཉན་བྱེད་པ་ཞིག་གི་མིང་ལ་ཟེར་ན་དེ་ནི་མ་རེད། རྟོགས་པ་ནི་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་ཟེར་དགོས་པ་རེད།བཅའ་འབུད་རྡུང་གསུམ་ཀྱང་ལར་ཡིན་ན་ཉམས་ལེན་ཞིག་རེད་ཟེར་དགོས་པ་རེད་དེ།གལ་ཏེ་བསྐྱེད་རིམ་དང་རྫོགས་རིམ་སོགས་ཡོད་ན་དེ་དག་མེད་དུ་མི་རུང་བའི་ཡན་ལག་རེ་ཡིན་པ་ལས་དེ་དག་རྐྱང་པ་རང་ངོས་ནས་བསྟན་པ་ཞིག་ཡིན་མིན་ཐེ་ཚོམ་རེད།

གལ་ཏེ་དགོན་པའི་ནང་བཤད་གྲྭ་རེ་ཚུགས་པ་ཡིན་ན་ལོ་ཁ་ཤས་ནས་མི་སྐྱ་ཕོ་མོ་ཚོས། བཤད་གྲྭ་ཟེར་བ་དེ་དངོས་གནས་དགོས་པ་ཞིག་རེད་འདུག བནྡེ་རྣམས་ཀྱི་སྤྱོད་ལམ་ལ་རྩ་བ་ནས་འགྱུར་ལྡོག་ཐེབས་སོང་ཟེར་ནས་ཤོད་པ་ཞིག་ཡོང་གི་རེད། དེ་ལྟར་ཤོད་མཁན་ཡང་འདུག

འོན་ཀྱང་། བཤད་གྲྭ་སྒྲུབ་གྲྭ་འཛུགས་ཐུབ་ཀྱི་མི་འདུག་ལ་འཚོགས་ས་དང་ཁང་པ་མི་འདུག་ཟེར་ན།བཤད་གྲྭ་ལོགས་སུ་ཡོད་ན་དགེ་བསྐོས་ཀྱིས་སྒྲིག་གཞི་དོ་དམ་བྱེད་སྟངས་སོགས་ལ་སྟབས་བདེ་ཙམ་ཡོད་ན་ཡང་། གལ་ཏེ་མེད་ན་འདུ་ཁང་ནང་ལ་འཚོགས་ན་ཡང་ལོས་འགྲིགའདུ་ཁང་ཟེར་བ་དེ་ཆོས་འཆད་ཉན་བྱ་ས་ཡིན་པ་ལས་ཡིན་ཅིག་མིན་གཅིག་བཅའ་འབུད་རྡུང་གསུམ་བྱ་ས་ཙམ་ཡིན་དགོས་དོན་མི་འདུགདེས་ན་ཆོས་འཆད་ས་དེ་འདུ་ཁང་ནང་ལ་བྱས། འདུག་ས་སོ་སོའི་གྲྭ་ཤག་ཏུ་བྱས་པ་ཡིན་ན་མི་ཡོང་རྒྱུ་མི་འདུག དཔེར་ན། བླ་རུང་སྒར་འདི་ཙམ་རྒྱ་ཆེ་ན་ཡང་རང་རང་སོ་སོའི་ནང་ནས་དཔེ་ཆ་བལྟ་བཞིན་ཡོད་པ་རེད། དེ་ནས་དགོན་པ་རྒྱུ་ཆེན་པོ་དགོས་ན་རྒྱུ་མེད། ཚེགས་ཆེན་པོ་དགོས་ན་ཚེགས་མི་དོ་མཁན་ཞིག་ཡིན་ན་ཡང་མཁན་པོ་རེ་རེ་ཙམ་གདན་འདྲེན་ཞུ་ལོས་ཐུབ། བླ་རུང་འདིའི་མཁན་པོ་རྣམ་པར་མཚོན་ན་རྒྱུ་གཏན་ནས་མ་ལེན་ཟེར་ན་མི་ཐོག་ལ་ཁ་ཆེ་བ་རེད་དེ། ཁ་ཕྱོགས་ངོ་མ་འདྲ་བོ་དེ་ནི་ཆོས་ལ་བརྟེན་ནས་ཕར་ཆོས་འདི་འདྲ་ཞིག་བཤད་ན་ཚུར་འདི་འདྲ་ཞིག་དགོས་ཟེར་བ་ལྟ་བུ་གཏན་ནས་བྱེད་མི་རུང་། དེ་ལྟར་བྱས་ན་ཁ་སྟབས་མེད་མཁན་རྣམས་ཀྱིས་ཆོས་རེ་བསམ་ཡང་འཆད་མཁན་མི་རྙེད་པ་ཆགས་ཀྱི་རེད།དེས་ན་བསམ་པ་རྣམ་དག་གིས་ཕེབས་དགོས། གལ་ཏེ་དགོན་པ་དེ་གཏན་ནས་ཆ་རྐྱེན་མེད་མཁན་ཞིག་ཡིན་ན། མཁན་པོ་དག་གིས་ཀྱང་། ཤ་ནི་མང་ཤོས་ཀྱིས་མི་བཞེས། མར་ནི་རྗེན་པར་ཟ་མི་ཐུབ། དེ་མིན་ལྡུམ་བུ་རེ་དང་འབྲས་སྐྱ་རེ་ཙམ་གྱི་འགྲོ་སོང་ནི་ང་ཚོས་ཀྱང་རོགས་པ་བྱེད་ཆོག་མོད། དགོན་དཔོན་དག་གི་ངོས་ནས་དོ་ཁུར་བྱས་ཏེ་ཚུར་རེ་བ་རྒྱག་མཁན་ཞིག་རྩ་བ་ནས་མི་འདུགདེ་ནི་སློབ་སྦྱོང་མེད་པའི་སྟབས་ཀྱིས་རེད།

མ་གཞི་ཆོས་བཤད་ནས་རྙེད་པ་ཆེད་དུ་མ་བསྒྲུབས་ཀྱང་དེའི་ཟུར་ན་རང་གི་ཁ་སོས་སྤྱད་ཙམ་ཞིག་རག་གི་རེད། དེ་ལས་ལོགས་སུ་གང་ཡང་མི་དགོས། ང་ཚོའི་མཁན་པོ་ད་སྔོན་སོང་བ་ཚང་མ་དེ་ལྟར་བྱས་ནས་འགྲོ་གིན་ཡོད་པ་རེད། ད་སྔོན་དགོན་པ་སོ་སོར་མཁན་པོར་སོང་བ་ཐམས་ཅད་མི་སྐྱ་ཕོ་མོ་ཆེ་ཆུང་མེད་པར་སུ་དང་སུའི་ཁ་ལ་ཉན་པ་ཡིན་ན་ཡང་། ཤིན་ཏུ་བཟང་གི ད་དུང་ལོ་ཁ་ཤས་ལ་འདུག་རོགས་ཟེར་མཁན་རྐྱང་རྐྱང་རེད། དོན་ངོ་མར་རང་རང་སོ་སོས་བསམ་པ་སྒོ་ཕྱེ་ཐུབ་ཅིང་། ནུས་པ་ཞིག་ཕྱུང་ཕན་ཆོད་ནུས་པ་མེད་པའི་མི་གཅིག་ཀྱང་མེད།

ཡང་མཁན་པོ་རྣམ་པ་དགོན་པ་ཞིག་གི་ནང་སོང་ན་ཡང་དཔེ་ཁྲིད་ཐེངས་གཅིག་ལ་བཤད་པ་ཙམ་ལས་བསྐྱར་ཁྲིད་མི་བྱེད། རྒྱུགས་མི་ལེན། དམངས་ཚོགས་ལ་བསླབ་བྱ་མི་སྟོན། དགེ་བཅུའི་ཁྲིམས་མི་འཇོག་པར་རང་ཉིད་གཅིག་པུར་ཁྱིམ་ཞིག་ཏུ་འཛུལ་བསྡད་ན་གཞན་ལ་ཕན་ཆེན་པོ་ཐོགས་ཀྱི་མ་རེད། དེས་ན་དམ་པའི་ཆོས་ཀྱི་སྒོ་ནས་སེམས་ཅན་ལ་ཕན་ཐོགས་སྤྱད་ཅིག་ཡིན་ཕྱིན་ངེས་པར་དུ་སྒྲུབ་དགོས། ཡུལ་སྡེ་པ་དེ་ཙམ་མ་ཟད་ས་ཕྱོགས་དེ་ན་ཡོད་པའི་སྲོག་ཆགས་དུད་འགྲོ་ཡན་ཆད་ལ་ཕན་ཐོགས་བྱེད་ཀྱི་བྱ་བ། འདི་འདྲ་བྱས་ན་འདི་འདྲ་ཡོང་གི འདི་འདྲ་བྱས་ན་འདི་འདྲ་འགྲུབ་གིབྱ་བ་སྒྲུབ་སྒྲུབ་ཚང་མ་འགྲུབ་མཁན་ཞིག་སུ་ཡང་མེད་པས་གལ་ཏེ་བསམ་པ་རྣམ་དག་གིས་བསྒྲུབས་ནས་མ་འགྲུབ་ཀྱང་འགྱོད་པ་ཅི་ཡང་མེད་བསམ་པའི་བློ་སྟོབས་ཤིག་དགོས་པ་ལས། ལུང་དང་རིགས་པ་ཁོ་ན་བརྗོད་ནས་དུས་ཚོད་རྫོགས་བཅུག་ན་གྲི་ཞིག་བརྡར་བརྡར་ནས་ཟད་བཅུག་པ་དང་འདྲ་འདྲ་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༣༣

རྟ་ཐོག་བླ་མས་བསྟན་པ་མི་ཤེས།



རྩ་བའི་ཆ་ནས་རྙིང་མ་ལ་མཚོན་ན་སྔོན་ཆད་དཔེ་ཆ་ལྟ་སའི་ཆོས་སྒར་ཁ་ཤས་ཡོད་པ་ཡང་ད་ལྟ་མེད་པར་གྱུར་ནས་ནུས་པ་ཐོན་པའི་ཆོས་སྒར་ཉུང་ཉུང་མ་གཏོགས་མེད་ཅིང་། ཉུང་ཤོས་ཤིག་གིས་ནི་ནུས་པའང་དེ་ཙམ་ལས་ཐོན་གྱི་མ་རེད། མ་གཞི་དཔེ་ཆ་དགོན་པའི་ནང་དུ་ཡོད་དགོས་པ་དང་། དགོན་པ་ཟེར་བ་དེ་བནྡེས་སློབ་སྦྱོང་བྱ་ས་ཞིག་ཡིན་པ་ལས་གཞན་གང་ཡང་མ་རེད། མི་ཐོག་མིས་བརྗེ་བ་དང་དུས་མཚུངས་དགོན་དཔོན་དག་ཀྱང་འདུ་ཤེས་རྙིང་པ་ཅན་རྣམས་ལོ་མཐོན་པོར་སོང་ནས་མང་ཆེ་བ་གསར་པ་ཡིན་ན་ཡང་། ད་ཆ་དེ་དག་ཀྱང་ཡག་པོ་ཞིག་མི་ཡོང་བའི་མགོ་བཟུང་ཚར་འདུག རྒྱུ་མཚན་ནི། སྤྲུལ་སྐུ་གསར་བ་མང་པོ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ལ། དེ་དག་སྤྲུལ་སྐུ་ཡིན་མིན་ཟེར་མི་ཤེས་ན་ཡང་། མདོར་ན་ཉེན་ཁ་ཆེ་ཤོས་ཤིག་ལ་ཁོང་ཚོར་སྦྱོང་བརྡར་རྩ་བ་ནས་མེད་པ་རེད། བླ་མ་ཡིད་བཞིན་ནོར་བུས།དགོན་པ་རྣམས་ཡར་མར་གར་འཇོག་གི་དབང་ཆ་གང་འཚམས་ཤིག་སྤྲུལ་སྐུ་ཚོའི་ལག་ན་ཡོད་སྟབས་སྤྲུལ་སྐུའི་མིང་ཡོད་པ་རྣམས་ལ་ལོགས་སུ་འཛིན་གྲྭ་ཞིག་བཙུགས་ནས་སློབ་སྦྱོང་བྱེད་དུ་བཅུག་ན་ཕན་རེ་ཐོགས་འགྲོ་གསུངས་ནས་འཛིན་གྲྭ་ཞིག་བཙུགས་པ་རེད་དེ། ལོ་རེ་བཞིན་ཇེ་ཉུང་ཇེ་ཉུང་དུ་གྱུར་ནས་མཐར་སྤྲུལ་སྐུ་ཡོངས་རྫོགས་རྒྱ་ཡུལ་དུ་ཕྱིན་ཏེ་གཅིག་ཀྱང་མ་ལྷག་པས་ད་ལོ་འཛིན་གྲྭ་དེ་བཀའ་པོད་འཛིན་གྲྭའི་ནང་ཚུལ་ཟླ་སྒྲིལ་བཏང་བ་རེད། ད་དུང་ཁོང་ཚོ་དགོན་དཔོན་ནི་ཡིན་ཟེར་གྱི་ཡོད་པ་རེད།

དགོན་དཔོན་ཡིན་ན་དགོན་པ་ཆོས་ཀྱིས་བདག་གཉེར་བྱེད་དགོས་པ་ལས། རྒྱལ་ཁབ་ཀྱི་རྩ་ཚིག་དང་འཇིག་རྟེན་ཆོས་བརྒྱད་ཀྱིས་དགོན་པ་བདག་གཉེར་བྱེད་ཐབས་མེད་པ་ནི་ཉི་མ་གནའ་ནས་དཔལ་སྤྲུལ་སང་གིས།རྟ་ཐོག་བླ་མས་བསྟན་པ་མི་ཤེས། །ཞེས་གསུངས་པ་དེ་རེད། དེས་ན་ཆུང་དུས་ནས་དཀོར་བདའ་རྒྱུ་ཁོ་ནར་བསམ་བློ་བཏང་བ་ཡིན་ན་ཕྱིན་ཆད་ཀྱང་རེ་བ་མི་འདུག

ཡང་རྒྱལ་ཁབ་ཀྱི་རྩ་ཚིག་དང་འགལ་བ་ཡིན་ན་བྱ་ཐབས་མེད་པ་ང་ཚོར་ཉམས་མྱོང་ཡོད་ན་ཡང་།སྒྲུབ་ཆོག་རྒྱུའི་ལས་ཀ་དང་བྱ་བ་ཅུང་ཟད་ཡོད་པ་འདི་རིགས་ལོ་ཉུང་རྣམས་ལ་སྒྲུབ་རྒྱུའི་དུས་ཚོད་ཡོད་པ་ཡིན་པས་ངེས་པར་དུ་སྒྲུབ་དགོས་པ་རེད། དེ་ཡང་མི་གཅིག་གིས་འགྲུབ་ཀྱི་མ་རེད། དེ་བས་མི་གཉིས་པ་དང་མི་གསུམ་པ། མི་བཞི་པ་སོགས་ཐམས་ཅད་ཀྱིས་སྒྲུབ་དགོས་པ་རེད། འཛམ་བུ་གླིང་གི་བྱ་བ་རླབས་ཆེན་མང་པོ་ཞིག་ཀྱང་མི་མང་པོ་ཞིག་གིས་མི་ཚེ་ནས་མི་ཚེ་བརྒྱུད་དེ་ཇེ་ཆེ་ཇེ་ཆེ་དང་ཇེ་བཟང་ཇེ་བཟང་དུ་བཏང་ནས་མཐར་འཛམ་གླིང་ཡོངས་རྫོགས་དེའི་ལམ་ལ་འགྲོ་གི་ཡོད་པ་ལྟ་བུ་རེད། དེས་ན་དགོན་དཔོན་རྣམས་ཀྱིས་ཀྱང་ལོ་རེ་ལ་དེ་ལས་མ་བྱུང་ཡང་ཟླ་བ་གཅིག་དང་གཉིས་ཙམ་ལ་ལུང་དང་རིགས་པའི་དཔེ་ཁྲིད་མང་པོ་ཞུ་མི་དགོས་པའི་ཐོག་ནས། གཙོ་བོ་དགོན་པའི་ནང་དུ་བཤད་སྒྲུབ་ཀྱི་བསྟན་པ་ཇི་ལྟར་སྤེལ།དགོན་པར་ནུས་པ་ཇི་ལྟར་འདོན། དགོན་དཔོན་ཞིག་ཡིན་ན་དགོན་པ་ཆོས་ཀྱིས་བདག་གཉེར་ཇི་ལྟར་བྱེད་སོགས་ལ་སློབ་སྦྱོང་བྱེད་དགོས་པ་རེད། ལར་བཅོམ་ལྡན་འདས་ཀྱིས་ཀྱང་གང་ཟག་རྣམ་པ་གཉིས་ལ་བསྟོད་པ་གནང་སྟེ། གཅིག་ནི་ནོར་འཁྲུལ་རྩ་བ་ནས་མ་བྱུང་མཁན་ཏེ། དེ་ནི་ཆོས་ཀྱི་རྒྱལ་མཚན་སྒྲེང་བ་པོ་ཞེས་ཤིན་ཏུ་ནས་ཀྱང་བསྔགས་པར་མཛད། གཅིག་ནི་རང་ལ་ནོར་བ་དང་སྐྱོན་བྱུང་ཡང་སྐྱོན་ལ་སྐྱོན་དུ་ངོས་འཛིན་ཐུབ་ཅིང་། དེ་ནས་སྐྱོན་སྒྱུར་བཅོས་རྒྱག་ཐུབ་མཁན་དེ་ཡང་སྐྱེས་བུ་དམ་པ་ཡིན་བདུད་ཀྱི་རྒྱལ་མཚན་སྙིལ་བ་པོ་ཡིན། ཞེས་ཞལ་བཞེས་གནང་ཡོད། ཁར་རྩང་དེ་རིང་ཡང་སྐྱོན་ལ་སྐྱོན་ཡིན་པར་ངོས་འཛིན་བྱེད་ཐུབ་ན་ཡར་རྒྱས་སུ་འགྲོ་རྒྱུ་ཡོད་ཅེས་བཤད་ཀྱི་ཡོད་པ་བཞིན་སྒྱུར་བཅོས་ཤིག་བྱས་ན་བྱ་ཐབས་གཏན་ནས་མེད་པའང་མ་རེད།

སྟོབས་ལྡན་ལྔ་བརྒྱ་དང་སེམས་ཁམས་ཀྱི་སྦྱོང་བརྡར།



དེ་ཡང་འཛམ་བུ་གླིང་ལ་དེང་སང་ཚོང་ལས་ཀྱི་སྟེང་ནས་སྟོབས་ལྡན་ལྔ་བརྒྱ་ཟེར་བའི་ཚོང་པ་ཆེན་པོ་དག་ཡོད་པ་མི་རེ་རེས་མི་ཁྲི་ཕྲག་མང་པོའི་ཁ་གསོས་ནས་བསྡད་ཡོད་པར་མ་ཟད་མི་རེ་རེའི་འོག་ན་ཚོང་པ་ཁྲི་ཕྲག་ཉི་ཤུ་རྩ་གཉིས་ཙམ་རེ་ཡོད་མཁན་དེ་འདྲ་ཡང་ཡོད་པ་རེད། དེ་དག་གི་མགོ་བ་རྣམས་ཇི་ལྟར་བྱས་ནས་དེ་འདྲ་ཞིག་ཆགས་པ་རེད་ཅེ་ན། སྦྱོང་བརྡར་བྱས་པའི་སྟོབས་ཀྱིས་རེད། དེ་ཡང་ཁོང་ཚོས་དང་པོ་ནས་སྦྱོང་བརྡར་ཁྱད་མཚར་དེ་འདྲ་བྱེད་པ་རེད། དཔེར་ན། ཁང་པ་དང་གད་ཁ་མཐོན་པོ། ཆུ་གཏིང་ཟབ་པོ། རང་བཞིན་གྱི་མི་ཞིག་ཡིན་ན་ངེས་པར་འཆི་ས་རེད་བསམ་ས་དག་ཏུ་རྒོད་རྒོད་བཙན་བཙན་གྱིས་མིག་བཙུམ་ནས་འཆོང་དུ་འཇུག་གི་རེད། འོ་ན་གད་ཁ་ཞིག་ནས་འཆོང་དུ་བཅུག་པས་ཕན་ཐོགས་ཅི་ཞིག་ཡོད་པ་རེད་ཟེར་ན། ཡ་གི་ངས་སྒྲུབ་མི་ཐུབ། མ་གི་ངས་བྱེད་མི་རུང་། ང་ཉི་མ་གཅིག་ལ་ཚར་གྱི་རེད་བསམས་ནས་བསྡད་པ་ཡིན་ན་བྱ་བ་འགྲུབ་རྒྱུ་མེད་པས། དེ་བས་འདི་ངས་འགྲུབ་རྒྱུ་རེད། གལ་ཏེ་མ་འགྲུབ་ཀྱང་སྐྱོན་མེད་བསམས་ནས་སྒྲུབ་ཐུབ་པའི་ཉེན་འཆོང་གི་བློ་སྟོབས་ཞིག་སྐྱེད་སྲིང་ཐུབ་ཀྱི་ཡོད། དེ་ལྟར་བྱང་བ་ལས་སྟོབས་ལྡན་ལྔ་བརྒྱ་ཟེར་བ་འདི་ཐོན་པ་རེད། དེ་བཞིན་དེང་སང་ག་ས་གང་དུ་ཡང་ཕྱི་རྒྱལ་གྱི་མི་རྣམས་རི་མགོར་མཛེགས་པ་སོགས་ཕར་ལྟས་ཚོད་ལ་དོན་སྙིང་གང་ཡང་མི་འདུག་སྙམ་པའི་ཉེན་ཁ་ཅན་གྱི་བྱ་བ་ལས་ཀ་མང་པོ་ཞིག་བྱེད་ཀྱི་ཡོད་པ་འདི་ལ་ཡག་ས་དང་རྩོག་ས་གཉིས་ཡོད་པ་རེད། གཙོག་ས་དེ་གང་རེད་ཅེ་ན། ཕྱི་རྒྱལ་མང་པོ་ཞིག་ལ་སྒོར་མོ་ནི་ཡོད། ནང་གི་ཆོས་ངོ་མ་ཞིག་ནི་མེད། ཁྱིམ་དུ་སྡོད་དགོས་པ་ཡིན་ན་ཡང་ང་ཚོའི་དགོན་པའི་བནྡེ་བཤད་སྒྲུབ་མེད་པ་རྣམས་ནང་ནས་འདུག་མི་ཐུབ་དང་འདྲ་བར་སྡོད་མི་ཚུགས། དེའི་དབང་གིས་འཛམ་བུ་གླིང་ག་ས་གང་ལ་འཁྱམས་ནས་འགྲོ་བ་རེད། ཡག་སའི་ཕྱོགས་དེ་ནི། ས་སྐྲག་ས་འགྲོ་མི་ཐུབ་ས་ནས་འགྲོ་བ་དང་། ས་ཧ་ར་བྱེ་ཐང་ཆེན་མོ་ལྟ་བུ་རླངས་འཁོར་ཉིན་ལམ་མང་པོའི་བར་དུ་ས་སྟོང་མྱ་ངམ་གྱི་ཐང་ཡིན་པ་དག་རྐང་ཐང་གིས་བརྒལ་བ་དང་། དེ་བཞིན་ཆུ་གཏིང་ཟབ་པོའི་ནང་དང་ནགས་འཐུག་པོའི་ནང་དུ་འཇུག་པ་སོགས་བྱེད་ཀྱི་ཡོད། རིགས་འདི་ལ་སེམས་ཁམས་ཀྱི་སྦྱོང་བརྡར་ཟེར་བ་རེད། དེ་ལྟར་སྦྱོང་བརྡར་བྱས་པ་ཡིན་ན་བར་སྐབས་ཤིག་ནས་མི་དེ་སྔར་དང་མི་འདྲ་བའི་སྤོབས་པ་ཅན། བྱ་བ་གང་ཡིན་ཡང་འདི་ངས་སྒྲུབ་དགོས། འདི་ངས་འགྲུབ་བསམ་མཁན་ཞིག་ཏུ་འགྱུར་ཐུབ་ཀྱི་ཡོད།

ལྟོས་དང་། དེའི་དབང་གིས་ནུབ་ཕྱོགས་པའི་རིག་གནས་ཀྱིས་འཛམ་བུ་གླིང་ཡོངས་རྫོགས་ལ་དོན་གྱིས་ཁ་ལོ་བསྒྱུར་ནས་ཕྱིན་ཚར་བ་རེད།

ངོ་མ་བཤད་ན་གནའ་དང་པོ་ནུབ་ཕྱོགས་པ་དག་གིས་འཛམ་གླིང་ལ་དྲག་པོའི་དཔུང་ཤུགས་ཀྱིས་ཁ་ལོ་བསྒྱུར་པ་རེད་ལ། ད་ལྟ་རིག་གནས་ཀྱི་སྒོ་ནས་རིག་གནས་བཙན་རྒྱལ་རང་ལུགས་ཀྱིས་དབང་བསྒྱུར་པ་རེད།འཛམ་བུ་གླིང་གང་ན་ཡང་དེ་རིང་ནུབ་ཕྱོགས་ཀྱི་ཟ་ལུགས་བྱེད་ཀྱི་མེད་མཁན་ཞིག་དང། གྱོན་ལུགས་བྱེད་ཀྱི་མེད་མཁན། ནུབ་ཕྱོགས་ཀྱི་འགྲོ་སྟངས་བྱེད་ཀྱི་མེད་མཁན་སུ་འདུག ད་དུང་དེ་ལྟར་མི་བྱེད་མཁན་རྣམས་རྗེས་ལུས་སུ་བརྩི་གིན་ཡོད་པ་རེད། དེའི་རྒྱུ་མཚན་ཁོང་དག་གིས་སྦྱོང་བརྡར་ཤུགས་ཆེན་པོ་བྱས་པའི་སྟོབས་ཀྱིས་རེད། ཆོས་ཀྱི་ཕྱོགས་ནས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཆེད་བསྐལ་མང་གི་མཐའ་དང་།འགྲོ་མང་གི་གྲངས་ལ་བསམ་བློ་བཏང་ནས་སྙིང་སྟོབས་ཀྱི་གོ་ཆ་བགོ་ཐུབ་མཁན་བྱང་ཆུབ་སེམས་དཔའ་རྣམས་དང། འཇིག་རྟེན་གྱི་ཕྱོགས་ནས་དཀའ་སྤྱད་དང་སྦྱོང་བརྡར་ཆེན་པོས་གྲུབ་འབྲས་ཐོན་པ་བྱེད་མཁན་དེ་ནུབ་ཕྱོགས་པ་རེད་འདུག དེས་ན་ནུབ་ཕྱོགས་པའི་བྱ་བ་ལས་ཀ་དག་གི་ནང་དུ་ཡང་ང་ཚོར་དཔེར་བྱེད་འོས་པ་མང་པོ་ཡོད་པ་རེད།

ང་ཚོའི་ཆོས་ཀྱི་ནང་དུ་བཤད་ཡོད་ན་ཡང་། ང་ཚོས་རིགས་པ་དཔེ་ཐོག་ཏུ་ལུས་ཡོད་པ་དང་། ཁོང་ཚོས་གསོན་པོར་ལག་བསྟར་བྱས་ནས་འགྲོ་བཞིན་ཡོད་པ་རེད། དེ་ཡང་གཞན་ང་ཚོར་མང་པོ་བྱ་རྒྱུ་མེད་ཀྱང་།ཆོས་དང་འབྲེལ་བ། སེམས་ཅན་ལ་ཕན་ཐོགས་སྤྱད་ཅིག་ཡིན་ན་ངེས་པར་དུ་མ་ཐུབ་ན་ཡང་ཧ་ལས་རྒྱུ་མེད་སྙམ་པ་ཞིག་གིས་སྒྲུབ་དགོས་པ་རེད། ཕྱི་རྒྱལ་རི་མགོ་ལ་འཛེགས་མཁན་དང་། གནམ་གྲུའི་ནང་ནས་མཆོང་གདུགས་ཀྱང་མེད་པར་ས་ལ་མཆོང་མཁན་དེ་དག་གིས་དང་པོ་ནས་སེམས་ཀྱི་ནང་ལ་ཚད་གཞི་ཞིག་ཡོད་པ་རེད། གལ་ཏེ་ང་འདིའི་ཆེད་དུ་གཅིག་བྱས་ན་ཤི་འགྲོ་ནའང་ཐང་ལ། དོན་དག་དེ་མི་འགྲུབ་ནའང་ཐང་མོད།ང་ལས་ཀ་འདིའི་ཆེད་དུ་ཤི་སོང་ཡང་མགྱོད་པ་མེད། དོན་དག་མ་འགྲུབ་རུང་མགྱོད་པ་མེད་ང་རང་གི་མོས་པ་ཡིན་སྙམ་པའི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད། དེ་ལྟ་བུའི་བློ་ཐག་ཆོད་པོས་ལས་ཀ་ལས་པའི་སྟོབས་ཀྱིས་འཛམ་བུ་གླིང་དུ་ཁ་ལོ་བསྒྱུར་བཞིན་ཡོད་པ་རེད། དེ་ནི་རང་སྲོག་བློས་བཏང་ནས་བསྟན་པ་དང་སེམས་ཅན་གྱི་དོན་སྒྲུབ་པ་ཟེར་བ་ལྟ་བུ་ཞིག་སྟེ། ངོ་མ་བཤད་ན་སངས་རྒྱས་ཀྱི་བསྟན་པའི་དོན་དུ་ཡང་དེ་འདྲ་ཞིག་དགོས་པ་རེད།

ཁྱེད་ཅག་གིས་གཅིག་གཟིགས་དང་། མུ་སི་ལམ་པའམ་ཁ་ཆེ་ཟེར་བ་འདིས་བསམ་བློ་དེ་འདྲ་ཁོ་ནའི་ཐོག་ནས་བྱིས་པ་ཆུང་ཆུང་གི་དུས་ནས་ཆོས་དང་འཇིག་རྟེན་གཉིས་ཀ་བསྲེས་ཏེ་ཆོས་ཀྱིས་འཇིག་རྟེན་ཁོ་ན་སྒྲུབ་སྤྱད་བྱེད་ཀྱི་ཡོད་ཅིང་། ཆོས་ཟེར་བ་འདི་མིའི་སེམས་ཀྱི་གཏིང་དུ་སོང་བ་ཡིན་ན་སྲོག་གཏོང་བ་ལ་འདང་ཙམ་ཡང་མི་རྒྱག་པ་དེ་འདྲ་ཡང་ཆགས་ཀྱི་ཡོད་པ་རེད། ཁོང་ཚོར་མཚོན་ན་ལས་རྒྱུ་ཁོང་ཚོའི་མི་རིགས་དང་རྒྱལ་ཁབ་སྲུང་སྐྱོབ་བྱེད་ཆེད་ཡིན་ན་ཡང་ལས་ཀ་བྱེད་སྟངས་ག་འདྲ་འདུག་ཁར་རྩང་དེ་རིང་གི་འཛམ་གླིང་གི་གསར་འགྱུར་ལ་གཅིག་ལྟོས་དང་།

འོན་ཀྱང་། སངས་རྒྱས་ཀྱི་ཆོས་ཟེར་བ་འདི་ང་ཚོའི་མི་རིགས་དང་རྒྱལ་ཁབ་སྲུང་སྐྱོབ་བྱེད་སྤྱད་ཙམ་མ་ཡིན་པར་གནམ་གྱི་ཁ་ཞབས་སུ་ཡོད་པའི་སེམས་ཅན་ཡོངས་རྫོགས་ལ་ཕན་འདོགས་བྱེད་དང་ཞི་བདེའི་ལམ་ལ་འགྲོ་བྱེད་དེ་འདྲ་ཞིག་ཡིན་ན། འདི་དག་ལ་དེ་བས་ཀྱང་འཆར་གཞི་གཏིང་ཚུགས་པ་ཞིག་དགོས་པ་འདི་ལ་ངེས་པར་བསམ་བློ་འཁོར་དགོས། ངོ་མ་བཤད་ན་དགོན་དཔོན་རྣམ་པར་བསམ་བློ་འདི་ཡོད་དགོས་པ་རེད་དེ། དེ་ཡང་ཡོད་པ་མ་རེད། ངས་བསམ་ན་དགོན་དཔོན་ཡོངས་སུ་རྫོགས་པས་ཀྱང་སྦྱོང་བརྡར་དགོས་ཀྱི་འདུག མ་མཐའ་ཡང་ལོ་རེ་ལ་ཐམས་ཅད་འདུས་ནས་ཚོགས་འདུ་རེ་འཚོགས་ཏེ། དེའི་ཐོག་ནས་དགོན་དཔོན་དག་ལ་ཆོས་ཀྱི་ཕྱོགས་ལ་སྦྱོང་བརྡར་བྱེད་སྟངས་དང་སྤེལ་སྟངས་ཀྱི་ཐབས་ཤེས་བསླབ་དགོས་པ་ལས་བླ་མ་སྤྲུལ་སྐུའི་མིང་བཏགས་པ་ཙམ་གྱིས་ཆོས་མ་ཟད་འཇིག་རྟེན་ཀྱང་མ་ཤེས་པ་ཡིན་ན་དེའི་དགོན་པ་དེ་ཡར་རྒྱས་འགྲོ་ཐབས་ཤིག་ཅི་ལྟར་ཡོད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༣༥

མང་པོས་བཀྱགས་ན་གདུང་མ་ཡང་།



འོ་ན། དགོན་པ་དང་གཙུག་ལག་ཁང་འདི་ཙམ་དུ་ཆེན་པོ་དང་བནྡེ་ཡང་འདི་ཙམ་མང་པོ་འདུག འདི་དག་སངས་རྒྱས་ཀྱི་བསྟན་པ་མ་ཡིན་ནམ་སྙམ་ན། འདི་དག་ལ་སངས་རྒྱས་ཀྱི་བསྟན་པ་ཟེར་དང་མི་ཟེར་ཁྱེད་རྣམ་པ་དཔེ་ཆ་བ་ཤ་སྟག་ཡིན་དུས་ངས་དམིགས་བསལ་བཤད་དགོས་པ་ཞིག་མ་རེད། དེས་ན་དགོན་པ་སོ་སོས་རང་རང་གི་ཆ་རྐྱེན་དང་བསྟུན་པའི་བཤད་གྲྭ་དང་སྒྲུབ་གྲྭ་རེ་འཛུགས་རྒྱུ་ཤིན་ཏུ་གལ་ཆེ་བས་དགོན་པའི་བླ་སྤྲུལ་དང་དགེ་བསྐོས་རྣམ་པས་ཀྱང་དོན་འདི་ལ་ཐུགས་ཁུར་ནན་བཞེས་ཅིས་ཀྱང་དགོས།

སྤྱིར་རྒྱལ་ཁབ་ལ་ནང་བསྟན་མཐུན་ཚོགས་ཟེར་བ་ཞིག་ཡོད་ཀྱང་དེས་ནི་ཁོང་ཅག་གི་ཚོགས་གཙོ་རྒན་པ་དང་མཐོ་ཤོས་སུས་བྱེད་བཤད་ནས་འདུག་རྒྱུ་ཙམ་ལས་དོན་ངོ་མར་ནང་བསྟན་གྱི་ཐོག་ལ་བྱ་བ་ཞིག་མི་བྱེད། དེས་ན་རྒྱལ་ཁབ་ཀྱིས་ཆོག་མཆན་ཐོབ་མིན་མི་ཤེས་མ་གཏོགས་སྤྱིར་བོད་ཀྱི་ནང་ཆོས་སློབ་གཉེར་ལ་ལྟ་རྟོག་བྱེད་པའི་ནང་བསྟན་མཐུན་ཚོགས་ཚད་ལྡན་ཞིག་དང་། བྱེ་བྲག་རྙིང་མ་ལྟ་བུ་ཞིག་ལ་མཚོན་ན་རྙིང་མ་མཐུན་ཚོགས་ཟེར་བ་ཞིག་དགོས་ས་རེད། མ་གཞི་བླ་སྤྲུལ་ཞིག་ལ་ཡོད་མི་འོས་པའི་གཙོ་བོ་དང་རྒན་པ་ཟེར་བའི་ཞེན་པ་དེ་འདྲ་ཡང་བོད་ཀྱི་བླ་མ་གྲྭ་པ་ཚོར་ཡོད་ཀྱི་ཡོད་ན་ཡང། སྐབས་འདིར་དེ་འདྲ་མེད་པར་ཐམས་ཅད་སྒོར་སྒོར་གྱིས་སུས་བློ་ཐོན་ན་སུ་ཡིན་པའི་གྲོས་བརྡུར་གྱིས་ལོ་རེ་བཞིན་རྙིང་མ་མཐུན་ཚོགས་འཚོགས། དེ་ཡང་འུར་འུར་ཆ་ཆ་མང་པོ་བྱེད་ཅིང་རྒྱ་བོད་གཉིས་ཀ་བསྡུས་ནས་འཇིག་རྟེན་ཆོས་བརྒྱད་ཁོ་ནར་མི་བསྲེ་བར་འཇམ་དལ་དལ་ཞིག་གི་ནང་ནས་ཐམས་ཅད་མཉམ་དུ་འཚོགས། ལོ་གཅིག་གི་ནང་རྙིང་མ་པའི་ངོས་ནས་བཤད་གྲ་དང་སྒྲུབ་གྲྭ་ཅི་ཙམ་གསར་དུ་བཙུགས་འདུག བཤད་སྒྲུབ་ཀྱི་ཐད་ལ་བྱ་བ་ཅི་ཙམ་བྱས་འདུག དགོན་པ་གང་གིས་འགྲིག་གི་འདུག དགོན་པ་གང་དང་གང་གིས་འགྲིག་གི་མི་འདུག དགོན་པ་སུ་ཚང་ལ་མིག་དཔེ་ལྟ་དགོས་ཀྱི་འདུག སུ་ཚང་གིས་བསྒྱུར་བཅོས་བརྒྱག་དགོས་ཀྱི་འདུག དེ་བཞིན་མ་འོངས་པར་ཕན་ཆོད་ལ་དགོན་པ་གང་གི་ནང་དུ་བཤད་གྲྭ་འཛུགས་དགོས་ཀྱི་འདུག མང་ཚོགས་ཀྱི་ནང་ལ་སློབ་སྟོན་ཇི་ལྟར་དགོས་ཀྱི་འདུག བྱིས་པ་རྣམས་ཀྱིས་སློབ་གཉེར་ཇི་ལྟར་དགོས་ཀྱི་འདུག སངས་རྒྱས་ཀྱི་བསྟན་པས་དོན་དངོས་པོའི་ཐོག་ནས་སེམས་ཅན་ལ་བདེ་སྐྱིད་ཇི་ལྟར་བསྐྲུན་དགོས་ཀྱི་འདུག་སོགས་ཀྱི་ཆེད་གྲོས་བསྡུར་བྱེད་དགོས། འོན་ཀྱང་ཚང་མས་རང་རང་སོ་སོའི་དོན་རེ་བསྒྲུབས་ནས་འདུག་པ་མ་གཏོགས་མེད་པ་རེད། འདི་ནི་མི་སྒེར་རང་ལུགས་ཟེར་བ་དེ་རེད།

མདོར་ན་མི་སྐྱ་ཕོ་མོའི་ཁ་དཔེ་ལ་ཡང་། མང་པོས་བཀྱགས་ན་གདུང་མ་ཡང་ཟེར་བ་ཡིན་དུས། མི་སྒེར་རང་ལུགས་མ་ཡིན་པར་སྒྲིག་འཛུགས་དང་ལྡན་པའི་ཐུན་མོང་གི་མཐུན་ཚོགས་ཤིག་ཡོད་དགོས་ངེས་རེད།གཅིག་བྱས་ན་མ་འོངས་པར་འདི་འདྲའི་རིགས་ཅུང་ཟད་ཡོད་ཆོག་པ་ཞིག་ཏུའང་འགྱུར་སྲིད། གལ་ཏེ་མིང་དེ་ལྟར་འདོགས་མ་ཆོག་ཀྱང་དོན་གྱིས་ཚང་མ་མཉམ་དུ་རུབ་ནས་ཁ་ཐུག་གྲོས་བསྡུར་བྱས་པ་ཡིན་ན་དེ་ཙམ་རྒྱལ་ཁབ་ཀྱིས་ཀྱང་མི་ཆོག་ཟེར་ས་མ་རེད།

སྒར་འདི་ནས་ཀྱང་ད་སྔོན་བགྲོ་གླེང་རེ་འཚོགས་ཀྱི་ཡོད་པ་རེད་དེ། ལུང་རེའི་དཀྱོགས་སྟངས་དང་རིགས་པ་རེའི་རྣོ་སོ་ཕྱུང་སྟངས་ཁོ་ན་ལས་གཞན་གང་ཡང་མི་འདུག་མོད། ངོ་མ་བཤད་ན། སྤྱི་ཚོགས་ལ་དམ་པའི་ཆོས་ཀྱིས་ཕན་འདོགས་སྟངས། མི་སྒེར་གྱི་བསླབ་པ་སློབ་གཉེར་བྱེད་སྟངས། དུས་ཚོད་དང་མཐུན་པའི་སྤྱི་ཡོངས་ཀྱི་མ་འོངས་པའི་ཁ་ཕྱོགས་སོགས་ལ་ཕྱོགས་ཡོངས་ནས་བགྲོ་གླེང་དགོས་ཀྱི་འདུག་སྟེ་ད་སྔོན་ཚུགས་མེད། གཞན་པ་རྣམས་ཀྱིས་དགུན་ཆོས་ཟེར་བ་དེ་ཡང་གནའ་ནས་དགེ་ལུགས་པས་བསླབས་བཞག་པ་ཞིག་རེད། དེར་ཡང་ལུང་རིགས་ཀྱི་རྩོད་པ་ཁོ་ན་ལས་མི་འདུག དེང་སང་ནི་འཛམ་བུ་གླིང་གི་ལས་དོན་ཚང་མ་ཚོགས་པ་དང་སྤྱིའི་རྣམ་པའི་ཐོག་ནས་ལས་ཀྱིན་ཡོད་པ་རེད་ལ་དེ་རིགས་དེས་ཕན་ཡང་ཆེན་པོ་ཐོགས་ཀྱི་ཡོད་པ་རེད། ང་ཚོ་ལ་ཡང་གཞན་པའི་ལས་འགན་གང་ཞིག་མེད་དུ་ཆུག་ཀྱང་ཆོས་སྤེལ་རྒྱུའི་ལས་འགན་ཡོད་པ་རེད། དེས་ན་ཆོས་ལུགས་བདག་གཉེར་བྱེད་སྟངས་ཀྱི་སྐོར་ལ་ཡང་འཆར་གཞི་དང་གཅིག་གྱུར་ཡོད་དགོས་པ་ལས་མྱི་སྒེར་རིང་ལུགས་གཏན་ནས་བྱེད་རྒྱུ་མེད།


ལྟག་ཆུ་ཆད་པའི་རྫིང་བུ།



ཡང་ཕྱོགས་གཅིག་ནས་ངས་གཞན་པ་དག་གི་བྱེད་སྟངས་དང་བསྡུར་ནས་ལྟ་དུས་ང་ཚོའི་བྱེད་སྟངས་དེ།དཔེར་ན་རྫིང་བུ་ཞིག་གི་ནང་དུ་ཆུ་ཞིག་འཁྱིལ་ནས་བསྡད་ཡོད་པ་དང་གཅིག་པ་རེད། དེ་ལྟར་བཞག་ན་ཆུ་དེ་ཕར་ཕར་རུལ་ནས་འགྲོ་བ་ལས་གཞན་ཅི་ཡང་ཡོད་པ་མ་རེད། འོ་ན་དེ་མི་རུལ་བ་ལ་ཅི་ཞིག་དགོས་པ་རེད་ཟེར་ན་ལྟག་ཆུ་དགོས་པ་རེད། ང་ཚོའི་རྫིང་བུ་ཐམས་ཅད་ལ་ལྟག་ཆུ་མ་ཡོད་ཕྱིན་ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུ་ཆགས་ནས་འཕེལ་རྒྱས་སུ་འགྲོ་མི་ཐུབ་པ་རེད། དེས་ན་འཇིག་རྟེན་གྱི་ལས་ལུགས་མང་པོ་ཞིག་ལ་བསམ་བློ་བཏང་ནས་ཆོས་ཀྱི་ཐོག་ལ་སྐོར་བ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་ས་རེད། འཇིག་རྟེན་དང་སྲིད་ལུགས་ནི་ང་ཚོས་མི་སྒྲུབ་ན་ཡང་རིག་པའི་གནས་ཆེན་བཅུ་ཡག་པོ་ཞིག་ཟིན་ན་ཆོས་འཇིག་རྟེན་གཉིས་ཀ་དེར་འདུས་ཡོད་ཅིང་། ཚེ་འདི་ཕྱི་གཉིས་ལ་ཡག་པོ་ཡོང་ངེས་རེད། བོད་ཀྱི་བནྡེ་ལོ་གཞོན་རྣམས་ཀྱིས་དཔལ་སྤྲུལ་རིན་པོ་ཆེས་ཤེར་ཕྱིན་བསྒོམ་རིམ་དུ་གསུངས་པ་ལྟར་། གྲོད་པུ་མེ་ནང་དུ་བཞག་པ་ལྟར་འཁུམ་འཁུམ་པོ་མ་ཡིན་པར་བསམ་བློ་ཅུང་ཟད་རྒྱ་བསྐྱེད་ནས་བྱ་བ་རེ་སྒྲུབ་པ་ཡིན་ན་མ་མཐའ་ཡང་། བོད་ཡོངས་སུ་རྐུན་ཇག་སོགས་ཀྱང་ཆེར་མེད་པ། ཁོར་ཡུག་གཏོར་བརླག་སོགས་ཀྱང་དེ་ཙམ་མི་བྱེད་མཁན།བནྡེ་རྣམས་ལ་ཡང་བཤད་སྒྲུབ་ཡོད་པ། མི་སྐྱ་ཕོ་མོ་རྣམས་ནས་ཀྱང་རང་ངོས་ནས་ཆོས་ཅི་རིགས་སྒྲུབ་ཐུབ་པ་ཞིག་ཡོང་ངེས་པ་ཅན་ཡིན་པ་ལས་དཀའ་མོ་ཞིག་གང་ཡང་མ་རེད། ཡང་ཁ་ཤས་ཀྱིས། དེང་སང་དེ་འདྲ་ཡོང་རྒྱུ་མ་རེད་སྙིགས་མའི་དུས་རེད་ཟེར་ནས་ཚང་མ་དུས་ཀྱི་མགོ་ལ་ཕར་བཀལ་འཇོག་གི་རེད་དེ་དེ་འདྲ་བྱ་རྒྱུ་མེད། གཞན་དག་གིས་སྙིགས་མའི་དུས་རེད་ཟེར་ན་བཞག་མེད་པར་རང་རང་སོ་སོའི་བསམ་བློ་རྒྱ་སྐྱེད་ནས་ག་འདྲ་བྱེད་ཀྱི་འདུག

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༣༦

གཞན་པ་དག་གི་བྱེད་སྟངས།


འཛམ་བུ་གླིང་ལ་བསམ་བློ་ཞིག་ཐོངས་དང་། ནང་པ་སངས་རྒྱས་པ་ལ་དུང་ཕྱུར་གསུམ་མ་གཏོགས་མེད་ཅིང་། ཡེ་ཤུ་པ་ལ་དུང་ཕྱུར་བཅུ་དགུ་ཡོད་པ་རེད། འཛམ་གླིང་གི་མི་གྲངས་དུང་ཕྱུར་དྲུག་བཅུ་རེ་ལྔ་ཡོད་པ་དེ་ཆ་གསུམ་དུ་བགོས་པའི་སུམ་ཆ་གཅིག་ཡེ་ཤུ་པ་རེད། ཡེ་ཤུའི་ཆོས་ལུགས་དེ་ཁར་རྩང་དེ་རིང་དེ་ཙམ་དར་ཁྱབ་འགྲོ་བའི་རྒྱུ་མཚན་དེ། ཁོང་ཚོས་ཆོས་དར་སྤེལ་བྱ་རྒྱུ་ཁོ་ནའི་ཐོག་ལ་འབད་བརྩོན་བྱས་པའི་སྟོབས་ཀྱིས་རེད།

དེ་བཞིན་ཁ་ཆེའི་ཆོས་ལ་བསམ་བློ་ཞིག་བཏང་ན། ཆོས་ཁོ་རང་གི་ངོ་བོའི་ཐོག་ནས་དེ་ཙམ་ཞིག་རེད་དེ།མི་སྐྱ་ཕོ་མོ་ཡན་ཆད་ཀྱིས་བརྩོན་པ་བྱས་པའི་སྟོབས་ཀྱིས་འཛམ་གླིང་ལ་ཁ་ཆེའི་རྗེས་འཇུག་དུང་ཕྱུར་བཅུ་གཅིག་ཡོད་པ་རེད། དེ་ཡང་འཛམ་གླིང་མི་གྲངས་དུམ་བུ་དྲུག་ལ་བགོས་པའི་ཆ་གཅིག་རེད། དེ་བཞིན་རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་ཀྱང་སྤྱིར་སྟངས་དེ་ཙམ་རྒྱ་མི་ཆེ་ཡང་རྒྱ་གར་གྱི་ཡུལ་དུ་རྒྱ་ཆེན་པོ་ཡོད་པས་དུང་ཕྱུར་བརྒྱད་ཡོད་པ་རེད། འཛམ་གླིང་གི་ཆོས་ལུགས་ཤིག་ལ་ནང་པ་སངས་རྒྱས་པའི་ཆོས་ལུགས་ལས་ཡག་ཞིག་མེད་ངེས་ཡིན་ན་ཡང་། ཉམས་ལེན་བྱེད་མཁན་གྱི་ཆ་ནས་སངས་རྒྱས་པའི་ཆོས་ལུགས་ཉམས་ལེན་བྱེད་མཁན་ཉུང་ཤས་སུ་གཏོགས། དེའི་རྩ་བ་གང་མ་འགྲིག་པ་རེད་ཟེར་ན། ཆོས་སྤེལ་རྒྱུའི་ཐོག་ལ་བསམ་བློ་མ་བཏང་བས་རེད།

དངོས་གནས་བྱས་ན་ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་ནས་གསུངས་པའི་སྙིང་སྟོབས་ལྟ་བུ་ཁུར་དུ་ཁྱེར་ནས་ཚང་མས་བརྩོན་པ་ཡིན་ན་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་འཛམ་བུ་གླིང་ཡོངས་རྫོགས་ནང་པ་སངས་རྒྱས་པ་བྱས་ཀྱང་ཆོག་པ་འདུག་བསམ་པ་ཙམ་ཞིག་ཡིན་ན་ཡང། ལས་ཀ་ལས་སྟངས་དང་དར་སྤེལ་གཏོང་སྟངས་ཀྱིས་མ་ཡོང་བ་རེད། དེ་ཡང་གནའི་རྒྱན་དྲུག་མཆོག་གཉིས་ལ་སོགས་པར་ཞུ་གི་མེད། སྤྱིར་ན་ཡང་ཆོས་མང་པོ་ཞིག་དར་སྤེལ་འགྲོ་བ་དེ་ལོ་ཉིས་བརྒྱ་སུམ་བརྒྱ་ཙམ་གྱི་ནང་ཡེ་ཤུའི་ཆོས་ལུགས་པ་སོགས་ཀྱིས་དར་སྤེལ་བྱས་པ་རེད། དེ་ཡང་གཙོ་བོ་འཇིག་རྟེན་གྱི་ཕྱོགས་ནས་མི་ཞིག་ག་ཤེད་དུ་འགྲོ་དགོས་ན།རྟ་དང་ཤིང་རྟ། རླངས་འཁོར་དང་གནམ་གྲུ་སོགས་གང་རུང་གིས་ཁྱེར་ནས་འགྲོ་བ་བཞིན། ཁོང་དག་གིས་ཆོས་ལུགས་ཡོངས་རྫོགས་འཇིག་རྟེན་གྱི་ལས་ལུགས་བཅའ་སྟངས་ཀྱི་ཐོག་ལ་བཞག་ནས་འཛམ་བུ་གླིང་ལ་ཕར་སྤེལ་པའི་སྟབས་ཀྱིས་འཛམ་བུ་གླིང་ཡོངས་རྫོགས་ཀྱིས་ཁས་ལེན་བཞིན་ཡོད་པ་རེད། ང་ཚོའི་ཆོས་དེ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ན་ཡང་། སྤེལ་ལུགས་ཀྱིས་འགྲིག་གི་མེད་པའི་དཔེ་ཞིག་བཞག་ན། རྒྱ་ནག་གི་གྲོང་ཁྱེར་གྱི་ཁང་བརྩེགས་མཐོན་པོ་དག་གི་ཁང་མིག་རེ་རེ་ན་ཡོད་པའི་ཁྱིམ་ཚང་ཚང་མའི་སྒོ་བརྡུངས་ནས་ནང་པ་སངས་རྒྱས་པ་དང་ཡེ་ཤུའི་ཆོས་ལུགས་པ་གཉིས་ཆར་འགྲོ་བའི་སྐབས་སུ། ཡེ་ཤུའི་ཆོས་ལུགས་པ་དེས་ཁྱིམ་ཚང་དེའི་སྒོ་ཕྱེས་པ་དང་། ཁྱོད་ཀྱིས་ཡེ་ཤུའི་ཆོས་ལུགས་ལ་སློབས་དང་ཁྱོད་ལ་ལྷས་སྐྱབས་འཇུག་གནང་གི་རེད། ང་ཚོའི་ཚོགས་པའི་ནང་དུ་ཤོག་དང་ང་ཚོས་ཁྱེད་ཚང་ལ་ནད་ན་བའི་སྨན་ཡོན།སློབ་གྲྭར་འགྲོ་བའི་སློབ་ཡོན། མདོར་ན་སྐྱིད་སྡུག་གང་ཡོང་ཡང་ཐག་གཅོད་བྱེད་ཆོག ཁྱེད་ཀྱིས་འདིའི་ཡི་གེ་འདི་ལ་ལྟོས་ཤིག་ཟེར་ནས་ཟེར་སྡེར་ཚུན་ཆད་སྤྲད་ནས་འགྲོ་བ་རེད། ང་ཚོ་ནང་པ་སངས་རྒྱས་པ་དག་གིས་རྫུན་མ་དང་དག་མ་གཉིས་གས་སྒོ་རྡུང་གིན་ཡོད་པ་དཔེར་ན། ན་ཉིན་སྟོན་ཀ་སི་ཁྲོན་གྱི་གྲོང་ཁྱེར་ཞིག་གི་ནང་ནས་རྒྱ་བླ་མ་ལྔ་བཅུ་ཐམ་པ་ཉིན་གཅིག་ལ་འཇུ་བཟུང་བྱས་པ་རེད། གཞན་ཅི་ཡང་མ་རེད།རྒྱ་རིགས་མི་སྐྱ་རྣམས་ཀྱིས་གྲྭ་པ་ཡིན་ཁུལ་བྱས་ནས་མགོ་སྐོར་གཏོང་གིན་ཡོད་པ་རེད། དེ་བཞིན་པེ་ཅིན་ནས་བླ་རུང་གི་ཀུན་དགའ་ར་བ་བཞེངས་ཆེད་ཡིན་ཟེར་ནས་ཉི་མ་གསུམ་བཞི་ཙམ་གྱི་རིང་སྒོར་མོ་ཁྲི་ཚོ་ཉི་ཤུ་རྩ་བཞི་ལེན་མཁན་གཉིས་ལ་རྒྱལ་ཁབ་ཀྱིས་ལོ་ལྔ་དང་བདུན་གྱི་ཁྲིམས་ཐག་བཅད་ནས་བཙོན་ཁང་དུ་བཅུག་པ་རེད། དེ་ནི་བོད་པའི་མི་སྐྱ་རྣམས་ཀྱིས་བནྡེ་ཡིན་ཁུལ་བྱས་པ་རེད། ཡང་དངོས་གནས་གྲྭ་པ་ཡིན་པ་རྣམས་ཀྱིས་ཀྱང་སྒོ་རྡུང་གི་རེད་ལ་སྒོ་བརྡུངས་ནས་ཅི་ཞིག་ཟེར་གྱི་རེད་ཟེར་ན། ངས་ག་ཤེད་ཅིག་ན་ལྷ་བཅའ་གི་ཡོད། རྟེན་བཞེངས་ཀྱི་ཡོད། ང་ལ་སྒོར་མོ་ཞིག་དགོས་ཀྱི་འདུག་ཟེར་གྱི་ཡོད། བྱེད་སྟངས་དེ་འདྲ་ཞིག་གི་དབང་གིས་ང་ཚོར་དུང་ཕྱུར་གསུམ་ལས་མེད་པ་རེད། ལར་ཁར་རྩང་དེ་རིང་སྙིགས་མའི་དུས་འདིར་ཐམས་ཅད་ནང་པ་སངས་རྒྱས་པ་ལ་ཞུགས་འགྲོ་བ་ཡང་དཀའ་མོ་རེད་ལ། གལ་ཏེ་ཞུགས་ན་ཡང་ལམ་ཉམས་སུ་བླངས་ནས་ཐར་པ་ཐོབ་པ་ཞིག་དེ་བས་དཀའ་མོ་རེད་དེ། ནང་པའི་ཆོས་ལ་དད་པ་ཙམ་སྐྱེས་སོང་ན་ཡང་ཅི་ལྟ་བུ་རེད། སྐྱབས་འགྲོའི་སྡོམ་པ་ཞིག་ཞུས་པ་ཡིན་ནའང་ཅི་འདྲ་ཞིག་མ་རེད། འོན་ཀྱང་ང་ཚོས་དེ་ལ་མི་བརྩོན་པར་སྒོར་མོ་ཁོ་ན་ལ་བརྩོན་ནས་བསྡད་ཡོད་པ་འདི་འདྲ་འདིས་བསྟན་པ་བཤིག་གི་ཡོད་པ་ལས་སྤེལ་གྱི་ཡོད་པ་མ་རེད། ད་ནས་བཟུང་ང་ཚོས་བསྟན་པ་ལ་བསམ་བློ་ཞིག་བཏང་ཕན་ཆོད་ལྷ་འབྲི་རྟེན་བཞེངས་ཆེན་པོ་ཞིག་མི་དགོས། སྔོན་གྱི་ལུང་བསྟན་ཡོད་སའི་ས་གནད་དག་ལ་རྟེན་བཞེངས་རེ་ཡོང་ན་སྤྱི་ཁྱབ་ཀྱིས་སངས་རྒྱས་ཀྱི་བསྟན་པ་དང་ཡུལ་ཁམས་སྤྱི་ལ་ཕན་ཐོགས་ཡོད་པ་རེད་མ་གཏོགས། དེ་བས་ཧ་ལས་པའི་མཆོད་རྟེན་དང་འདུ་ཁང་ཆེན་པོ་ཡང་བཞེངས་མི་དགོས། ཡང་ཕྱོགས་འགའ་ཞིག་ན་སྒོར་དུང་ཕྱུར་ལ་ཉེ་བའི་འགྲོ་སོང་བཏང་ནས་དམངས་ཁྲོད་ཕར་ཞོག་སྲིད་གཞུང་ལ་ཡང་མེད་པའི་འདུ་ཁང་ཆེན་པོ་དེ་འདྲ་བཞེངས་ཀྱི་འདུག་སྟེ། གཞན་ཞིག་གིས་བལྟས་ན་གཙོག་པ་ཞིག་ལས་ཅི་ཡང་ཡོད་པ་མ་རེད། ང་ཚོས་ཀུན་དགའ་ར་བ་ལས་རྒྱུར་མཚོན་ན་ཟངས་གསེར་གྱིས་འདྲ་དང་མི་འདྲ་ལས་རྒྱུ་དེ་རིགས་མི་བྱེད་རྒྱུའི་འཆར་གཞི་ཡོད། ཕར་ཕྱོགས་ཀྱི་ཁང་པ་འགའ་རེ་ལ་བཀབ་ཡོད་པའི་རྫ་གཡམ་དམར་པོ་རྩི་ཅན་དེ་འདྲ་རེས་ཐོག་འགེབ་རྒྱུ་སོགས་སྟབས་བདེ་ཞིག་ལས་ཀྱི་ཡིན། འོན་ཀྱང་ཆེ་ཆུང་དེ་ཙམ་མ་བྱས་ན་མི་ཤོང་བ་རེད།དེ་ལྟ་ང་ཚོའི་དགེ་འདུན་པའི་སྡེ་ཡང་ཆེན་པོ་རེད། ཚང་མས་ཕུ་རུབ་མདའ་རུབ་བྱས་ན་ཟངས་གསེར་གྱིས་རྒྱན་སྤྱད་ཅིག་རག་གི་རེད་དེ་དེ་ལ་དགོས་པ་ཆེར་མི་འདུག དེ་བས་བེད་སྤྱོད་ཡོད་ངེས་ཙམ་ལས་རྒྱས་སྤྲོས་འདྲ་མིན་མང་པོ་མེད་པ་ཞིག་ལ་ང་ཚོ་གྲོས་བྱས་ཡོད།

རྒྱ་གར་དུ་ཡང་གནའ་མུ་སི་ལམ་པའི་ཆོས་ལུགས་པ་དག་ཡོང་ནས་ནཱ་ལེནྡྲ་སོགས་བཅོམ་སྟེ། ཐ་ན་རྩིག་རྡོ་དག་ཀྱང་ཆུ་བོ་གང་གཱའི་ནང་དུ་གཡུགས་ནས་འགྲོ་བའི་རྒྱུ་མཚན་ཡང་ཕྱོགས་གཅིག་ནས་སེམས་ཅན་གྱི་ལས་ཀྱི་དབང་གིས་རེད་ཅེས་འགྲེལ་བཤད་རྒྱག་ཆོག་གི་རེད་ལ། ཕྱོགས་གཞན་ཞིག་ནས་གྲུབ་མཐའི་ཆགས་སྡང་གི་དབང་གིས་རེད་ཅེས་ལབ་ནའང་ཆོག་གི་རེད་དེ། རྒྱུ་རྐྱེན་གཞན་ཞིག་ནི་རྒྱ་གར་གྱི་དགོན་པ་དག་གི་ནང་དུ་གསེར་མང་ཆེ་བའི་དབང་གིས་ཀྱང་རེད། རྒྱ་གར་གྱི་པནྚི་ཏ་མང་པོས་བོད་ནས་གསེར་མང་པོ་ཁུར་བ་སོགས་ཀྱིས་སྐབས་དེར་དགོན་པ་དག་གི་ནང་གསེར་དངུལ་སོགས་རིན་པོ་ཆེའི་མཛོད་ལྟ་བུ་ཞིག་ཡིན་འདུགམུ་སི་ལམ་གྱིས་ཁྱབ་པའི་ཨ་རབ་སོགས་བྱེ་ཐང་ཡིན་པས་རང་རང་སོ་སོའི་ས་ཁུལ་ན་ཐོན་ཁུངས་བཟང་པོ་མེད་ཅིང་དཔལ་འབྱོར་རྗེས་ལུས་ཡིན་པས་ཚང་མ་རྒྱ་གར་དུ་ཡོང་ནས་དགོན་པ་རེ་རེའི་ནང་ནས་ཀྱང་གསེར་དངུལ་སོགས་རིན་པོ་ཆེའི་རིགས་གླང་པོ་ཆེ་དང་རྔ་མོང་གི་ཁལ་ལྔ་བརྒྱ་རེ་ཙམ་རེ་བཀལ་ནས་སོང་རབས་བཤད་འདུག་པ་ལྟ་བུ་རེད། དེང་སང་ང་ཚོས་ཕ་གི་སང་གི་འདུ་ཁང་ལས་འདོམ་པ་གང་ངམ་འདོམ་ཕྱེད་ཙམ་གྱིས་ཆེ་བ་དང་དེ་ལས་བཟང་བ་ཞིག་དགོས་ཞེས་རྩིག་རྨང་མ་བཞག་གོང་ནས་འགྲན་བསྡུར་མགོ་འཛུགས་ཀྱི་ཡོད་པ་དེ་དག་གི་མིང་ལ་འཇིག་རྟེན་ཆོས་བརྒྱད་ཟེར་བ་རེད།

གསེར་རྟ་རྫོང་ཐོག་ཏུ་ཡང་ཡར་སྔོན་ཞིག་ལ་སྒྲུབ་པ་བཏོན་ནས་སྟོབས་འགྲན་རེས་བྱས་ནས་གཅིག་སང་གིས་ཟོག་ཤ་རྐང་པ་གཅིག་གིས་ཤ་སྐལ་བཞི་བྱས། གཞན་ཞིག་གིས་དེ་ལས་ཆེ་བ་ཞིག་དགོས་པ་འདུག་བསམས་ནས་ཤ་རྐང་གཅིག་གིས་ཤ་སྐལ་གསུམ་བྱས། ཡང་གཞན་པ་ཞིག་གིས་དེ་ལས་ཀྱང་ཆེ་བ་ཞིག་དགོས་ཀྱི་འདུག་ཟེར་ནས་ཤ་རྐང་གཅིག་གིས་ཤ་སྐལ་གཉིས་བྱས་པ་རེད། དེ་འདྲའི་རིགས་དེ་ཡོངས་རྫོགས་ལ་ཆོས་བརྒྱད་ཟེར་བ་ལས་ཆོས་མ་རེད། མ་གཞི་འདི་ངས་ཞོར་ལ་བཤད་པ་ཙམ་ཡིན།

སྔོན་ཆད་ལོ་རྒྱུས་ཀྱི་ཐོག་ཏུ་བྱུང་མ་མྱོང་བའི་རིག་གནས་གསར་རྗེ་ཆེན་མོའི་སྐབས་ལྷ་ཁང་དང་མཆོད་རྟེན་ཡོངས་རྫོགས་བཤིགས་ཟིན་རྗེས། ཁར་རྩང་དེ་རིང་ཡང་བསྟན་པ་ཚུར་དར་ནས་ཡོད་པ་དེ་ལུང་རྟོགས་གཉིས་ཀ་རྒྱུད་ན་ཡོད་སའི་བླ་རྒན་གཅིག་གཉིས་རེ་ལྷག་ཡོད་པའི་དྲིན་གྱིས་རེད། གལ་ཏེ་གནའ་ནས་ཚང་མ་ཐོས་བསམ་སྒོམ་གསུམ་མེད་པར་ས་རྡོ་རྐྱང་རྐྱང་ལས་ནས་བསྡད་ཡོད་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ཟེར་བ་ཞིག་དེ་རིང་ཡོད་མི་སྲིད་མོད། དགོན་དཔོན་རྣམ་པའི་ཁ་ཕྱོགས་ནོར་ནས་ཡོད་པ་དེ་ཁོང་ཚོ་མང་ཆེ་བས་གོ་གིན་མེད་པ་རེད།

ཉི་མ་གནའི་བླ་མ་རྣམ་པའི་ལས་ཀ་དེ་ཐོས་བསམ་སྒོམ་གསུམ་དང་མཚན་སྙེན་སྒྲུབ་བྱས་ནས་འདུག་རྒྱུ་དེ་རེད། འོན་ཀྱང་། ཁར་རྩང་དེ་རིང་གི་བླ་མ་སྤྲུལ་སྐུ་རྣམས་ཀྱི་བྱ་བ་དེ་ཁྲི་ཐོག་ནས་མར་བབས་ནས་དགེ་བསྐོས་དང་སྦྱིན་བདག་གི་ལས་ཀ་ལས་ཀྱིན་ཡོད་པས་བླ་མའི་ལས་ཀ་དངོས་དེ་ལས་མཁན་མེད་ནས་ཡོད་པ་རེད། དེ་ཡང་ཐོས་བསམ་སྒོམ་གསུམ་བྱེད་མཁན་དང་བསྙེན་སྒྲུབ་ལས་གསུམ་བྱེད་མཁན་མེད་ཕན་ཆད་དེ་འདྲ་རེད། ཡང་མི་སྒེར་གྱི་མཚན་སྙན་སོགས་ཀྱི་ཆེད་ཁོ་ན་ཡིན་ཟེར་ན། མི་སྒེར་གྱི་བྱ་བ་ལ་འདི་ཆོག་དང་མི་ཆོག་ཟེར་རྒྱུའི་དབང་ཆ་དང་བབ་ཐང་ང་ཚོར་མེད་ན་ཡང་། གལ་ཏེ་སངས་རྒྱས་ཀྱི་བསྟན་པ་བསམ་པ་ཡིན་ཟེར་ན་ནི་བཤད་སྒྲུབ་གཉིས་ཀ་རྩ་བར་འཛིན་དགོས་པ་ལས་མཆོད་རྟེན་དང་ལྷ་ཁང་ཆེ་བ་ཙམ་གྱིས་མཆོད་རྟེན་དང་ལྷ་ཁང་གིས་སངས་རྒྱས་ཀྱི་བསྟན་པ་འདི་འདྲ་ཞིག་རེད་ཅེས་གསུང་གི་མ་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༣༧

སྒོར་མོར་རོལ་བསུ་བྱེད་པ། འགན་མི་འཁུར་བའི་ལས་ཀ།



མ་གཞི་དེང་སང་དགོན་པ་དག་གིས་ཀྱང་། མ་གི་ནས་རྒྱ་རིགས་ཚོང་པ་ལྟ་བུ་སྒོར་རྡོག་ཁ་ཤས་ཡོད་མཁན་རེ་ཡར་སླེབས་ཡོང་དུས་ཁྲི་ཐོག་ཏུ་བཞག་ནས་སྤྲུལ་སྐུ་བྱེད། དགེ་འདུན་པས་བསང་ཕུད་ནས་རོལ་བསུ་བྱེད་པ་དང་དར་ཁ་འཕེན་པ་སོགས་ཅི་འདྲའི་ངོ་ཚ་དགོས་པ་ཁོ་ན་བྱེད་ཅིང་འདུག དེ་འདྲ་བྱེད་མཁན་དེ་དག་ལ་སྒོར་མོ་མ་གཏོགས་བསམ་རྒྱུ་ཅི་ཡང་མེད་པའི་རྟགས་རེད་ལ། ངོ་མ་བཤད་ན་སྒོར་མོར་རོལ་བསུ་བྱེད་ཀྱི་ཡོད་པ་རེད། ཡང་བོད་ཡུལ་ན་ཡོད་དུས་མི་སྐྱ་ཕོ་མོ་བཅུ་གྲངས་ཤིག་བསྡུས་ནས་ཆོས་ཤིག་བཤད་དགོས་ན་ཡང་མི་ཤེས་མཁན་དེ་འདྲ་དེ་ཡང་མར་རྒྱ་ཡུལ་ལ་སླེབས་དུས་སྤྲུལ་སྐུ་ཆགས་ཀྱིན་ཡོད་པ་རེད། དེ་འདྲ་བྱས་ནས་རིམ་གྱིས་བསྟན་པ་མེད་པར་འགྱུར་གྱི་ཡོད། དེང་སང་རྒྱ་དག་གིས་ཀྱང་དེ་གོ་ཡོང་གིན་ཡོད་པ་རེད།ཁར་རྩང་དེ་རིང་ཡི་གེ་འདྲ་མིན་བྲིས་ནས་བཏོན་ཡོང་གིན་འདུག

འགན་མི་འཁུར་བའི་ལས་ཀ།

དེས་ན་དགོན་པ་དག་གིས་ཀྱང་སྤྲུལ་སྐུ་སོགས་ཀྱི་མིང་འདོགས་བཞིན་པ་འདི་རིགས་ལ་ཅུང་ཟད་གཟབ་གཟབ་མ་བྱས་ན་ཉི་མ་གཅིག་ལ་ཅུང་ཟད་དཀའ་མོ་ཞིག་ཨེ་བྱེད་ཀྱང་གོ་ས་མ་རེད། ང་ཚོའི་གཞུང་དུ།གང་ཟག་ཅིག་ལ་དགེ་ཚུལ་སློང་གི་སྡོམ་པ་གནང་ནས་སྒྲུབ་བྱེད་མཁན་པོ་སོགས་ཀྱིས་མ་བསྐྱངས་ན་ཤན་པའི་ལག་ལ་རལ་གྲི་བཞག་པ་ལྟ་བུ་ཡིན་གསུངས་འདུག་སྟེ། དགེ་སློང་ཞིག་མཁན་པོས་བདག་པོ་མ་བརྒྱབ་པ་ཡིན་ན་མི་གཅིག་གི་སྡོམ་པ་ཤོར་ན་ཐང་མོད། དེ་ནི་མི་གཅིག་གི་དོན་དག་ཙམ་རེད། དགོན་དཔོན་དག་གིས་ཁོ་རང་ཚོ་སྤྲུལ་སྐུ་ཡིན་མིན་མི་ཤེས་བཞིན་ཡར་མར་ཚང་མ་སྤྲུལ་སྐུ་རེད་ཟེར་ནས་ངོས་འཛིན་བྱེད་པ་འདི་ཁར་རྩང་དེ་རིང་གི་སྐད་ཆ་ལྟར་ན་དེ་ནི་དངོས་གནས་འགན་མི་འཁུར་བའི་ལས་ཀ་ཆེན་པོ་ཞིག་རེད།

དེ་བས་གལ་ཏེ་ངོས་བཟུང་བ་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སློབ་སྦྱོང་བྱེད་དུ་བཅུག་ན་སྤྲུལ་སྐུ་ཡིན་ཡང་མིན་ཡང་རྗེས་ནས་དོན་དག་ཡག་པོ་ཐོན་འགྲོ་སྲིད་ན་ཡང་དེ་ནི་བྱེད་ཀྱི་མེད།རྒྱ་གར་གྱི་གློག་བརྙན་ཞིག་གི་ནང་ན་ཁྲིམས་དཔོན་གྱི་བུ་དེ་ནམ་ཡང་ཁྲིམས་དཔོན་ཡིན་པ་རེད་ཅེས་བཤད་ཡོད་ཅིང་། རྒྱ་གར་དུ་གནའ་ནས་ཀྱང་ཚོང་པའི་བུ་ནམ་ཡང་ཚོང་པ་ཡིན་པ་སོགས་ཀྱི་ལུགས་སྲོལ་ཞིག་ཡོད་པ་རེད། དེ་དང་འདྲ་བར་བླ་མ་སྤྲུལ་སྐུ་ཞིག་གི་སྲས་ཡིན་ན་སྤྲུལ་སྐུ་ཡིན་པས་ཁྱབ་པ་ཁྲིམས་དཔོན་གྱི་བུ་ཡིན་ན་ཁྲིམས་དཔོན་ཡིན་པས་ཁྱབ་ཟེར་བའི་སྐད་ཆ་དེ་དང་འདྲ་བ་ཞིག་རེད་ཅེས་ཤོད་མཁན་ཡང་ཡོད། དེ་མིན་ན་ལས་བྱེད་པ་མཐོན་པོ་སོགས་ཀྱང་བན་རྒན་རྣམས་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཕན་ཆོད་དེ་རིགས་ཚང་མའི་བུ་རྒྱུད་རྣམས་ཀྱང་སྤྲུལ་སྐུར་འགྱུར་གྱི་ཡོད་པ་རེད། དེ་མིན་གཞན་མང་པོ་ཞིག་ལ་ཡང་ཕོ་ལོ་བཞི་བཅུ་ལྔ་བཅུའི་ནང་ནས་ཀྱང་བླ་རྒན་དག་གིས་སྤྲུལ་སྐུའི་མིང་འདོགས་ཀྱིན་འདུག སྤྱིར་སྤྲུལ་སྐུ་ཟེར་དུས་ཚེ་འདི་དང་ཚེ་ཕྱི་མ་གཉིས་ཀར་ལེགས་པའི་ལམ་དུ་འདྲེན་མཁན་ཡིན་དགོས་པ་ལ།སྒོར་རྡོག་གཅིག་གཉིས་ཞིག་ཡོད་པ་ཙམ་གྱིས་ཁྲི་ཁར་ཕུད་བཞག་ན་གང་འདྲ་ཡིན་ས་རེད། ང་ལ་མི་སྐྱ་རྩོམ་ཤེས་མཁན་མང་པོ་ཞིག་གིས། རྒྱ་བླ་ཁ་ཤས་ཀྱིས་ཁྱོད་ཀྱིས་ངའི་མིང་ཐོག་ནས་དེབ་ཅིག་བྲིས་པ་ཡིན་ན་ངས་ཁྱོད་ལ་སྒོར་མོ་ཁྲི་བཅུ་ཐམ་པ་སྦྱིན་ཟེར་མཁན་དང། ལ་ལས། ང་ལ་བསྟོད་པ་ལྡེབ་མ་གསུམ་བཞི་ཞིག་ཕྲིས་དང་སྒོར་མོ་ཁྲི་ཚོ་གཅིག་སྦྱིན་ཟེར་བྱུང་ཟེར་བ་ལྟ་བུ་རྩི་རྩི་གྲངས་མེད་ཤོད་རྒྱུ་འདུག སྙན་ངག་ངོ་མ་ཞིག་དེ་དག་གིས་ཀྱང་འབྲི་མི་ཤེས་ན་ཡང་མདོར་ན་ཆབ་བེ་ཆོབ་བེ་རེ་འབྲི་གི་རེད། དེ་འདྲ་རེ་བྲིས་ནས་མཐའ་ལ་རྒྱ་བླ་ཁོའི་མིང་བརྒྱབ་ན་སྒོར་མོ་ཁྲི་བཅུ་རེ་སྤྲོད་ཟེར་གྱི་ཡོད་པ་སོགས་དངོས་འབྲེལ་ཡིན་ངེས་རེད། མར་སོང་ནས་དད་ལྡན་དག་གི་ལག་ནས་སྒོར་མོ་དེ་ཙམ་མང་པོ་བླངས། ཡར་བོད་དུ་སླེབས་དུས་འདི་ལྟར་རང་རང་སོ་སོའི་ཁེ་སྙན་གྲགས་སྒྲུབ་ཀྱི་ཡོད་པ་འདི་དག་ཅི་འདྲའི་བླུན་པོའི་ལས་ཀ་རེད།གལ་ཏེ་སྒོར་ཁྲི་བཅུ་བྱིན་ནས་བརྩམས་ཡོང་ན་ཡང་སོ་སོ་ངོ་ཤེས་མཁན་ཚང་མས་ཁོ་རང་གིས་འདི་འདྲ་ཞིག་རྩོམ་མི་ཤེས་པ་ཅིའི་ཕྱིར་ཧ་མི་གོ

དེ་བཞིན་ཕྱི་རྒྱལ་གྱི་རོགས་སྐྱོར་ཚོགས་པ་མང་པོ་ཡོད་ཀྱི་ཡོད་པ་རེད། ལ་ལས་བོད་ཀྱི་རིག་གནས་ཉམས་ཀྱིན་འདུག་བསམས་ནས་ལྷག་བསམ་རྣམ་དག་གིས་རོགས་སྐྱོར་བྱེད་ཀྱིན་ཡོད་པ་རེད་ལ། མང་ཆེ་བ་ཞིག་ཡེ་ཤུའི་ཆོས་ལུགས་པ་རེད། ལར་ཡེ་ཤུའི་ཆོས་ལུགས་པར་མཁན་པོ་དང་སློབ་དཔོན་རབ་བྱུང་སོགས་ཁ་ཁར་ཆེར་མེད་པར་མང་ཚོགས་མི་སྐྱ་དག་གིས་ཆོས་སྤེལ་ནས་འགྲོ་གིན་ཡོད་པས་ཕར་ལྟས་ན་དགེ་རྒན་དང་སྨན་པ་ཡིན་པ་དག་དོན་ལ་མཁན་པོ་དང་དགེ་བསྐོས་ཀྱི་དོད་ལྟ་བུ་ཡིན་པས་ཁོང་ཚོས་བོད་ཀྱི་ནང་དུ་ཆོས་སྤེལ་རྒྱུ་ཨེ་རག་ལྟ་གི་རེད། ཁྱེད་ཚོས་བསམ་བློ་ལ་ང་ཚོ་བོད་པ་འདི་དད་པ་ཆེན་པོ་ཡིན་པས་སྒྱུར་མི་ཐུབ་སྙམ་ན། དེ་འདྲ་ཞིག་མ་རེད། དཔེ་ཞིག་བཞག་ན་རྒྱ་རྗེ་ཤྭ་ར་ཐང་མཚོན་ན་བོད་ཀྱི་ཡར་དཀྱིལ་མར་དཀྱིལ་ཞིག་རེད་དེ། ཁྱིམ་ཚང་བཅུ་ཉི་ཤུ་ཙམ་ཞིག་བོད་པ་ཡིན་བཞིན་ཡེ་ཤུའི་ཆོས་ལུགས་པ་རེད། ཁོང་ཚོའི་མི་ཞིག་ཤི་ན་ཡང་བོད་ཀྱི་བླ་མ་གདན་འདྲེན་ཞུ་གི་མེད་པར་མར་དར་རྩེ་མདོར་སོང་ནས་ཡེ་ཤུའི་ཆོས་ཁང་ནང་ནས་ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་དཔོན་ཁྲིད་ནས་ཆོས་འདོན་དུ་འཇུག་གི་རེད། རྐྱེན་དང་འཕྲད་མ་འཕྲད་ཙམ་ལས་རྐྱེན་དང་འཕྲད་ན་མི་སུ་འདྲ་ཞིག་ཡིན་ཡང་འགྱུར་འགྲོ་བ་ལས་སླ་པོ་རེད། དགོན་དཔོན་རྣམ་པས་ཀྱང་དེ་རིང་ཚོགས་གཅིག་འཚོགས་དགོས། མར་རྒྱ་མ་བཅུ་ཁུར་ཤོག་ཟེར། ཡང་སང་ཉིན་ཡང་གཅིག་འཚོགས་དགོས། ཁྱིམ་ཚང་རེས་ཤ་རྐང་པ་རེ་དང་། མར་རྒྱ་མ་བཅོ་ལྔ། སྒོར་མོ་ལྔ་བཅུ་རེ་ཁྱེར་ཤོག མ་ཡོང་ན་ཆད་པ་གཅོད་རྒྱུ་ཡིན་ཟེར་ནས་བསྡད་པ་ཡིན་ན་མང་ཚོགས་ཀྱིས། ཡེ་ཤུའི་ཆོས་ལུགས་པ་རྣམས་ཀྱིས་ཚུར་གནང་སྦྱིན་མ་གཏོགས་ཕར་མི་ལེན་པས་ཆོས་ངོ་མ་དེ་ཁོང་ཅག་གི་ཆོས་དེ་རེད་འདུག་སྙམ་སྲིད་ཀྱི་རེད། གང་རེད་ཅེ་ན། ང་ཚོའི་དགོན་པས་ཁྱིམ་པ་ཕོ་མོ་དག་ལ་དཔལ་སྤྲུལ་སྔོན་འགྲོ་ཙམ་ཡང་བཤད་མྱོང་མེད་སྟབས་ཆོས་ཀྱི་གོ་བརྡ་ནི་འཕྲོད་མེད། ས་ཁུད་ལུང་ཁུད་ཡིན་པས་ཡེ་ཤུའི་ཆོས་ལུགས་པ་དང་མུ་སྟེགས་པའི་ཆོས་བཤད་མཁན་ད་དུང་མ་ཐོན་པ་ཙམ་ཀྱིས་མ་གཏོགས་དཀའ་མོ་རེད། དེ་དུས་བན་རྒན་དག་གིས་ཁུ་ཚུར་རིལ་རིལ་བྱས་ནས་ཚེ་འདི་ཕྱིའི་འབྲེལ་བ་གཅོད་ཀྱི་ཡིན་ཟེར་ན་ཡང་། བཅད་མ་བཅད་མེད། ང་ཚོར་འདི་ན་ཆོས་ལུགས་གཞན་པ་འདུག་ཟེར་གྱི་རེད། འོན་ཀྱང་ཐོས་བསམ་ཡོད་པ་ཡིན་ན་སུས་ཀྱང་སྒྱུར་ཐུབ་ཀྱི་མ་རེད། སྨན་ཁང་དང་སློབ་གྲྭ་འཛུགས་མཁན་ཡོད་ན་འཛུགས་འཇུག་གི་རེད་དེ་སངས་རྒྱས་ཀྱི་བསྟན་པ་སྒོར་གཅིག་གཉིས་ཤིག་ལ་བརྗེ་གི་མ་རེད།
མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༣༨

དམངས་གཙོ་བདག་གཉེར།



རྒྱལ་ཁབ་ཀྱིས་ཀྱང་ལག་བསྟར་བྱེད་ཀྱི་མེད་པ་རེད་མ་གཏོགས། དཔེར་ན། སྤྱིར་བཏང་གི་ཚོ་དཔོན་ཁྱིམ་ཚང་བརྒྱ་ཉིས་བརྒྱ་ཞིག་གི་མགོ་ལ་ལྟ་མཁན་ཞིག་ལ་ཡང་སྟེང་ན་རྒྱལ་ཁབ་ཀྱིས་རིམ་པ་བཞིན་དུ་ལྟས་ནས་བསྡད་ཡོད་པ་རེད་དེ། དེ་ཡང་དམངས་གཙོས་འདེམས་བསྐོ་མ་བྱས་བར་དུ་འཇོག་མི་ཆོག་པ་ཡིན་ན།བོད་པའི་དགོན་པ་ཞིག་ཡིན་ན་དེས་ཚོ་པ་དེ་ལ་དབང་བསྒྱུར་གྱི་ཡོད་པ་རེད། དེ་ཡང་བོད་ཀྱི་ཚོ་པ་ཞིག་ལ་དབང་བསྒྱུར་དགོས་ན་དགོན་པ་ཞིག་ལ་དབང་བསྒྱུར་དགོས། དགོན་པ་ཞིག་ལ་དབང་བསྒྱུར་དགོས་ན་དགོན་དཔོན་དེ་ལ་དབང་བསྒྱུར་དགོས་ཞེས་རྒྱལ་ཁབ་ཀྱི་ཡིག་ཆའི་ནང་དུའང་ཡོད་པ་རེད། དེ་བདེན་པ་རེད།

ཚོ་པ་དེ་ཡག་པོ་དང་སྡུག་པོ་ཇི་ལྟར་བྱེད་ཀྱང་དགོན་པ་དང་། དགོན་པ་དེ་དགོན་བདག་ལ་ཐུག་ཡོད་ཅིང་། སྐྱ་སེར་ཡུལ་དགོན་གཉིས་ཀ་སྤྲུལ་སྐུ་དག་གི་ལག་པར་ཡོད་པ་ཡིན་ན། དེ་ལྟ་བུའི་སྤྲུལ་སྐུ་དེ་ཅི་ཡང་མི་ཤེས་མཁན། དགའ་ཕྱོགས་དང་མཐུན་ཕྱོགས་བྱས་ནས་མིང་བཏགས་པ། སློབ་སྦྱོང་མེད་པར་རྒྱ་ཡུལ་དུ་སོང་ནས་རྒྱུ་ཁོ་ན་རུགས་ནས་དེ་ངོ་སོ་མཐོན་པོ་བྱས་ནས་སྡོད་མཁན་ཞིག་ཡིན་ན་རེད་ས་འདུག་གམ་མི་འདུག་བསམ་བློ་ཐོངས། དེས་ན་ད་ཕན་ཆོད་བོད་ཀྱི་དགོན་བདག་རྣམས་ངེས་པར་དུ་དམངས་གཙོ་བདག་གཉེར་བྱེད་དགོས་ཀྱི་འདུག འོན་ཀྱང་། རྒྱལ་ཁབ་ཀྱིས་བཤད་བཞིན་པའི་དམངས་གཙོ་བདག་གཉེར་ཟེར་བ་དེ་ཆོས་ཀྱི་ཐོག་ནས་ཕན་ཐོགས་ཡོད་པ་ཞིག་ཡོང་གི་ཡོད་པ་མ་རེད།

ངས་འདིར་གང་ཤོད་ཀྱིན་ཡོད་པ་དེ་དགོན་དཔོན་རྣམས་ལ་དགག་པ་བརྒྱབ་པ་མིན་པར་གྲོས་གཞི་ཙམ་འདོན་གྱི་ཡོད། གྲོས་གཞི་འདོན་ཉེས་ཆེ་ཕལ་ཆེར་ཟེར་རྒྱུ་མ་རེད། ཁོང་ཚོས་མུ་མཐུད་དགོན་དཔོན་བྱེད་བསམ་ན་དགོན་དཔོན་བྱེད་རྒྱུའི་ནུས་པ་ཡོད་དགོས་པ་རེད།

མདོར་ན། དགོན་པ་རྣམས་སུ་བཤད་སྒྲུབ་གྱི་བསྟན་པ་ལེགས་པོ་རེ་ཡོད་ན་གྲྭ་པ་རྣམས་ཀྱིས་ཀྱང་དམ་པའི་ཆོས་རྣལ་མའི་དགོངས་པ་རྟོགས་ཤིང་། ཅི་རིགས་པ་རེ་ཉམས་སུ་ཡང་བླངས་པས་རང་མགོ་ཐོན་པ་ཞིག་འོང་། དེ་ནས་སེམས་ཅན་གཞན་པ་རྣམས་ལའང་ཐར་པའི་ལམ་སྟོན་བྱེད་ནུས་ཤིང་། དེའི་དབང་གིས་བསྟན་པ་རིན་པོ་ཆེ་ཡང་དར་རྒྱས་ཡུན་དུ་གནས་པ་དང་། སྐྱེ་འགྲོ་རྣམས་ཀྱང་སེམས་རྒྱུད་དུལ་བས་མི་གསོད་རྟ་བསྒྱེལ། མོ་གྱོད་ཁ་མཆུ། རྐུན་ཇག་དང་རྫུན་གྱིས་གཞན་མགོ་བསྐོར་བ་སོགས་མི་བདེ་བའི་རྒྱུ་རྣམས་ཇེ་ཉུང་དུ་སོང་ནས་འཕྲལ་དུ་བདེ་བར་འགྱུར། ལས་རྒྱུ་འབྲས་ལ་འཇུག་ལྡོག་ཚུལ་བཞིན་དུ་བྱེད་ཤེས་པ་དང་། དགེ་བའི་ལས་ལ་འབད་པས་ཡུན་གྱི་བདེ་སྐྱིད་ཀྱང་མི་ཉམས་པར་གནས་པར་འགྱུར་བ་ལ་ཐེ་ཚོམ་ཅི་ཡང་མི་དགོས་པ་ཞིག་ཡིན་པས།དེས་ན་དེ་ལྟར་བྱ་རྒྱུ་དེ་གལ་ཆེན་པོ་རེད།

འོ་ན། བཤད་གྲྭའི་སྒོ་ལ་ཞུགས་པ་ཡན་ཆད་ཀྱི་སློབ་ཚན་དངོས་དེ་ཅི་འདྲ་ཞིག་གི་ཐོག་ནས་འགྲོ་དགོས་ཟེར་ན། མ་མཐའ་དགེ་ཚུལ་གྱི་ཀ་རི་ཀཱ་ལྔ་བཅུ་པ་ནས་བཟུང་སྟེ། སྔགས་བླ་མེད་ཀྱི་བར་གྱི་སློབ་ཚན་ཐམས་ཅད་འཛིན་གྲྭ་སོ་སོར་བཅད་ནས་སྦྱོང་དགོས་ཤིང་། སྤྱི་ཁྱབ་ཀྱི་སངས་རྒྱས་པའི་ལྟ་བ་དང་སྒོམ་པ་སྤྱོད་པ་ཇི་ལྟ་བུ་ཞིག་ཡིན། ཉམས་ལེན་བྱ་ཚུལ་ཇི་ལྟ་བུ་ཡིན་སོགས་ཐམས་ཅད་ལ་སྦྱངས་ནས་རང་རང་སོ་སོས་ཉམས་འོག་ཏུ་ཚུད་པར་བྱ་རྒྱུ་དེ་གཙོ་བོའི་སྦྱང་བྱ་ཡིན་པ་གོ་དགོས།དེ་མ་གོ་ཕན་ཆད་ང་ཚོས་རང་གར་ཆོས་པ་ཡིན་ཟེར་ནས་གཟན་ཤམ་ཞིག་གྱོན་ཡང་དེས་ཆོས་པ་ཞིག་བྱེད་ཐབས་མེད། དེ་ནི་དཔེར་ན། ཡི་གེ་ཙམ་ཡང་མ་ཤེས་མཁན་ཞིག་གིས་དགེ་རྒན་བྱེད་ཐབས་མེད་པ་དང་། དམག་གི་སྒྲིག་ལམ་སོགས་གང་ཡང་མི་གོ་མཁན་ཞིག་གིས་དམག་གི་ལས་ཀ་བྱེད་ཐབས་མེད་པ་དང་གཅིག་པ་རེད། འོན་ཀྱང་ད་སྔོན་མང་པོ་ཞིག་གིས་ཆོས་ཟེར་བ་དེ་གང་ཡིན་གོ་ཡོད་པ་མ་རེད། ཆོས་ཤེས་དང་མི་ཤེས་ཟེར་བ་ཡང་གོང་དུ་བཤད་པ་བཞིན་གཏོར་མ་བཅའ་ཤེས་མི་ཤེས། རྒྱ་གླིང་འབུད་ཤེས་མི་ཤེས་སོགས་ཀྱི་ཐོག་ནས་དབྱེ་རྒྱུ་ཙམ་མ་གཏོགས་གཞན་ཅི་ཡང་ཤེས་ཀྱི་ཡོད་པ་མ་རེད། དགོན་པ་རྣམས་ལ་དང་པོ་ནས་འཛིན་གྲྭ་ཁག་མང་པོར་བགོས་ནས་སྦྱོང་རྒྱུའི་ཆ་རྐྱེན་ཡོད་མེད་ཅི་རིགས་ཡོད་རྒྱུ་རེད་དེ། གང་ལྟར་སྤྱིའི་ཆ་ནས་ངེས་པར་དུ་སློབ་སྦྱོང་གི་ལམ་ལུགས་ཡང་དག་པ་ཞིག་འཛུགས་དགོས།

རང་རེའི་ཆོས་སྒར་འདི་ལ་མཚོན་ན་རྩ་བའི་ཆ་ནས་རིག་གནས་སྦྱོང་མཁན་མ་གཏོགས་ཆེར་མེད་ན་ཡང་དེང་སང་འདིའི་གཡས་གཡོན་ན་ཡང་སྒྲུབ་པ་འདོན་རྒྱུ་མང་ལ་ཁད་བྱེད་ཀྱི་འདུག སྔོན་བླ་མ་ཡིད་བཞིན་ནོར་བུ་བཞུགས་པའི་རིང་། ཟབ་གསང་དགེ་བསྐོས་ཡིན་པའི་ཐད་སོ་ནས་སྒར་ནས་སྒྲུབ་པ་མང་པོ་བཏོན་ན་བནྡེ་རྣམས་ཀྱི་སློབ་གཉེར་ལ་འགལ་རྐྱེན་དུ་འགྱུར་གྱི་འདུག་ཅེས་གསུངས་པ་རེད། བནྡེ་རྣམ་པར་ན་ཚ་ཤི་ཆད་རེ་ཡོང་བ་ཡིན་ན་ཅུང་ཟད་རེ་མི་འདོན་ཐབས་མེད་རེད་མ་གཏོགས། དེ་མིན་འབྲོག་པ་ཁ་ཉེ་ཐག་ཉེ་ན་ཡོད་པ་ཚང་མའི་འདོན་པ་འདིར་ཁུར་ཡོང་ནས་འདོན་རྒྱུ་དེ་རིགས་བྱ་རྒྱུ་མེད། དེ་ལྟར་མི་ཆོག་པའི་ཁྲིམས་དང་སྒྲིག་ལམ་ཡོད་པ་རེད། དེ་དང་འདྲ་བར་དགོན་པ་སོ་སོས་ཀྱང་སློབ་གཉེར་ཅི་ཡང་བྱ་རྒྱུ་མེད་པར་སྒྲུབ་པ་ཁོ་ན་བཏོན་ནས་སྡོད་མི་རུང་བར་ཐོས་བསམ་སློབ་གཉེར་བྱ་དགོས།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༣༩

ཤེས་རིག་དཔལ་འབྱོར་གྱི་དུས་རབས།



གོང་དུ་ཡང་ཡང་བཤད་ཟིན་པ་ལྟར་། དེང་སང་རྒྱལ་སྤྱིའི་ཚིག་མཛོད་ཀྱི་ནང་དུ་ཐ་སྙད་གསར་པ་མང་པོ་ཞིག་བསླེབས་ཟིན་པ་རེད། ཐ་སྙད་གསར་པ་བསླེབས་པའི་རྒྱུ་མཚན་ནི་ལས་རིགས་གསར་བ་མང་པོ་དར་བཞིན་པའི་སྟོབས་ཀྱིས་རེད། དེས་ན་ཁར་རྩང་དེ་རིང་གི་དུས་འདིར་ཡང་ཕྱོགས་གཅིག་ནས་ཤེས་རིག་དཔལ་འབྱོར་གྱི་དུས་རབས་སུ་འབོད་བཞིན་ཡོད་ཅིང་། དེའི་གོ་དོན་ཡང་། གནའ་ནང་བཞིན་རྐོ་མ་དང་སྟྭ་རེ་ལྕགས་ཁེམས་སོགས་བཟུང་ནས་དཔལ་འབྱོར་གོང་འཕེལ་གཏོང་བའི་དུས་རབས་མ་ཡིན་པར། ཤེས་རིག་དང་ཚན་རིག་གི་ལག་རྩལ་མཐོ་ཤོས་རྣམས་ལ་བསྟེན་ནས་དཔལ་འབྱོར་སྒྲུབ་བཞིན་པའི་དུས་སྐབས་ཤིག་ལ་ཐོན་ཟིན་པ་རེད། དེའི་སྟབས་ཀྱིས་སུ་དང་སུ་ཡིན་ན་ཡང་ཤེས་རིག་སློབ་སྦྱོང་བྱ་རྒྱུར་ནན་ཏན་དཔེ་མེད་པ་བྱེད་ཀྱི་ཡོད་ན་ཡང། ང་ཚོས་ད་དུང་སློབ་སྦྱོང་བྱེད་དགོས་སྣང་ཙམ་ཡང་མེད་པར་གར་འཆམ་དང་སྒྲུབ་མཆོད་ཙམ་ལ་གལ་ཆེན་དུ་བརྩིས་ནས་བསྡད་ཡོད། འོན་ཀྱང་མི་སྐྱ་ཕོ་མོ་ཚོས་ནི་ད་ལྟ་སྔོན་ཆད་ལྟར་གར་འཆམ་ལྟ་བུ་འདི་རིགས་ལ་དགའ་སྣང་བྱེད་ཀྱི་མེད། གར་འཆམ་སོགས་ལ་འཆམ་རྒྱུ་གཅིག་མཚུངས་ལྟ་བུ་ཞིག་ལས་མེད་སྟབས་དེང་སང་ཚེས་བཅུ་དགུ་གཏོར་འདི་རིགས་མཇལ་མཁན་ཉུང་ཤོས་མ་གཏོགས་མེད། མི་སྐྱ་ཁ་ཤས་རེ་སླེབས་ཡོད་པ་དག་ནི་ཚོང་ཁེ་དང་གྱོད་དོན་ཐག་གཅོད་སོགས་ཀྱི་ཆེད་ཁོ་ན་ཡིན། དུས་རྒྱུན་ཁོང་ཚོའི་རིགས་ཀྱིས་གྱོད་ཁ་མཆུ་ཡོད་ན་ཚེས་བཅུ་དང་དགུ་གཏོར་གྱི་སྐབས་སུ་བཤད་ཟེར་ནས་འཛོམ་དུས་བཟོ་བཞིན་ཡོད། ལར་བསྐྱེད་རིམ་གྱི་གདེངས་དང་ལྡན་པ་ཞིག་གིས་འཆམ་འཆམས་པ་ཡིན་ན།རྐང་བ་གཡས་བཀྱགས་ན་གཡས་ཀྱི་སྒྲིབ་པ་འདགགཡོན་བཀྱགས་ན་གཡོན་གྱི་སྒྲིབ་པ་འདག་གསུངས་པ་རེད་དེ། དེ་འདྲ་གང་ཡང་མེད་པར་ལད་མོ་ཙམ་བྱས་ན་ཕན་ཡོན་ཆེན་པོ་གང་ཡང་མེད།

གལ་ཏེ་ཅིས་ཀྱང་དགོན་པ་རང་ལ་སློབ་གཉེར་བྱེད་པའི་ཆ་རྐྱེན་མི་ལྡན་ན་གྲྭ་པ་རྣམས་གྲྭ་ས་གཞན་དུ་སློབ་གཉེར་བྱེད་སར་གཏོང་དགོས།

དེ་ཡང་དཔེར་ན་རྒྱལ་ཁབ་ཞིག་ལ་མཚོན་ན། ཀྲུང་གོས་ཕྱི་རྒྱལ་དང་ཕྱི་རྒྱལ་གྱིས་རྒྱ་ནག་ལ་སློབ་སྦྱོང་ལ་མངགས་པ་སོགས་བྱེད་པ་ལྟ་བུ་རེད། རྒྱལ་ཁབ་དག་གིས་ཀྱང་གཅིག་གིས་གཅིག་ལ་སློབ་སྦྱོང་དགོས་ན་ང་ཚོའི་དགོན་པ་དག་གིས་གཅིག་གི་གཅིག་ལ་སློབ་སྦྱོང་ཅིའི་ཕྱིར་མི་དགོས། འོན་ཀྱང་དགོན་པ་འགའ་རེའི་གྲྭ་བ་རྣམས་ཡར་མར་གང་ལའང་མི་མངགས་པར་མ་ཟད། གྲྭ་བ་འགའ་རེ་གཞན་དུ་སློབ་གཉེར་ལ་སོང་ནས་དུས་མཆོད་ལ་འཚོགས་མ་ཐུབ་པ་དག་ལ་སློབ་གཉེར་དུ་ཕྱིན་པར་ངོ་སོ་མེད་པར་ཉིན་རེར་མ་བསླེབས་ན་ཡང་སྒོར་མོ་ཉི་ཤུ་རྩ་ལྔའི་ཆད་པ་གཅོད་ཀྱིན་ཡོད་འདུགདེ་ནི་མི་སྐྱ་དག་གི་ཉིན་རེའི་ངལ་རྩོལ་གྱི་ལས་གླ་དང་བསྡུར་བ་ཡིན་ས་རེད། དེ་རིགས་ནི་བྱ་བ་ཐ་ཤལ་རེད། ངོ་མ་བཤད་ན་དབྱར་གནས་ལྟ་བུ་ཡིན་ན་ལས་བརྗོད་དགོས་པས་བཞི་ལས་མང་བ་དགོས་པ་རེད་མ་གཏོགས། གཞན་སྤྱིར་བཏང་གི་ཚོགས་པ་ཞིག་ཡིན་ན་ཉུང་ཉུང་ཙམ་རེས་འཚོགས་ཀྱང་ཆོག་ལ་རྔ་རྡུང་རྒྱུ་སོགས་འདི་རིགས་མེད་ན་ཡང་ཆེར་མི་སྐྱོན། ཁར་རྩང་དེ་རིང་རོལ་མོ་མཁས་པ་དག་གིས་རྐང་ལག་གཉིས་ཀྱིས་རོལ་མོ་བཅུ་གྲངས་རེ་རྡུང་ཐུབ་ཀྱི་ཡོད་ལ། ལྷ་སའི་བར་སྐོར་ནང་ན་ཡང་བན་རྒན་ལ་ལས་རྔ་ཆ་ལང་རྐང་དུང་སོགས་ཚང་མ་མི་རེས་བརྡུངས་ནས་བསྡད་འདུག དེ་འདྲ་ཡིན་ན་མི་གཅིག་གིས་མི་ཁ་ཤས་ཤིག་གི་གོ་ཆོད་པ་བཟོས་བཞག་ནའང་འགྲིག་ས་རེད།བཞད་མོ་བཞད

གལ་ཏེ་ཕྱི་ལ་དཔེ་ཆ་ལྟ་སར་ངེས་པར་དུ་འགྲོ་མི་ཆོག་ན་སོ་སོའི་དགོན་པའི་ནང་དུ་དཔེ་ཆ་ལྟ་ས་ཡོད་དགོས། དགོན་པའི་སྒྲིག་ལམ་དོམ་མི་དོམ་གྱི་དཀའ་ངལ་ཆེན་པོ་མེད་ན་སོ་སོར་བཤད་གྲྭ་ཡོད་ཀྱང་ང་ཚོའི་བཤད་གྲྭ་ལས་གཞན་གྱི་བཤད་གྲྭར་སོང་ན་ཆད་པ་ཡོད་ཟེར་མཁན་དེ་རིགས་ལ་ཡང་རྒྱུ་མཚན་མེད་པ་རེད།དཔེ་ཆ་གང་ནས་ལྟས་ཀྱང་གཅིག་པ་རེད། ཁྱད་པར་དུ་བར་སྐབས་ཤིག་ནས་དགོན་པའི་བཤད་གྲྭ་ཁག་ཇི་ལྟར་བཟང་རུང་མཐའ་རྒྱ་ཆོད་པའི་སློབ་གཉེར་བྱེད་ས་ཞིག་ཡོད་རྒྱུ་མ་རེད། སྤྱི་ཚོགས་ཐོག་གི་འགྲོ་ལུགས་ཀྱང་སློབ་ཆེན་ཚང་མའི་ནང་ནས་རབ་འབྱམས་པ་འདོན་ས་མེད་པར་སློབ་མ་བཟང་ཤོས་དག་ལོགས་སུ་བདམས་ནས་རབ་འབྱམས་པ་འདོན་སར་མངགས་ཀྱིན་ཡོད་པ་བཞིན། དཔེ་ཆའི་གཞི་རྐང་ཅུང་ཟད་ཚུགས་མཚམས་དེ་བས་ཆེ་བའི་གྲྭ་ས་ཞིག་ཏུ་སློབ་སྦྱོང་བྱེད་དུ་བཅུག་ན་རབ་འབྱམས་པ་རྗེས་མ་ཕྱིར་རང་དགོན་ལ་ལོག་ཡོང་གི་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༤༠

སྤོང་ཀློག་གི་བྱ་བ་བྱེད་པའི་མགོ་དཔོན།



དེ་ཡང་། བསྟན་པའི་ལྷག་འཕྲོ་ཞེས་བརྗོད་དགོས་པའི་རྒྱུ་མཚན་ནི། གཞུང་མང་པོ་ཞིག་ལ་ལྟས་པ་ཡིན་ན་ཁྲིད་རྒྱུན་དང་ལུང་རྒྱུན་མེད་པ་དང་། ཅུང་ཟད་ཡོད་པ་དག་ཀྱང་དཔེ་ཐོག་བྲོ་རྡུང་ཙམ་ལས་མི་འདུག་པས་འདི་རིགས་རྒྱུན་འཐུད་ཐུབ་བྱ་དགོས་ན་དེ་ནི་འཆད་ཉན་དང་སྒོམ་སྒྲུབ་ཁོ་ན་ལ་རག་ལས་ཡོད་ཅིང་།དེ་ཡག་པོ་ཡོང་མིན་ཡང་མཐར་གཏུགས་ན་དགོན་དཔོན་ཁོ་ན་ལ་རག་ལས་ཡོད། དེ་ཡང་དགོན་དཔོན་གྱི་བྱ་བ་ནི་དགོན་པའི་ནང་གི་ལས་ཀ་དང་བྱ་བ་གང་ཡོད་པར་བདག་གཉེར་དང་མགོ་ཁྲིད་དགོས་པ་དེ་རེད།དགོན་པའི་ནང་དུ་བྱ་བ་གང་ཡོད་པ་རེད་ཟེར་ན། དགོན་པ་ནི་དགེ་འདུན་པ་བཞུགས་ས་རེད་ལ། དགེ་འདུན་པའི་བྱ་བ་ནི་བཤད་སྒྲུབ་རེད། དགེ་འདུན་པ་ནི་སྤོང་ཀློག་གི་བྱ་བ་བྱེད་མཁན་རེད། དེའི་ཕྱིར་ན་དགོན་དཔོན་རྣམ་པ་ཡང་སྤོང་ཀློག་གི་བྱ་བ་བྱེད་པའི་མགོ་དཔོན་ཡིན་དགོས་ཤིང་། དགོན་དཔོན་རྣམ་པས་བསམ་བློ་བསྒྱུར་བཅོས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། སོ་སོས་སློབ་སྦྱོང་མི་འཇོན་ན་ཡང་མི་སྣ་གོ་ཆོད་མཁན་དག་ཡར་མར་མངགས་ནས་སློབ་སྦྱོང་བྱེད་དུ་འཇུག་དགོས། དེ་ཡང་རྒྱ་ནག་ལ་ཀྲིན་ལེན་ཟེར་བའི་མི་ཞིག་ཡོད། ཁོང་ནི་ཀྲུང་གོའི་དངོས་ཁམས་རིག་པའི་ཐོག་ནས་ནོ་ཝེར་གྱི་བྱ་དགའ་ཐོབ་མཁན་གཅིག་པུ་དེ་རེད། ཁོང་དང་པོ་གོ་མིན་ཏང་གིས་ཨ་རི་ལ་གཞུང་གིས་སློབ་ཡོན་སྤྲད་ནས་སློབ་སྦྱོང་དུ་བཏང་བ་བཞིན་ཁོང་གིས་སློབ་སྦྱོང་བྱས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་མགོ་ལ་སྟག་སྤུ་འཛེར་བ་རེད། དེས་ན་གྲྭ་པ་ཡག་པོ་ཞིག་སློབ་སྦྱོང་གི་ཆེད་དུ་མངགས་པ་ཡིན་ན་མ་མཐའ་ཡང་ལོ་གསུམ་བཞི་ནས་དཔལ་སྤྲུལ་སྔོན་འགྲོ་དང་སྤྱོད་འཇུག་ལྟ་བུ་རེ་བཤད་ཤེས་པ་ཆགས་ཡོང་གི་རེད། དང་པོ་མི་བཞི་ལྔ་ཞིག་བཏང་བའི་དབང་དུ་བཏང་ན་ལོ་བཞི་ལྔ་ནས་དེའི་ནང་ནས་གཅིག་གཉིས་ཤིག་ཕྱིར་འཐེན་བྱས་ནས་རང་གི་དགོན་པའི་ནང་དུ་དཔལ་སྤྲུལ་སྔོན་འགྲོ་སོགས་སློབ་ཏུ་བཅུག གཞན་པ་དག་གིས་མུ་མཐུད་སློབ་སྦྱོང་བྱས་ན་དེ་དག་མཁས་པ་ཆགས་ཡོང་གི་རེད། དེའི་མཚམས་ནས་དེ་དག་ཚུར་བོས་ནས་སློབ་ཁྲིད་བྱེད་དུ་བཅུག་སྟེ། སྔར་གྱི་དེ་དག་ལ་མུ་མཐུད་དུ་སློབ་གཉེར་བྱེད་དུ་བཅུག་པ་ཡིན་ན་དེ་ནས་བཤད་གྲྭ་ཚུགས་ཐུབ་ཀྱི་རེད། བྱས་ན་བྱེད་རྒྱུ་ཡོད་པ་རེད།བླ་རུང་སྒར་ལ་ཡང་དེ་ལྟ་བུའི་དགོན་པ་དག་གིས་དམིགས་བསལ་ལོ་རྒྱུས་རྒྱུ་མཚན་བཤད་ནས་བན་ཆུང་འདི་དག་གིས་དཔེ་ཆ་ཡག་པོ་ཞིག་ཤེས་ཐབས་སུ་མགོ་འདྲེན་གནང་རོགས་གསུངས་པ་ཡིན་ན། ང་ཚོས་ཀྱང་། མཁན་པོ་ཨང་དང་པོ། འདི་ནི་བསམ་པ་དཀར། འདིས་ངེས་པར་ལྟ་རྟོག་བྱེད་ངེས་སྙམ་པ་ཞིག་ལ་གཏད་ནས་དམིགས་བསལ་གསོ་སྐྱོང་བྱེད་ཆོག་གི་རེད། ཡིན་ན་ཡང་ཁོང་ཅག་གིས་དེའི་ཕྱོགས་ལ་བསམ་བློ་གཏོང་གི་མི་འདུག

མདོར་ན། ད་ཕན་ཆད་དགོན་པ་ཚད་ལྡན་ཡིན་མིན་གྱི་ཚད་གཞི་དངོས་དེ་ཅི་ཞིག་གིས་འཇོག་དགོས་ཟེར་ན། དགོན་པར་གྲྭ་པ་མང་ཉུང་དང་མཆོད་རྟེན་ཆེན་པོ་ཡོད་མེད་སོགས་ཀྱིས་དབྱེ་མི་ཉན་པར་གྲྭ་གསུམ་ཚང་ན་དགོན་པ་ཚད་ལྡན་དང་གྲྭ་གསུམ་མ་ཚང་ན་དགོན་པ་ཡན་ལག་མ་ཚང་བ་ཡིན་པར་རྩི་དགོས། དེ་ཡང་གྲྭ་གསུམ་ནི། ཡིག་གྲྭ་དང་བཤད་གྲྭ་སྒྲུབ་གྲྭ་གསུམ་ཡིན་ཞིང་། འདི་གསུམ་མ་ཚང་བའི་དགོན་པ་ནི་རྒྱ་ཡུལ་གྱི་དགོན་པ་ཕལ་མོ་ཆེ་ལྟར་གྲྭ་པ་རྣམས་ཀྱི་ཁྱིམ་ཙམ་དུ་འགྱུར་བ་ཡིན་གྱི་བསྟན་འགྲོ་ལ་ཕན་པའི་དགོན་པ་དངོས་དེ་མིན།

འདུ་ཤེས་རྙིང་པའམ་ཀླད་པ་རྙིང་པ།



དེས་ན་སོ་སོའི་དགོན་པར་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ཀ་མེད་པ་དེ་འདྲའི་རིགས་ཀྱི་དགོན་དཔོན་དེ་ང་ཚོས་ཀླད་པ་རྙིང་པ་ཟེར་བ་དེ་རེད། བོད་པ་གསར་པ་དག་རྒྱ་གར་ལ་སླེབས་སྐབས་ཀླད་རྙིང་ཟེར་གྱི་འདུག་ཟེར་ཏེ་ཁོང་ཅག་གི་བཤད་པ་དེ་དངོས་ཡོད་གནས་ཚུལ་རེད། ང་ཚོ་ཀླད་རྙིང་དངོས་གནས་ཡིན་པ་རེད། འོན་ཀྱང་ང་ཚོས་ཅི་ཡང་མི་ཤེས་པས། དེ་མ་ཐག་སྤྲོ་ལངས་ཏེ་ཁུ་ཚུར་འཕྱར་བཞག་གི་ཟེར། གཞན་དག་གིས་ཁྱོད་ཀླད་རྙིང་རེད་ཟེར་དུས་སྤྲོ་ལངས་པ་དེ་རྙིང་ཐོག་རྙིང་བཞག་རེད། དེ་ནི་བོད་པ་དག་གིས་གཙང་སྦྲ་མ་བྱས་པར་དྲི་ངན་བྲོ་བར་རྒྱ་དག་གིས་སྣ་འགེབས་དུས་བོད་པ་དག་གིས་ཀྱང་ཕར་སྣ་འགེབས་ཁུལ་བྱེད་པ་དང་གཅིག་པ་རེད། ང་ཚོ་བོད་དག་གི་ནང་དུ་ཡང་དེ་ཙམ་སྤྱང་གྲུང་འཛོམས་དང་མི་འཛོམས་ཀྱི་ཁྱད་པར་ཡོད་པ་རེད། ཡང་ཀླད་པ་རྙིང་དགོས་ས་ཞིག་ལ་ངེས་པར་དུ་རྙིང་དགོས་མ་གཏོགས་ཚང་མ་གསར་བ་བྱས་ན་ཡང་འགྲིག་གི་མ་རེད། ཀླད་པ་གསར་པ་ཟེར་བ་དེ་དོན་ལ་འདུ་ཤེས་གསར་པ་ཟེར་དགོས་པ་རེད། དངོས་གནས་བྱས་ན་ཀླད་རྙིང་ཟེར་རྒྱུ་ཡང་མ་རེད། མདོ་ཚུར་བསྡུ་ན་མཐའ་གཉིས་སུ་ལྷུང་མི་ཉན་པ་འདི་སེམས་ལ་འཛིན་དགོས།

དུས་མཚུངས་སུ་དམ་པ་གོང་མ་རྣམས་ཀྱིས་བཞག་པའི་འབུད་རྡུང་བཀྲོལ་གསུམ་དང་གར་དབྱངས་ཐིག་གསུམ་སོགས་ཀྱང་རྒྱུན་འཛིན་ངེས་པར་བྱེད་དགོས། ང་ཚོ་དཔེ་ཆ་བ་རྣམས་ཀྱིས་འདིའི་རིགས་ལ་མཐོང་ཆུང་བྱས་ནས་འབུད་རྡུང་བཀྲོལ་གསུམ་སོགས་ངན་པ་ཞིག་ཏུ་འཇོག་གི་རེད་དེ། དེ་འདྲ་ག་ལ་ཡིན།འདི་ཡང་མེད་དུ་མི་རུང་བ་ཞིག་རེད། ང་ཚོས་ཀྱང་གར་དང་དབྱངས་སོགས་མ་སྦྱངས་ཀྱང་། ཐིག་ལ་མཚོན་ན་སྒྱུ་འཕྲུལ་གྱི་ཐིག་འདི་རིགས་སྦྱོང་རྒྱུ་གལ་ཆེན་དོན་ཆེན་དུ་རྩིས་ནས་སློབ་དཔོན་གདན་འདྲེན་ཞུས་ཏེ་ཆེད་དུ་སྦྱངས་པ་རེད། ད་དུང་ཡང་སྦྱོང་གི་རེད། དེས་ན་ཐིག་བླུགས་རྒྱུ་དང་ཚོན་བཀྱེ་རྒྱུ། དེ་བཞིན་ཕྱག་རྒྱ་བཅའ་སྟངས་དང་ཐ་ན་ལྷ་སྐུ་དང་ཚ་ཚ་ཞིག་ལ་གཟུངས་གཞུག་ཅིག་འཇོག་སྟངས་ཡན་ཆད་སྦྱངས་ནས་འདི་དག་གི་ལག་ལེན་རྟོག་བཟོ་དང་གཟུ་ལུམ་དུ་མ་སོང་བ་ཞིག་ངེས་པར་དུ་དགོས། གསར་མ་པར་མཚོན་ན་རྒྱུད་པ་གྲྭ་ཚང་གི་ནང་དུ་སླེབས་སྐབས་དུས་ཡུན་ངེས་ཅན་ཞིག་ལ་མཆོད་དཔོན་དང་དེ་ནས་དབུ་མཛད་འཁུར་འཇུག་གི་རེད། ང་ཚོས་དབུ་མཛད་དང་མཆོད་དཔོན་ཁུར་མ་ཐུབ་ཀྱང་ཤེས་ངེས་པར་དུ་དགོས། ཕྱག་རྒྱ་ལ་སོགས་པ་འདི་ཤིན་ཏུ་གལ་ཆེ་བའི་གསང་སྔགས་ཀྱི་ཡན་ལག་རྐྱང་རྐྱང་རེད། ང་ཚོས་ཁ་རྐྱང་པས་སྒྱུ་འཕྲུལ་ལྟ་བུ་ཞིག་བཤད་པ་ཡིན་ན་ཡང་ཕྱག་རྒྱ་ལ་ལ་གོ་མི་ཐུབ་པ་དེ་འདྲ་འདུག་ལ། ཐིག་ལ་ནི་དེ་བས་མི་གོ་ས་མང་པོ་ཡོད་པ་རེད། ཁར་རྩང་དེ་རིང་གི་བཤད་སྟངས་བྱས་ན་ཐིག་གདབ་སྟངས་འདི་རིགས་ཀྱི་ནང་དུ་ཡང་རིག་གནས་ཀྱི་རྣམ་གྲངས་མང་པོ་ཞིག་རང་ཤུགས་ཀྱིས་འདུས་ཡོད་པས་ཀྱང་ངེས་པར་དུ་སྦྱོང་དགོས། འོན་ཀྱང་དགོན་པ་ལ་ལ་མི་ཚེ་གཅིག་ལ་སོ་སོའི་ཟ་ཆོག་བྱས་ནས་བཏོན་ན་ཡང་།གལ་ལ་ཐུག་དུས་དཔེ་ཆ་ཕར་ཟད། ཐིག་གཅིག་བླུག་དགོས་ན་ཡང་མི་ཤེས་མཁན་དེ་འདྲ་འདུག དེ་འདྲ་རྩ་བ་ནས་བྱེད་རྒྱུ་མེད། འོན་ཀྱང་འདི་ཁོ་ན་ལ་གཡེངས་ནས་བསྡད་ན་མི་འགྲིག་ཅིང་། མིང་སྨོས་ན་མ་དགའ་བ་བྱེད་ཀྱི་རེད་མ་གཏོགས་དགོན་པ་འགའ་རེས་དུས་མཆོད་ཁོ་ན་གལ་ཆེན་བྱེད་པ་ལས་བླ་མ་མི་ཕམ་པས་གཏམ་ཚོགས་སུ། རྙིང་མ་ཚོས་ཐོས་བསམ་དགོས་ནི་མི་ཟེར། ཞེས་གསུངས་པ་ལྟར། དཔེ་ཆ་ལ་དོ་སྣང་གཏན་ནས་བྱེད་ཀྱི་མི་འདུག དེས་ན་ད་ནས་ང་ཚོས་བསྟན་པའི་ལྷག་འཕྲོ་ཅུང་ཟད་ལུས་པ་འདིར་བཤད་སྒྲུབ་ཀྱི་གཞི་རེ་འཛུགས་པ་ཁོ་ན་ལ་འབད་དགོས།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༤༡

ནུབ་ཞི་བདེ་རྒྱ་མཚོའི་ནག་བྲན་གྱི་ཉོ་ཚོང་།


རྒྱ་ཡིག་དང་དབྱིན་ཡིག་སོགས་སུ་ཡོད་པའི་འཛམ་གླིང་ལོ་རྒྱུས་ཀྱི་ཡི་གེར་ཞིབ་ཏུ་ལྟོས་དང་།འཛམ་བུ་གླིང་གི་ཐོག་ན་མང་ཚོགས་ཀྱི་བསམ་པ་དང་མ་བསྟུན་པར་རང་རང་སོ་སོའི་དབང་ཤུགས་ལ་བསྟེན་ནས་མང་ཚོགས་ལ་བཙན་དབང། གཉའ་ནོན། གཤུ་བཞོག་སོགས་བྱེད་མཁན་དེ་དག་མཐར་དཔེར་ན།ཨ་ཧྥེ་རི་ཀའི་མྱི་ནག་ལ་བསམ་བློ་ཞིག་བཏང་བ་ཡིན་ན་སྔོན་མ་མི་ལོ་བཞི་བརྒྱའི་རིང་ལ་ནུབ་ཕྱོགས་ཡོ་རོབ་པ་དང་ཨ་མི་རི་ཀ་པ་དག་གིས་དུད་འགྲོའི་འདུ་ཤེས་ལས་མི་ཞིག་གི་འདུ་ཤེས་རྩ་བ་ནས་མ་བཞག་པར་ཁར་རྩང་དེ་རིང་བོད་པས་ཕྱུགས་ཟོག་རྒྱ་ནག་ནང་བཙོང་བ་དང་ཨ་ན་མ་ན་ཞིག་བྱས་པས་ནུབ་ཞི་བདེ་རྒྱ་མཚོའི་ནག་བྲན་གྱི་ཉོ་ཚོང་ཞེས་ཚིག་མཛོད་ཀྱི་ཐོག་ཏུ་མིང་ཡོད་པ་ཞིག་ཆགས་པ་རེད། ཁོང་དག་གིས་མནར་གཅོད་མྱངས་པ་དེའི་ནང་ལ་ཡེ་ཤུའི་ཆོས་ལུགས་པ་རྣམས་མང་པོ་འདྲེ་གི་རེད། དེའི་ཆོས་ཚོགས་རྣམས་ཀྱིས་ལུང་དང་རིགས་པ་ལྟར་སྣང་ལ་བསྟེན་ནས་མི་ནག་རྣམས་ལ་འདི་ལྟར་བྱེད་པ་དེ་འོས་འཚམས་ཡིན་པ་ལྟ་བུ་བཤད་མྱོང་བ་རེད་ལ། དེ་དང་འདྲ་བར་ཚན་རིག་པ་རྣམས་ཀྱིས་ཀྱང་ཨ་ཧྤི་རི་ཁའི་མི་ནག་རྣམས་དུད་འགྲོ་རྣམས་དང་ཉེ་བ་ལས་མི་རྣམས་དང་མི་ཉེ་བས་འདི་མི་དངོས་ཤིག་མ་རེད་ཅེས་ལུང་རིགས་ལྟར་སྣང་གིས་རྒྱབ་སྐྱོར་བྱས་ནས་མི་ནག་རྣམས་ལ་མནར་གཅོད་བྱས་པ་རེད། ཁོང་དག་གིས་མནར་གཅོད་བྱེད་སྟངས་ལ་བསམ་བློ་བཏང་བ་ཡིན་ན་སྙིང་རྗེ་ཅན་ཞིག་ཡིན་ན་ཕྱུགས་ཟོག་ལ་ཡང་དེ་ལྟ་བུའི་མནར་གཅོད་བྱེད་རྒྱུ་མ་རེད་བསམ་པ་ཙམ་བྱས་པ་རེད་དེ། དུས་སྐབས་དེའི་རིང་མི་ནག་པོ་རྣམས་ཀྱིས་ཨ་མི་རི་ཀའི་ས་ཆ་རྐྱང་པར་ཡང་གྱེན་ལངས་ཉིས་བརྒྱ་དང་ལྔ་བཅུ་ཡས་མས་བྱས་པ་སོགས་ངོ་རྒོལ་རབ་དང་རིམ་པ་བྱས་མཐར། མཐའ་མཇུག་ལོ་བཞི་བརྒྱའི་མཇུག་ངོ་མར་སླེབས་དུས་ཏེ་ལོ་བརྒྱའི་གོང་རོལ་དུ་ལམ་ལུགས་དེ་རྩ་བ་ནས་མེད་པར་བྱས་ཤིང་། མང་ཚོགས་ལ་རྒྱལ་ཁ་ཐོབ་པ་ལས་དབང་སྒྱུར་མཁན་ལ་རྒྱལ་ཁ་མ་ཐོབ་པར་ད་ལྟ་འཛམ་བུ་གླིང་འདིར་མི་ནག་རྣམས་ཀྱིས་རང་དབང་གི་ཐོབ་ཐང་བླངས་ནས་མི་གྲལ་དུ་ཚུད་ཡོད་པ་ལྟ་བུ་རེད། དེ་ལྟར་མང་ཚོགས་ཀྱི་སྟོབས་ཤུགས་ཟེར་བ་དེ་ནུས་པ་ཤིན་ཏུ་ཆེན་པོ་རེད།

དེས་ན་ཆོས་ཡིན་ནའང་འདྲ། འཇིག་རྟེན་ཡིན་ནའང་འདྲ། ཐམས་ཅད་ཀྱི་བསམ་པ་དང་བསྟུན་དགོས་པ་དེ་གལ་ཆེ་ཤོས་རེད། དེ་བས་ཀྱང་ནང་པ་སངས་རྒྱས་པར་མཚོན་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གནའ་ནས་ཆོས་གང་ཞིག་གསུངས་པ་ཚང་མ་སེམས་ཅན་རྣམས་ཀྱི་ཁམས་དབང་མོས་པ་དང་བསྟུན་གནང་ཡོད་པ་རེད།

(3)མང་ཚོགས་ཀྱི་སློབ་གསོ།





རང་ལ་བརྟེན་པའི་དད་ལྡན།

དེ་ལྟར་བྱིས་པ་དང་གྲྭ་པ་རྣམས་ཀྱི་སློབ་སྦྱོང་ལེགས་པོ་ཡོང་དགོས་པར་མ་ཟད། རང་གི་ལྷ་སྡེ་ཟེར་ནའང་འདྲ། རང་རང་ལ་བརྟེན་ཡོད་པའི་དད་ལྡན་མང་ཚོགས་ལའང་དམ་པའི་ཆོས་ཀྱི་སློབ་སྟོན་གནང་ནས་སློབ་སྦྱོང་ལེགས་པོ་ཡོང་བའི་ཐུགས་ཁུར་ངེས་པར་དུ་བཞེས་དགོས། དེ་དགོས་པའི་རྒྱུ་མཚན་ནི་སྤྱིར་ཆོས་ལ་དད་པ་མི་བྱེད་མཁན་ཞིག་ཡིན་ན་ནི་དེ་ལ་ཨུ་ཚུགས་ཀྱིས་སློབ་སྦྱོང་ཞིག་སྤྲད་ཀྱང་ཕན་ཐོགས་ཡོང་གི་མ་རེད་ལ་དགོས་པ་ཡང་མི་འདུག་སྟེ། བོད་པ་ཞིག་ཡིན་ཕྱིན་ཆད་སུ་འདྲ་ཞིག་ཡིན་ཡང་ཆོས་ལ་ཁ་ཞེ་གཉིས་མེད་ཀྱིས་མི་དགའ་མཁན་ཞིག་སློབ་གསོ་དང་ཁོར་ཡུག་གི་དབང་གིས་བསྒྱུར་སོང་བ་གཅིག་གཉིས་རེ་མ་གཏོགས་ཡོད་པ་མ་རེད་ལ། ཁྱད་པར་དུ་རོང་འབྲོག་པ་དག་གི་ནང་དུ་དེ་བས་ཀྱང་ཡོད་པ་མ་རེད། དེས་ན་དེ་དག་ཐམས་ཅད་ཀྱིས་ཆོས་སྒྲུབ་དགོས་པ་ཡིན་དུས་དེ་དག་ལ་སློབ་གསོ་སྤྲོད་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེ་བ་རེད།དེ་ཡང་མང་ཚོགས་རང་ངོས་ནས་དགེ་བ་སྒྲུབ་དགོས་སྡིག་པ་སྤོང་དགོས་བསམ་ན་ཡང་ཤེས་ཀྱི་མེད་པས་དེ་སློབ་སྟོན་བྱ་རྒྱུ་དེ་དགོན་པ་རང་རང་སོ་སོ་ལ་ལས་འགན་ཡོད།

ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོའི་དགོན་པ་དག་གི་ཡང་རྨང་གཞི་རྩ་བ་འཛུགས་ས་དེ་མང་ཚོགས་རེད། ནམ་ཡིན་ཡང་མང་ཚོགས་དང་ཁ་བྲལ་ནས་ལོགས་སུ་བྱ་བ་ཞིག་རྩ་བ་ནས་འགྲུབ་རྒྱུ་མེད།འཛམ་བུ་གླིང་གི་སྒང་ལ་དཔོན་རྣམས་ཀྱིས་བྱ་བ་ངན་པ་གང་བརྩམས་པ་ཐམས་ཅད་མཐར་ཡོངས་སུ་རྫོགས་པ་མང་ཚོགས་རྣམས་ཀྱིས་གྱེན་ལངས་བྱས་ནས་མེད་པ་བཟོས་པ་རྐྱང་རྐྱང་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༤༢

སྒོར་མོ་ཁྲི་ཚོ་ཉི་ཤུ།



ཡང་བླ་མ་མང་ཆེ་བ་དེ་ཚོ་དེང་སང་རྒྱ་ནང་ལ་གཙོ་བོར་འགྲོ་གིན་ཡོད་པ་རེད་མ་གཏོགས་སྔར་ཡིན་ན་ཐག་ཉེ་ས་ནས་གཙོ་བོ་ཕར་ཕྱོགས་ཀྱི་རྨེ་བ་སོགས་དང་། སྟོད་ཕྱོགས་ནས་རྨ་སྟོད་དང་འབྲི་སྟོད་ཟེར་བ་ལྟ་བུའི་ས་ཕྱོགས་དེ་དག་ཏུ་སོང་ནས་ཁྲོམ་དབང་བསྐུར་བ་སོགས་བྱེད། ཡང་དགོན་པ་ཙག་ཙིག་འགའ་རེར་དགོན་པ་ཞིག་བཞེངས་དགོས་པས་དུས་འཁོར་དབང་ཆེན་བསྐུར་གྱི་ཡོད་ཟེར་བ་ལྟ་བུ་དང་།ཚོ་བ་ཞིག་ལ་དུས་འཁོར་དབང་ཆེན་ཞིག་བསྐུར་དགོས་ན་སྒོར་མོ་ཁྲི་ཚོ་ཉི་ཤུ་ཐམ་པ་འཛོམས་དགོས་ཟེར་བ་ལྟ་བུ་ཡོད་རབས་བཤད་ཀྱི་འདུག འདི་རིགས་གལ་ཏེ་བདེན་པ་ཡིན་ན་ཚོང་རྒྱག་སྤྱད་ཀྱི་དོན་དག་རྐྱང་པར་འགྱུར་གྱིན་ཡོད་པ་རེད། ཁྱད་པར་དུ་ཆོས་མི་དར་ས་དག་ཏུ་དབང་ཟེར་བ་དེ་ཤིན་ཏུ་བྲིན་གྱི་ཡོད་པ་རེད་ལ། ཆོས་དར་ས་དག་ཏུ་དེ་ཙམ་བྲིན་གྱི་མེད། དེའི་རྒྱུ་མཚན། ཆོས་དར་ས་དག་གིས་རྒྱུ་མཚན་གོ་བའི་སྟོབས་ཀྱིས་དབང་ཞུས་ན་དམ་ཚིག་སྲུང་དགོས་སྙམ་པ་ཡོད་པས་ཞུ་ཐུབ་མཁན་གྱིས་ཞུ་ཡང་མི་ཐུབ་མཁན་གྱིས་མི་ཞུ་བ་རེད། ནག་ཆུ་དང་ཡུལ་ཤུལ་སོགས་ཀྱི་ཆོས་མི་དར་ས་དག་ཏུ་དེ་བས་ཀྱང་དབང་བསྐུར་དུས་ཐམས་ཅད་སླེབས་ཡོང་ན་ཡང་ཆོས་བཤད་ཟེར་དུས་ཅི་ཞིག་ཡིན་པ་ཡང་གོ་གི་མེད་པ་རེད།

 དེས་ན་བླ་མ་དེ་དག་གིས་དབང་བསྐུར་ཡང་དམ་ཚིག་ཟེར་བ་ཞིག་བསྲུང་རྒྱུ་ཡོད་པ་ཙམ་ཡང་བཤད་ཀྱི་མེད། སྤྱིར་ཡིན་ན་མི་སྐྱ་ཕོ་མོ་ཞིག་གིས་དགེ་བསྙེན་ཞིག་ཞུ་དགོས་པ་ཡིན་ན་ཡང་རྩ་བཞི་ཆང་ལྔ་ལྟ་བུའི་ནང་ནས་འདི་དང་འདི་སྲུང་དགོས་ཀྱི་ཡོད་ཅེས་དབྱེ་བ་མང་པོ་བཤད་དགོས་ཀྱི་ཡོད། འོན་ཀྱང་གསང་སྔགས་ཀྱི་དམ་ཚིག་ཟེར་བ་དེ་རྩ་བཞི་ཆང་ལྔ་ལྟ་བུ་ལས་ལྷག་པ་ཞིག་ཡིན་ན་ཡང་དེ་སུས་ཀྱང་མི་གོ་བཞིན་དབང་ཞུས་ནས་བསྡད་ཡོད། ཁོང་ཚོའི་ཟ་འདོད་ཀྱི་དབང་དེ་འདྲར་ཐོབ་རྒྱུ་ཞིག་ཨེ་ཡོད་མི་ཤེས་མ་གཏོགས།གལ་ཏེ་ཐོབ་རྒྱུ་ཞིག་ཡོད་ན་དབང་གི་དམ་ཚིག་ཟེར་བ་ཞིག་སྲུང་མི་ཤེས་པས་མི་སྐྱ་ཕོ་མོ་ཡོངས་རྫོགས་དམ་ཉམས་སུ་བསྒྱུར་པ་ལས་མེད་ན་ཡང་། དེ་དག་ལ་བསམ་བློ་ཙམ་ཡང་མི་གཏོང་བར་ཁྲོམ་དབང་བསྐུར་ནས་སོ་སོའི་ཁེ་ཕན་སྒྲུབ་ཐབས་བྱེད་ཀྱི་ཡོད་པ་རེད། ཁྲོམ་དབང་སྐུར་མཁན་ཕལ་ཆེ་བ་ནི་རྒྱུ་རྫས་ཀྱི་ཆེད་ཁོ་ན་ཡིན་པས་ཁོང་ཚོ་འགྲོ་ས་ཡང་མང་ཆེ་བ་སྟོད་ཕྱོགས་ཀྱི་འབྲོག་ཁུལ་ཁག་རེད། དེ་དག་ཏུ་སོང་བ་ཡིན་ན་རྟ་ཟོག་མང་པོ་རག་གི་རེད། ལོ་ལྔའི་སྔོན་དུ་ང་ཡང་རྨ་སྟོད་དུ་སོང་བ་ཡིན་ཏེ། མི་ཁ་ཤས་ཀྱིས་བླ་རུང་སྒར་གྱི་ཁ་བཞོས་ཀྱི་ཆེད་དུ་ཡིན་ཟེར་ནས་ཚོ་པའི་ནང་ནས་འབྲི་བརྒྱ་དང་སུམ་ཅུ་དེད་ནས་འགྲོ་སོང་ཟེར་གྱི་འདུག

ཡང་ཆུ་དམར་ནས་བནྡེ་ཞིག་གིས་སྲོག་བླུ་བྱེད་ཀྱི་ཡིན་ཟེར་ནས་ཕྱུགས་ཟོག་རླངས་འཁོར་གསུམ་ཁུར་ནས་ལམ་ནས་ཧོས་ཧོས་དག་དང་ལག་འབྲེལ་བྱས་ཏེ་གཤས་ཚོང་རྒྱག་གིན་ཡོད་པ་ཡུལ་མིས་ཧ་གོ་སྟེ་ཁ་པར་བརྒྱབ་ནས་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་བནྡེ་དེ་ཀ་བ་ཞིག་ལ་བཅིངས་པའི་ཟུར་དུ་ཕྱུགས་ཟོག་རླངས་འཁོར་གསུམ་པོ་འཕྲོག་ནས་བཞག་འདུག ས་ཆ་དེ་དག་ཏུ་ཡང་བླ་མ་གྲྭ་པ་མང་པོ་འགྲོ་གིན་ཡོད་པ་དག་གི་མང་པོ་ཞིག་དེ་འདྲ་རེད། དེ་འདྲ་མིན་པ་དག་གིས་ཀྱང་རྒྱུ་ཁོ་ན་བླངས་ནས་ལྷ་བྲི་རྟེན་བཞེངས་བྱེད་ཁུལ་བྱེད་པ་རེད། ན་ཉིན་ཞིག་ལ་བླ་མ་ཞིག་ལ་གཞན་གྱིས་རྟ་ཟོག་སེམས་ཅན་འདི་འདྲ་མང་པོ་ཞིག་བཤས་རྩ་ལ་སོང་ནས་མཆོད་རྟེན་བཞེངས་ན་ཡག་པོ་མེད་རབས་ཞུས་དུས། རྟ་ཟོག་མི་བཙོངས་པར་ངས་ཇི་ལྟར་བྱས་ནས་མཆོད་རྟེན་བཞེངས། རྟ་ཟོག་བརྩིགས་ནས་ནི་མཆོད་རྟེན་མི་ཡོང་། ཞེས་ལན་བཏབ་པ་རེད། དེ་འདྲ་དེ། དཀོན་མཆོག་གི་རྟེན་སྡིག་སྡུག་གིས་བཞེངས། ཚེ་ཕྱི་མ་རླུང་ལ་སྐུར། ཞེས་དཔལ་སྤྲུལ་སྔོན་འགྲོའི་ནང་དུ་ལུང་དྲངས་པ་དེ་རེད། དེ་ཡང་སྡིག་པ་ཟེར་བ་དེ་སེམས་ཅན་རྣམས་ལ་སྡིག་པ་མང་པོ་གསོག་ཏུ་བཅུག་པའི་དོན་དང་། སྡུག་བསྔལ་ཞེས་པ་དེ་སེམས་ཅན་རྣམས་ལ་སྡུག་བསྔལ་མང་པོ་མྱང་དུ་བཅུག་ནས་བཞེངས་པའི་དོན་རེད། འདི་འདྲ་ཞིག་ཡིན་ན་མི་སྐྱ་ཕོ་མོ་རྣམས་ཀྱིས་ཆོས་ལ་དད་པ་བྱེད་ཐུབ་ས་འདུག་གམ་མི་འདུག གལ་ཏེ་བྱ་བ་ལས་ཀ་དེ་རིགས་ལ་མང་ཚོགས་ཚོས་ཀྱང་སྐབས་ཤིག་ནས་དེ་ཙམ་ཕན་ཐོགས་ཡོད་པ་ཞིག་རེད་མི་འདུག་བསམ་པ་ཧ་གོ་བ་ཡིན་ན་རང་ངོས་ནས་དེ་རིགས་ལ་བྱིན་མ་བྱིན་མི་འདུག་བསམ་ངེས་རེད།
དམ་པའི་ཆོས་ཀྱི་ངོ་བོ།



དེ་ཡང་སངས་རྒྱས་ཀྱི་ཆོས་དེ་གང་རེད་ཅེ་ན། ཆོས་ནི་མདོར་ན་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །སྟོང་ཉིད་མྱ་ངན་འདས་པ་སྟེ། །འདིར་ནི་དེ་གཉིས་འབའ་ཞིག་གོ ། ཞེས་དབུ་མ་བཞི་བརྒྱ་པའི་ནང་དུ་ཡོད་པ་ཉིད། དོན་དམ་གྱི་དབང་དུ་བྱས་ན་གནས་ལུགས་རྟོགས་ནས་ཐར་པ་སྒྲུབ་བྱེད་ཅིག་དང་། ཀུན་རྫོབ་ཀྱི་དབང་དུ་བྱས་ན་སེམས་ཅན་རྣམས་ལ་ཕན་འདོགས་བྱེད་ཅིག་སྟེ་དེ་གཉིས་ལས་གཞན་དུ་ཆོས་ཞེས་བྱ་བ་ཞིག་མེད་པ་རེད། དེ་འདྲ་ཡིན་དུས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཞེས་བྱ་བ་འདི་ནི་འཛམ་བུ་གླིང་གི་མི་དང་སེམས་ཅན་ཡོངས་སུ་རྫོགས་པར་ཞབས་ཏོག་ཞུ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་འགབ་ལ་བསྡད་ནས་མང་ཚོགས་སམ་སེམས་ཅན་ལ་ཡར་ཞབས་ཞུ་བྱེད་པ་མ་གཏོགས།རང་མཐོ་སར་བསྡད། སེམས་ཅན་གཞན་དམན་སར་གཅོད་པ་སོགས་དབང་སྒྱུར་མཁན་རྣམས་ཀྱི་བསམ་བློ་བཞིན་ནམ་ཡང་བྱེད་མི་ཉན་པ་རེད། འོན་ཀྱང་ནང་ཆོས་ཟེར་བ་དེ་སྤྱིར་ན་ཡང་སེམས་ཅན་ཐམས་ཅད་ལ་ཕན་སྤྱད་ཅིག་ཡིན་པའི་ཆ་ནས་མང་ཚོགས་ལ་ཆོས་ལོས་བཤད། མང་ཚོགས་ལ་ཆོས་མི་བཤད་པའི་རྒྱུ་མཚན་ཅི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་འཁོར་གྱི་ཕྱེད་ཀ་མི་སྐྱ་ཕོ་མོ་ཤ་སྟག་ཡིན་པ་ལས་དགེ་ཚུལ་སློང་གསེར་ནག་གི་རི་བོ་ལྟ་བུ་ཤ་སྟག་མི་དགོས་པ་མདོ་སྡེ་མཛངས་བླུན་གྱི་ནང་དུ་དཔེའི་སྒོ་ནས་ཤིན་ཏུ་མང་པོ་གསུངས་པ་ལྟ་བུ་རེད། དེས་ན་མང་ཚོགས་ལ་ཆོས་ཀྱི་སློབ་སྟོན་བྱ་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཆགས་བསྡད་ཡོད་པ་རེད།

གལ་ཏེ་མང་ཚོགས་ཀྱིས་ཆོས་ཀྱི་གོ་བ་གཏིང་ནས་མ་ལོན་པ་ཡིན་ན་ཕྱོགས་གཅིག་ནས་མི་དགེ་བ་བསྒྲུབས་ནས་རང་ཉིད་ངན་འགྲོར་ཡང་ལྷུང་གི་རེད་ལ། ཕྱོགས་གཉིས་ནས་སངས་རྒྱས་ཀྱི་བསྟན་པ་མང་ཚོགས་ཀྱི་ནང་དུ་རྐང་པ་བརྟན་པོ་འཛུགས་དགོས་པ་ལས་ཉུང་ཤོས་དང་དགོན་པ་གྲྭ་ཚང་ཙམ་གྱི་སྒེར་ཆོས་སུ་གྱུར་པ་ཡིན་ན་ཡག་གི་མ་རེད། དེ་ཤིན་ཏུ་གལ་ཆེན་པོ་རེད།

བོད་ཀྱི་མང་ཚོགས་ཀྱི་ནང་ལ་མཚོན་ན་ཆོས་ལ་མི་དད་པ་དཀོན་པོ་ཡིན་ན་ཡང་། ཆོས་ཡང་དག་པ་སྒྲུབ་མཁན་དཀོན་པོ་ཡིན་པ་དེའང་ཡར་དེད་ན་དགོན་དཔོན་རྣམས་ཀྱིས་མ་ཡོང་བ་རེད། དེ་ཡང་དགོན་པ་ཚང་མ་དགོན་དཔོན་ལ་རག་ལས་པའི་རྒྱུ་མཚན་གྱིས་རེད། དགོན་དཔོན་གྱིས་གོ་སྒྲིག་མ་བྱས་ནས་གཤམ་འོག་གི་དེ་ཚོས་ཁ་གྲག་གི་མ་རེད། དེས་ན་བོད་པ་མང་པོ་ཞིག་གིས་ཆོས་མང་པོ་ཞིག་སྒྲུབ་ཤེས་ཀྱི་མེད་པ་རེད། དད་པ་ཡོད་ན་ཡང་དད་པ་ཡོད་དགོས་པའི་རྒྱུ་མཚན་དཀོན་མཆོག་གསུམ་བཟང་པོ་ཞིག་ཡིན་པའི་ཡིན་ལུགས་དང་། ལས་རྒྱུ་འབྲས་ཡོད་པའི་ཡོད་ལུགས་ཤིག་ཤོད་ཟེར་ནའང་བཤད་མི་ཤེས་པར་མ་ཟད།དེ་ལྟར་དྲིས་ཡོང་དུས་དོགས་པ་ཇེ་ཆེ་ཇེ་ཆེར་གྱུར་ནས་ཐེ་ཚོམ་སྐྱེ་བ་ཙམ་མ་གཏོགས་མེད་པ་རེད། དེས་ན་ཆོས་ཤེས་པ་དེ་ཤིན་ཏུ་གལ་ཆེ།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།


日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༤༣

བླ་བྲང་དང་ཁ་ཆེའི་འབྲེལ་བ།



ལར་སངས་རྒྱས་ཀྱི་བསྟན་པ་འདི་ད་ལྟ་འཛམ་བུ་གླིང་གི་ཞི་བདེའི་མཚོན་རྟགས་ལྟ་བུ་ཞིག་རེད།དཔེར་ན། རྒྱ་གྲམ་དམར་པོའི་རི་མོ་སྨན་ཁང་གི་མཚོན་རྟགས་ཡིན་པ་བཞིན། ཅུང་ཟད་ཧ་གོ་མཁན་ཞིག་ཡིན་ཕྱིན་ག་ཤེད་ཅིག་ན་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ཞིག་ཡོད་པ་ཡིན་ན། དེ་སྟོབས་བཅུ་དང་མི་འཇིགས་པ་བཞིའི་རང་བཞིན་ཅན་ཞིག་ཡིན་སྙམ་པ་མ་གོ་ཡང། འདི་ནི་འཛམ་གླིང་ཞི་བདེའི་མཚོན་རྟགས་ཤིག་རེད་བསམ་པ་ཙམ་ཧ་གོ་གི་རེད། འོན་ཀྱང་ང་ཚོའི་དགོན་པ་དག་གིས་ད་དུང་ཞི་བདེ་དང་རྒྱབ་འགལ་བའི་ལས་ཀ་དེ་རིགས་བྱེད་ཀྱིན་ཡོད་པ་རེད།

དཔེར་ན། མཚོ་སྔོན་གྱི་ཕྱོགས་ཁ་ཤས་ན་བླ་བྲང་འདི་སང་དང་དེ་སང་གི་ཁ་ཆེ་ཟེར་བ་འདུག་ཟེར།དེའི་གོ་དོན། བླ་མ་དང་ཁ་ཆེ་འབྲེལ་བ་བྱས་ནས་བླ་མས་འབུལ་བར་ཕྱུགས་ཟོག་རག་པ་ཁ་ཆེ་དག་གི་ལག་པར་འཇོག་གིན་ཡོད་པ་དང་། དགོན་པ་དག་གི་མཐའ་ན་ཁ་ཆེ་དེ་ཚོ་ཐ་ར་ར་བྱས་ནས་འགྲོ་གིན་འདུག་ཟེར། རྨ་ཆུ་རྫོང་ལྟ་བུར་མཚོན་ན་ཁར་ཉིན་ང་ཚོའི་གྲྭ་པ་ཁ་ཤས་སྲོག་བླུ་བྱེད་སར་སོང་བར་དེ་གའི་དགོན་པ་ཁ་ཤས་ཀྱི་དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་མི་བཤས་ཁང་ནང་ཡོང་ནས་ཟོག་གང་ཚོ་ལྟ་གིན་གཅིག་གིས་གཅིག་ལ་རྩེ་ཞོར་དགོད་ཞོར་བསྡད་འདུག་ཟེར། ང་ཚོ་ཡིན་ན་གཞན་བྱ་ཐབས་མེད་ཀྱང་སྐྲག་ཆེ་ནས་དེ་ལ་དེ་ཙམ་དུ་སྣང་མེད་དུ་བྱེད་རྒྱུ་མ་རེད། འདི་ལྟར་གོ་དུས་སྔར་མི་རྣམས་ཀྱིས་དགོན་པ་ཁ་ཤས་ཀྱི་གྲྭ་པས་གཤས་ཟོག་གི་རྒྱབ་ལ་མྱངས་ནས་ཉོ་ཚོང་བྱེད་པའི་སྐོར་བཤད་སྐབས་བདེན་སྲིད་ཀྱི་མ་རེད་བསམ་མྱོང་ན་ཡང་དེ་འདྲ་ཡིན་ན་ཕལ་ཆེར་བདེན་ས་རེད། ལུས་ངག་གི་སྤྱོད་པས་ནང་དཔོགས་པར་གསུངས་པ་བདེན་ཕན་ཆོད་བྱམས་སྙིང་རྗེ་རྩ་བ་ནས་མེད་པའི་རྟགས་མ་རེད་དམ། གཞན་གང་ཡང་མ་ཤེས་ཀྱང་དབུ་མ་འཇུག་པའི་ལུང་།

གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདིའི། །

ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །

ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །

དེའི་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །

ཞེས་པའི་ཚིག་བཞི་གཅིག་པོ་དེ་ལ་བསམ་བློ་ཞིག་གཏོང་མི་དགོས་སམ་སྙམ་པ་ཞིག་རེད། དེ་འདྲ་ཡིན་ན་དེ་ལྟ་བུའི་ཆོས་དང་དཔེ་ཆ་ཞིག་ཡོད་དང་མ་ཡོད་གཅིག་པ་ཡིན་པར་མ་ཟད། དམིགས་ཡུལ་སེམས་ཅན་ལ་ཕན་འདོགས་ཆེད་མིན་པའི་དགོན་པ་ཞིག་ཀྱང་ཡོད་མེད་གཅིག་པ་རེད།

བརྟག་པ་མཐར་བཟུང་གི་དབང་དུ་བྱས་ཏེ། སེམས་ཅན་ལ་ཕན་མི་ཐོགས་སྤྱད་ཅིག་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ཡིན་ཡང་ཡོད་མ་ཡོད་གང་ཡང་མེད། འོན་ཀྱང་སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་སེམས་ཅན་ལ་ཕན་པ་འདོགས་བྱེད་ཀྱི་ཆོས་ཤིག་ཡིན་པའི་ཆ་ནས་སྔོན་ནས་ད་བར་འདིའི་ཆེད། རྒྱུ་གཏོང་མཁན་གྱིས་རྒྱུ་བཏང་། སྲོག་གཏོང་མཁན་གྱིས་སྲོག་བཏང་། ཚེགས་གཏོང་མཁན་གྱིས་ཚེགས་བཏང་། མི་ཚེ་གཏོང་མཁན་གྱིས་མི་ཚེ་བཏང་ཡོད་པ་ཡིན་དུས་ང་ཚོས་སེམས་ཅན་ལ་ཕན་ཐོགས་པ་ཞིག་ངེས་པར་དགོས་པ་རེད།
བཀས་བཀོད་རྒྱུད་འཛིན་གྱི་ནོར་འཁྲུལ།



ཁ་རྩང་དེ་རིང་ཡིན་ན་ཡང་། རྒྱལ་ཁབ་ཀྱིས་ཆོས་ལུགས་སྲིད་ཇུས་ཅུང་ཟད་ཀློད་པ་ནས་ཉི་མ་དེ་རིང་ལ་ཐུག་གི་བར་དུ་ཕྱུགས་ཟོག་མང་པོ་བླངས་ནས་དགོན་པའི་བླ་མ་རྣམས་ངོ་མས་གཤས་ཚོང་བྱས་མེད་ན་ཡང་མི་སྐྱ་དག་ལ་གཤས་ཚོང་བྱེད་དུ་བཅུག་ཅིང་། ཐེངས་གཅིག་འབུལ་ཟོག་མང་པོ་ཐག་རིང་ཞིག་ནས་དེད་ནས་འགྲོ་དགོས་དུས་ཞིག་ལ་བེའུ་སུམ་ཅུ་ནང་ཞིག་ལྕགས་མགོར་ལྕགས་བཞི་བརྡར་གྱིས་བཟོས་པ་ཤས་ཆེ་ཤིང་། ལུང་ཐག་ནས་འཇུས་ཏེ་འཁྲུག་འཛིངས་སོགས་ལ་བཀོལ་བར་བྱེད་པའི་འབྲོག་པའི་ལག་ཆའི་རིགས་ཤིག་སྟེ། བེད་སྤྱོད་བྱེད་སྐབས་འུར་རྡོ་བཞིན་གླད་ལ་བསྐོར་གྱིན་ཡོད་པས་དེའི་ཆ་ནས་ལྕགས་ཀྱི་མགོ་བསྐོར་ཞེས་ཀྱང་ཟེར། ལྕག་མགོར་ནི་བསྡུས་མིང་ངོ་ གྱིས་བསད་སོང་ཟེར། ཕལ་ཆེར་རྫུན་ནི་ཡིན་དོན་མེད། ང་དགོན་པ་དེའི་ནང་དུ་སོང་ནས་ཡོང་བ་ཡིན། ཁོང་ཚོས་ད་ལོ་ཕྱུགས་ཟོག་བསྡུ་གི་མིན་ཟེར་ནས་འཆར་གཞི་འཇོག་གིན་འདུགདེ་ཡང་ལས་རྒྱུ་འབྲས་ལ་སྐྲག་ནས་རེད་མི་འདུག་ཀྱང་དགོན་པ་གཞན་ཞིག་གིས་གཤས་ཚོང་བྱེད་ཀྱིན་ཡོད་པ་དྲ་བའི་ཐོག་ཏུ་བཞག་འདུག་པས་ད་ནས་དེ་འདྲ་བྱེད་ཀྱི་མིན་ཟེར། དེ་ཡང་འཇིག་རྟེན་གྱི་ཁ་ཟེར་བ་ལ་སྐྲག་པ་ཙམ་རེད། འདི་ཙམ་དུ་སེམས་ཅན་གྱི་སྲོག་མང་པོ་བཅད་ནས་ལྷ་ཁང་བཞེངས་པ་སོགས་ལ་དོན་གང་ཡང་མེད་པ་བཅོམ་ལྡན་འདས་ཀྱིས་སྔར་ནས་གསུངས་ཟིན་པ་རེད། མང་པོ་ཞིག་དེ་ལྟ་བུའི་ལས་ཀ་ཐ་ཤལ་ཁོ་ནར་མགོ་འཁོར་ནས་འདུག་པ་ལས་མང་ཚོགས་ལ་ཉི་མ་གཅིག་ལ་ཆོས་ཀྱི་བསླབ་བྱ་གོ་སྟོན་ཙམ་ཡང་མི་བྱེད་པར་མ་ཟད། དགོན་པ་ལ་ཞལ་འདེབས་འདི་དང་འདི་ལྟ་བུ་ཁུར་ཤོག་ཟེར་ནས་ཧ་ལམ་གཤུ་བཞོག་ཟེར་བ་དེ་འདི་མིན་ནམ་སྙམ་པ་ཞིག་བྱེད་ཀྱི་འདུག མང་ཚོགས་ཀྱི་ངོས་ནས་ཚེས་དུས་མཆོད་དང་དགེ་འདུན་པའི་ཞལ་འདེབས་སོགས་ལ་དགའ་བཞིན་སྤྲོ་བཞིན་ཕུལ་བ་ཡིན་ན་ཚོགས་བསགས་རེད་མོད། སྐབས་འགའ་རེར་འབུལ་འདོད་ཡོད་མེད་ལ་མ་ལྟོས་པར་ཁྲལ་བཞག་ནས་སྦྱིན་དགོས་ཐུག་གི་ཡོད། ལས་ཀ་འདི་ལྟ་བུ་ཁར་རྩང་དེ་རིང་གི་སྤྱི་ཚོགས་འདི་དང་མཐུན་གྱི་མེད་པས་སྤྱི་ཚོགས་ཀྱི་མི་རྣམས་ཀྱི་ལས་ཀ་བྱེད་སྟངས་དང་རྒྱབ་འགལ་དུ་འགྲོ་གིན་ཡོད་པ་རེད།

ཡང་ཁག་གཅིག་གིས། མི་མང་མང་པོ་བསྡུས་ནས་མ་ཎི་ས་ཏྭ་རེ་འདོན་དུ་འཇུག གཞི་རྩའི་ཆ་ནས་མ་ཎི་ས་ཏྭ་འདོན་དུ་བཅུག་ན་འགྲིག་པ་ཞིག་རེད་དེ། དེ་ཡང་མགོ་ན་སེམས་བསྐྱེད། མཇུག་ན་བསྔོ་བ་ཅི་ཡང་མེད་ཕྱིན་ཆད། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་སྤྱོད་འཇུག་ལས་གསུངས་ཡོད་པ་ལྟར་དོན་ཆུང་ངུ་ལས་མེད་ལ། མང་པོ་ཞིག་གིས་དེ་ཡང་རྒྱུ་རྫས་ཀྱི་ཆེད་ཡིན་གྱི་ཡོད། དེའི་དབང་གིས་ང་ཚོས་འདི་ནས་ཀྱང་དགེ་སྐུལ་རེའི་ཆེད་གྲྭ་པ་རེ་མངགས་ན་ཡང་མི་མང་དེ་ཚོ་མགྱོགས་པོར་ཆོས་ཞུ་སར་ཡོང་ཁ་ཉན་གྱི་མི་འདུག་ཟེར། ཁོང་ཚོས་དེ་དག་ཀྱང་རྒྱུ་རྫས་ཀྱི་ཆེད་དུ་ཡོང་བར་སྙམ་གྱི་ཡོད་པ་རེད་འདུག

མ་གཞི་དབང་བསྐུར་ན་མི་འགྲིག་གི་ཟེར་གྱི་མེད་ལ། མ་ཎི་དང་ས་ཏྭ་བཏོན་ན་ཡང་མི་འགྲིག་གི་ཟེར་གྱི་མེད། དབང་བསྐུར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་བསྐུར་ནས་དམ་ཚིག་བསྒྲགས་པ་སོགས་ཚད་ལྡན་བྱ་བ་དང་། སློབ་མའི་ངོས་ནས་ཀྱང་དམ་ཚིག་སྲུང་ཐུབ་ན་མི་སྐྱ་ཕོ་མོ་ཙམ་མ་ཟད། བཟའ་ཉོག་བཅུ་ཐམ་པའི་ཁ་གསོ་མཁན་ཞིག་ཡིན་ཡང་རྫོགས་ཆེན་གྱི་རིག་པའི་རྩལ་དབང་མན་ཆད་ཞུ་ཆོག་པ་རེད། ཁྲོམ་དབང་ཙམ་རེ་བྱས་ནས་སོ་སོའི་རང་དོན་སྒྲུབ་པ་འདིར་མང་ཚོགས་ལ་རིམ་གྱིས་གོ་རྟོགས་སད་ཡོང་དུས་ཆོས་འཇིག་རྟེན་གཉིས་ཀའི་ཐོག་ནས་འདི་ཡག་པོ་ཞིག་རེད་མི་འདུག་བསམས་ནས་བསམ་པ་གཏིང་ནས་ལོག་གི་རེད།

འོན་ཀྱང། འདི་རིགས་བཅོམ་ལྡན་འདས་ཀྱི་ཆོས་དང་མི་མཐུན་པར་བན་རྒན་དག་གིས་སོ་སོས་བཀས་བཀོད་རྒྱུན་འཛིན་གྱི་ལས་ཀ་བྱས་པའི་ནོར་འཁྲུལ་རེད། དེས་ན་ང་ཚོས་སངས་རྒྱས་ཀྱི་ཆོས་དང་ཁོང་ཚོའི་ལས་སྟངས་གཉིས་ལ་དབྱེ་བ་ལེགས་པོ་ཕྱེས་དགོས་ཤིང་། ཆོས་ངོ་མ་ཞིག་གོ་བརྡ་སྤྲོད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།


日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༤༤

ཀིརྟི་དགོན་པའི་ཤུགས་རྐྱེན།



གལ་ཏེ་དགོན་དཔོན་གོ་བ་ཅན་ཞིག་ཡིན་ན་ལས་ལུགས་བཅའ་སྟངས་མེད་པའང་མ་རེད། དཔེར་ན།གསར་མའི་དགོན་པ་ཡིན་ལུགས་གཅིག་པ་རེད་དེ། ཀིརྟི་སང་ལྟ་བུར་སྔོན་ཆད་ཚོགས་ཤ་འདྲེན་པ་སོགས་ཀྱི་ལུགས་སྲོལ་ཡོད་ན་ཡང། ད་ལྟ་བླ་མ་གཅིག་གི་སྟོབས་ཀྱིས་ཅི་འདྲ་བྱས་འདུག དེའི་ཤུགས་རྐྱེན་གྱིས་ད་ལྟ་ས་ཕྱོགས་མང་པོར་ཡང་གནས་སྟངས་ཅུང་ཟད་ཡག་ཏུ་འགྲོ་བཞིན་ཡོད་ན་ཡང་། ད་དུང་གཞན་པ་ཁ་ཤས་སྔར་བཞིན་བསྡད་ཡོད་པ་རེད། དགོན་པ་མང་པོ་ཞིག་ལ་ལྷ་སྡེ་ཆེན་པོ་དང་ལ་ལར་ལྷ་སྡེ་ཆུང་ཆུང་ཡོད་ས་ཡང་འདུག་སྟེ། ཕལ་མོ་ཆེ་གནའི་བཀས་བཀོད་རྒྱུན་འཛིན་པ་དང་དབང་སྒྱུར་བས་མི་སེར་སྤེལ་ཡུལ་གྱི་ལས་ཀ་བྱེད་པ་ལྟ་བུ་ལས་སངས་རྒྱས་ཀྱི་ཆོས་ལུགས་ཀྱི་དྲི་ཙམ་ཡང་མི་བྲོ་བ་འདུག ཡང་དགོན་པ་གཅིག་གིས་དགོན་པ་གཞན་ཞིག་ངའི་དགོན་ལག་ཡིན་ཟེར་བའི་སྐབས་སུ་དགོན་པ་གཞན་དེས་ངེད་སང་གནའ་ནས་དགོན་པ་རང་སྐྱ་བ་ཞིག་ཡིན་ཟེར་ནས་ཐོབ་ཐང་རྩོད་ལེན་ལྟ་བུའི་སྐད་ཆ་ཤོད་ཀྱི་ཡོད། ཁྱེད་ཚོས་རྒྱལ་ཁབ་ཀྱི་བཤད་སྟངས་རེད་བསམ་ན་ཆོག་ལ་མ་བསམ་ན་ཡང་ཆོག་མོད། སངས་རྒྱས་ཀྱི་བསྟན་པའི་དབང་དུ་བྱས་ན། མི་སྒེར་ལ་ཆོས་བརྒྱད་མེད་པ་དཀའ་ན་ཡང་། བསྟན་དགོན་ཆེན་པོ་དག་གི་ནང་ན་ཡང་ཆོས་བརྒྱད་ཀྱི་ནང་ནས་ཀྱང་ཆོས་བརྒྱད་རགས་པ། ཆབ་སྲིད་པ་ཆེན་པོ་དག་གི་ལས་སྟངས་བྱས་ནས་བསྡད་ཡོད་མཁན་དག་ལ་བསམ་བློ་གཏོང་དུས། ཆེ་ཆུང་ཙམ་གྱི་ཁྱད་པར་མ་གཏོགས་གནའ་དབྱིན་ཇི་སོགས་ཀྱིས་འཛམ་གླིང་ལ་གང་བྱས་པ་དག་དང་བྱེད་སྟངས་གཅིག་པ་རེད་སྙམ་པ་འདུག དེ་ལྟར་ཞིབ་ཏུ་བལྟས་ན་དགོན་པ་ལ་ལར་ཆབ་སྲིད་ཤིན་ཏུ་གཏིང་ཟབ་པོ་རེད། འོན་ཀྱང་འདིའི་མིང་ལ་ཆབ་སྲིད་ཟེར་རྒྱུ་མེད།རྒྱ་སྐད་དུ་བསྒྱུར་ན་དེ་བས་ཀྱང་གཙོག་ཏུ་འགྲོ་གི་རེད། དེས་ན་འདི་རིགས་ལ་འཇིག་རྟེན་ཆོས་བརྒྱད་ཟེར་དགོས། ཆབ་སྲིད་པ་དག་གིས་ཆོས་བརྒྱད་སྒྲུབ་ཀྱི་ཡོད་པ་ལྟར་ཁོང་ཚོས་ཀྱང་བྱེད་ཀྱི་འདུག ཁྱེད་རྣམ་པ་ཡང་ཕལ་མོ་ཆེ་ཕྱིས་སོ་སོའི་དགོན་པར་མཁན་པོ་ལྟ་བུ་བྱེད་རྒྱུ་རེད། དེའི་སྐབས་སུ་ཡིན་ན་ཡང་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་དགོན་པ་དེ་ལྟ་བུ་མེད་ན་དགའ་བ་ཞིག་ཡིན་པ་ཐུགས་ལ་འཛིན་དགོས།དཔལ་མགོན་འཕགས་པ་ཀླུ་སྒྲུབ་གྱིས་མདོ་ལས་ཁོལ་བྱུང་མཛད་པར་གསུངས་པ་ཇོ་བོ་རྗེའི་ཆོས་ཚན་བརྒྱ་རྩའི་ནང་དུ་བཞག་ཡོད་པའི་ལུང་ཚན་བཀོད་དེའི་ནང་དུ་ཡང་། སེམས་ཅན་ལ་མི་གནོད་པ་དང་། སེམས་ཅན་ལ་ཕན་པའི་སྙིང་རྗེ་ཁོ་ན་སངས་རྒྱས་ཀྱི་བསྟན་པ་ཡིན་ཞེས་གསུངས་ཡོད་པ་རེད། འོན་ཀྱང་དེང་སང་བཀའ་འགྱུར་གྱི་ཁྲོད་དུ་མདོ་དེ་མི་བཞུགས།

དེ་ལྟར་ན། དེང་སང་དགོན་པ་ཆེན་པོ་རེ་རེ་ལ་བླ་བྲང་ཆེན་པོ་ཁ་ཤས་ཡོད་པ་དང་། དེ་དག་གིས་ཀྱང་གཅིག་ལས་གཅིག་སྟོབས་སུ་ཆེ་ལྟ་ཞིང་། དགོན་པ་འགའ་རེའི་ནང་དུ་སྤྲུལ་སྐུ་མང་པོ་ངོས་འཛིན་བྱས་ནས་སྤྲུལ་སྐུ་ཚོས་ལྷ་ཁང་སུ་ཆེ་འགྲན་སྡུར་བྱས་ནས་བསྡད་ཡོད་ན་ཡང་། དེ་དག་ལ་བརྟེན་ནས་འཇིག་རྟེན་ཆོས་བརྒྱད་རེ་འགྲུབ་ན་མ་གཏོགས་ཆོས་ཤིག་འགྲུབ་ཀྱི་མ་རེད་ལ། བར་སྐབས་ཤིག་ནས་འཇིག་རྟེན་ཆོས་བརྒྱད་ཀྱང་འགྲུབ་ཀྱི་མ་རེད། དེའི་རྒྱུ་མཚན། ཁོང་ཚོས་འཛམ་བུ་གླིང་གི་ལས་སྟངས་དང་འགྲོ་ཕྱོགས་ཧ་གོ་གི་མེད་པས་རེད། དེ་བཞིན་བོད་པས་ད་དུང་འཛམ་གླིང་གི་འགྲོ་སྟངས་ཆེན་པོ་མི་གོ་ན་ཡང་སྔར་དང་ད་ལྟ་མི་འདྲ་བ་བཞིན་རིམ་གྱིས་ཧ་གོ་ཡོང་གི་རེད།
དྲང་བདེན་གྱི་འཚོ་ཐབས།



ང་ཚོས་མི་མང་ལ་བཤས་ཚོང་མ་རྒྱག་ཅེས་བཤད་པར་རྒྱུ་མཚན་ཡོད། དེ་ཡང་ངས་བསམ་ན། ང་ཚོ་དཔལ་འབྱོར་ཡར་རྒྱས་མེད་པ་དང་དཔལ་འབྱོར་མཐའ་བརྡིབས་ནས་བྱ་ཐབས་མེད་པ་ཆགས་སྤྱད་ཀྱི་འགག་རྩ་ངོ་མ་དེ་བཤས་ཚོང་ལ་འགོ་འཁོར་བཅུག་ནས་རིག་གནས་ལག་རྩལ་སོགས་འཚོ་ཐབས་གཞན་སློབ་པར་སྐུལ་འདེད་མ་བྱས་ཤིང་དེའི་ཕྱོགས་ལ་བསམ་བློ་གཏོང་དུ་མ་བཅུག་པས་རེད། ལས་ཀ་ལས་སྟངས་འདིར་ང་ཚོས་དོགས་པ་སློང་དགོས་ཤིང་། དཔལ་འབྱོར་ཡར་རྒྱས་མི་འགྲོ་བའི་རྩ་བའི་གནད་འགག་གཅིག་འདི་ལ་ཐུག་ཡོད་པ་དེ་ཚང་མས་ཧ་གོ་དགོས། དེ་ངའི་བསམ་བློ་དང་ལྟ་གྲུབ་ཡིན། གལ་ཏེ་གཞན་ལ་དེ་ལྟར་མིན་པའི་རྒྱུ་མཚན་ཞིག་བཤད་རྒྱུ་ཡོད་ན་དེ་རེད། མེད་ན་ཨུ་ཚུགས་བྱ་རྒྱུ་གང་ཡང་ལྷག་མེད།

དེ་ཡང་འབྲོག་པ་ཞིག་ལ་མཚོན་ན་ཕའི་རིང་ལ་བཤས་ཚོང་ལས་ཅི་ཡང་མ་ཤེས། བུའི་རིང་ལ་ཡང་དེ་ལས་མ་ཤེས། བུའི་བུའི་རིང་ལ་ཡང་བཤས་ཚོང་རྒྱག་རྒྱུ་ལས་ཅི་ཡང་མི་ཤེས་པ་ཡིན་ན་སྒོ་རྩ་ན་གཤས་ཚོང་གི་མ་རྩ་ཅི་ཙམ་འདུག འབྲོག་པ་ཧ་ཅང་ཕྱུག་པོའི་གྲས་ཤིག་ཡིན་ན་ཡང་ཟོག་མནག་སུམ་བརྒྱ་ཡར་མར་རེ་ལས་ཨེ་ཡོད་མི་ཤེས། ཟོག་གནག་སུམ་བརྒྱ་ཟེར་ན་དོས་སྐྱེལ་རླངས་འཁོར་བཅུ་ཐམ་པ་རེད། དེ་ཡང་ཟོང་འཁོར་ཆེ་གྲས་ཤིག་ཏུ་ཟོག་སུམ་ཅུ་ཤོང་གི་རེད།

ལོ་གཅིག་གིས་རླངས་འཁོར་བཅུ་པོ་ཡོངས་རྫོགས་བཙོངས་ཟིན་པའམ། དེ་མིན་ཡང་ལོ་གཉིས་ཀྱི་ནང་ལ་ད་ལོ་རླངས་འཁོར་ལྔ་དང་། ལོ་རྗེས་མར་རླངས་འཁོར་ལྔ་བཙོངས་པ་ཡིན་ན་དེ་ནས་རྔ་མ་བུད་ཚར་བ་རེད།ཉག་རོང་ལུང་པའི་ནང་གི་ཤིང་ནགས་གཅིག་པུ་ལ་བསམ་བློ་བཏང་ན་ཡང་ཅི་འདྲའི་གཞི་རྒྱ་ཆེན་པོ་ཡོད་པ་རེད་དེ། རྒྱལ་ཁབ་ཀྱིས་ཡུན་རིང་པོར་བཅད་ནས་མཐར་འབྲི་ཆུའི་སྨད་རྒྱུད་ལ་ཆུ་ལོག་རྒྱུགས་ཏེ་མི་རྣམས་རྩ་བ་ནས་འདུག་མ་བཅུག་པའི་དབང་གིས་ད་ལྟ་སྒེར་གྱི་ཁང་ཤིང་ཙམ་ཡང་གཅོད་མི་ཆོག་པ་བཟོས་ཡོད་པ་ཡང་ཤིང་ནགས་ཟད་སོང་བའི་དབང་གིས་རེད། ཤིང་ནགས་ཀྱང་དེ་ལྟར་ཟད་ནས་འགྲོ་བ་ཡིན་ན་འབྲོག་པའི་སྒོ་རྩ་ན་ཡོད་པའི་ཕྱུགས་ཟོག་ཉུང་ཉུང་དེ་དག་དེ་བས་ཀྱང་ད་ལྟ་ད་ལྟ་ཟད་འགྲོ་གི་རེད།

འོ་ན་ང་ཚོར་འཕེལ་རྒྱས་དགོས་སམ་མི་དགོས་ཟེར་ན། ང་ཚོ་བནྡེ་དག་གིས་ཀྱང་བོད་ཀྱི་ཁྱིམ་ཚང་དག་ལ་དཔལ་འབྱོར་ཡར་རྒྱས་སུ་གཏོང་དགོས་ཟེར་བ་ལས་མི་དགོས་ཟེར་རྒྱུ་མེད། འོན་ཀྱང་ཡར་རྒྱས་གཏོང་སྟངས་དེ་བཤས་ཚོང་གི་འཚོ་ཐབས་མིན་པ་གསལ་པོ་བྱེད་དགོས།

དེང་སང་འཛམ་བུ་གླིང་གིས་རྒྱུན་སྲིང་གི་འཕེལ་རྒྱས་ཟེར་བ་ཞིག་བཤད་ཀྱི་ཡོད་ཅིང་། དེ་ཚོ་ཚང་མས་ཡང་ནས་ཡང་དུ་ཡུན་རིང་པོའི་བར་དུ་རྒྱུན་བསྲིངས་ནས་འཕེལ་རྒྱས་འགྲོ་ཐུབ་པ་དེ་འདྲ་ཞིག་ལ་བསམ་བློ་བཏང་གིན་ཡོད་པ་རེད། འོན་ཀྱང་བཤས་ཚོང་འདི་རིགས་ལ་རྒྱུན་བསྲིང་མི་ཐུབ་པའི་ཕེལ་རྒྱས་ཟེར་བ་རེད།དེས་ན་ད་ནས་རབ་ན་རིག་གནས་སྦྱོང་། དེ་མིན་ན་ལོ་བཞི་བཅུ་མན་ཆད་ཀྱིས་ལག་རྩལ་སྦྱོང་། དེ་ཡང་མ་འཇོན་ན་ངལ་རྩོལ་བྱས་ནས་ཁ་གསོ་བ་འདི་རྒྱུན་བསྲིངས་ཐུབ་པའི་འཕེལ་རྒྱས་རེད། དེས་ན་ཚང་མས་བསམ་ལུགས་དང་བཤད་ལུགས་ལས་ལུགས་ངོ་མ་གང་ཡིན་དེ་གོ་དགོས།

དེ་ཡང་། བོད་ཀྱི་མགར་དང་ཚེམས་གྲུབ་ཤིང་བཟོ་སོགས་སྦྱོང་དགོས། ཆུང་ས་ནས་བཤད་ན་ཉག་རོང་ལྟ་བུའི་ཤིང་ཆ་མོད་ས་ཞིག་ལ་མཚོན་ན་ཤིང་གི་རྩ་བ་སྐམ་ཟིན་པའི་འཛེར་ཐོ་འདི་དག་གིས་ཅ་ནེ་འཇོག་ས་དང་དབྱིབས་གཟུགས་འདྲ་མིན་བརྐོ་གཞོག་བྱས་ནས་བཙོང་པ་ཡིན་ན་ཡང་མི་མང་པོ་ཞིག་གི་ཁ་སོས་ཐུབ།རྒྱ་ཡུལ་དུ་མི་མང་པོ་ཞིག་གི་འཚོ་བ་འདི་འདྲ་ལ་བརྟེན་ཡོད་པ་རེད།

མདོར་ན་ད་ནས་ང་ཚོས་ཤེས་རིག་དང་ལག་རྩལ་གྱིས་ཁ་གསོ་བ་ལས་ཞིང་ཁའི་ནང་དུ་ཚེར་མ་བཏབ། སྒོ་ཕྱུགས་ཚང་མ་བཤས་ཚོང་བྱས། རིག་གནས་དང་ལག་རྩལ་གང་ཡང་མ་བསླབས་པ་ཡིན་ན་ནམ་ཞིག་སྒོ་ཕྱུགས་དག་ཟད་པ་དང་མི་གེའི་འཆི་རྒྱུ་མ་གཏོགས་མེད། ཕར་ཐད་ཀར་ལྟས་ན་བཤས་ཚོང་ཞིག་བརྒྱབ་པ་ཡིན་ན་དེ་མ་ཐག་སྒོར་མོ་ཁྲི་ཁ་ཤས་རག་གི་རེད་དེ། ཕུགས་ལ་ལག་རྩལ་སྦྱངས་ནས་ལས་ཀ་ལས་ན་དེ་ཕན་ཐོགས་ཆེ། དེ་ཡང་ང་ཚོ་བོད་པ་ལྟ་བུ་ས་རྒྱ་ཆེན་པོ། མི་ཉུང་ཉུང། གཏེར་ཁ་དང་ཐོན་ཁུངས་རྒྱ་ཆེན་པོ་ཡོད་པའི་མི་རིགས་ཤིག་གིས་བཤས་ཚོང་ཞིག་རྩ་བ་ནས་རྒྱག་དགོས་དོན་ཡོད་པ་མ་རེད། གོང་དུ་བཤད་པ་ལྟར་ཐ་ན་ཤིང་གི་འཛེར་ཐོ་རྐྱང་པ་བརྐོ་བཞོག་བྱས་བསྡད་ན་ཡང་ཁ་སོས་འགྲོ་གི་རེད།

ལག་རྩལ་གཞན་མ་ཤེས་ཀྱང་རྡོ་རྩིག་རྩིག་རྒྱུ། གྱང་རྡུང་རྒྱུ་སོགས་དང་། དེ་མིན་ལམ་ལས་ས་སོགས་སུ་ཨར་འདམ་གྱི་ལས་ཀ་མང་པོ་ཡོད་རེད་ལ་ཨར་འདམ་གྱི་ལས་ཀ་ལས་རྒྱུ་འདི་དག་ལ་མི་ཤེས་རྒྱུ་ཞིག་རྩ་བ་ནས་མེད་ན་ཡང་། ད་ལྟ་ང་ཚོར་མཚོན་ན་འདི་དག་ཚང་མ་རྒྱ་རིགས་ཀྱིས་ལས་ཀྱིན་ཡོད་པ་རེད། དེ་ཡང་རྒྱ་རིགས་ཤིག་གིས་ལས་ན་ཉིན་གླ་སྒོར་མོ་བརྒྱ་དང་བཞི་བཅུ་ལྔ་བཅུ་དགོས་པ་དང་། བོད་པ་ཞིག་གིས་ལས་ན་སྒོར་མོ་ལྔ་བཅུ་དྲུག་བཅུ་ལས་མི་ལོན་པ་རེད། ལས་ཀ་ལས་དགོས་པ་འདྲ་འདྲ་ཡིན་བཞིན་གོང་ཆེ་ཤོས་ལོན་ན་དེར་མི་དགའ་མཁན་སུ་ཡོད། ཁང་པ་ཞིག་ལས་དགོས་ན་ཡང་ཇུས་འགོད་བྱེད་རྒྱུ་སོགས་ལག་ཤེས་ཅུང་དཀའ་མོའི་རིགས་དེ་དག་ནི་རྒྱ་རིགས་ལས་བཟོ་བ་དེ་དག་གིས་ཀྱང་མང་ཆེ་བས་ཤེས་ཀྱི་མེད་པར་གཞན་ཞིག་གི་ཇུས་འགོད་ཟིན་པའི་རི་མོར་ལྟས་ནས་ལས་ཀྱིན་ཡོད་པ་ལས་དེའི་ནང་ན་ཤེས་མཁན་གཅིག་གཉིས་རེ་ལས་ཡོད་པ་མ་རེད།

དེ་བཞིན་གསེར་རྟ་ལྟ་བུར་མཚོན་ན་མཛུབ་མོ་ལ་སྐོན་རྒྱུའི་འཛུབ་དཀྲིས་ཐེབས་ཆག་ཅིག་ཡིན་ན་ཡང་བོད་པ་མགར་མཁན་མེད་པར་ཡུན་ནན་ནས་ཡོང་བའི་རྒྱ་རིགས་རྐྱང་པས་མགར་གྱིན་ཡོད་པ་རེད། ལྷ་སར་མཚོན་ན་ཡང་ཁྲོམ་བར་ན་མགར་བྱེད་གྱིན་ཡོད་པ་ཡོངས་རྫོགས་རྒྱ་ཁོ་ན་རེད། དེ་བཞིན་ཁྲིན་ཏུ་ན་ཡོད་པའི་བོད་ཀྱི་ས་གདན་ལས་སར་མཚོན་ན་ཉི་མ་རེ་རེ་བཞིན་ས་གདན་ཟོང་འཁོར་དོས་སྐྱེལ་རླངས་འཁོར་གྱི་ཐ་སྙད་གསར་པ ཧ་ཅང་མང་པོ་སྐྱེལ་འདྲེན་བྱེད་གྱིན་ཡོད་པར་མ་ཟད། བོད་ཀྱི་ཅ་ལག་ཡིན་པས་དར་རྩེ་མདོ་དང་འབར་ཁམས་ལྟ་བུ་བོད་ཀྱི་ས་གནས་ཞིག་གམ། ཐ་ན་ཉག་རོང་རྫོང་ནས་འཐག་བཞག་ན་ཡང་ཆོག་གི་རེད་དེ། ཚང་མ་རྒྱ་རིགས་ཁོ་ནས་འཐག་གིན་ཡོད་པ་དང་། བོད་ཀྱི་སྤོས་ཀྱང་། དང་པོ་བོད་ཀྱིས་ལས་ཁུལ་བྱས་ན་ཡང་ད་ལྟ་རྒྱ་རིགས་ཁོ་ནས་ལས་ཀྱིན་ཡོད་པ་འདི་རེད། དེས་ན་འདི་རིགས་ཀྱི་ཐོག་ལ་བསམ་བློ་བཏང་ནས་འདི་དག་ལ་སློབ་སྦྱོང་མ་བྱས་ན་དཔལ་འབྱོར་ཡར་རྒྱས་འགྲོ་གི་མ་རེད་མི་ཟེར་བར་ཡིན་གཅིག་མིན་གཉིས་བཤས་མ་བཤས་ན་དཔལ་འབྱོར་ཡར་རྒྱས་འགྲོ་གི་མ་རེད་ཟེར་དགོས་པའི་རྒྱུ་མཚན་ཅི་རེད།ངས་བསམ་ན་སྐད་ཆ་འདི་ནོར་བ་རེད། གལ་ཏེ་དེ་ལྟར་སློབ་མཁན་ཞིག་ཡོད་ན་དེ་བསམ་ནག་གི་བསླབ་བྱ་ཞིག་གམ་བསམ་པ་ཕྱིན་ཅི་ལོག་གི་བསླབ་བྱ་ཞིག་རེད།

དེས་ན་བོད་ཀྱི་འཚོ་བ་སྐྱེལ་སྟངས་ཀྱང་ད་ཕན་ཆོད་བཤས་ཚོང་རྒྱག་རྒྱུ་མིན། དཔལ་འབྱོར་ཡར་རྒྱས་ལ་འགྲོ་རྒྱུ་ཡིན་ཞེས་པའི་སློབ་གསོ་འདི་གཏོང་དགོས། འདི་ཧ་ཅང་གལ་ཆེན་ཡིན།

འོན་ཀྱང་། ང་ཚོས་ཁྲིམས་བཞག་ནས་འདི་ཆོག་དང་མི་ཆོག་ཟེར་རྒྱུ་མེད། རྒྱལ་ཁབ་ཀྱིས་ཀྱང་བཤས་ཟོག་མ་བཤའ་ཟེར་ནས་བསླབ་བྱ་རྒྱག་ཆོག་ཀྱང་བཤའ་མི་ཆོག་ཟེར་ནས་ཁྲིམས་འཇོག་མི་ཆོག་ཟེར་གྱི་ཡོད་པ་ཡིན་དུས་སློབ་གསོ་སྤྲོད་རྒྱུ་ཙམ་ང་ཚོའི་འོས་འགན་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།


条目: 121 - 132 共 161

ངེད་དྲ་ཚིགས་ལ་ཕེབས་པར་དགའ་བསུ་བྱེད

བོད་ཀྱི་ལོ་རྒྱས་དང་རིག་གནས་ནི་་ཆས་ཕུན་སུམ་ཚོགས་པའི་འཛམ་གླིང་གི་ནོར་བུ་ལྟ་བུ་ཡིན།

 

གསར་འགྱུར།

2009-11-21 19:25

ཚན་རྩལ།

  བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སི་ནི་བོད་རང་སྐྱོང་ལྗོངས་ཚན་རྩལ་ རྣམ་པའི་ཁེ་ལས་ཤིག་ཡིན་ལ།ཀུང་སིའི་ཁོངས་མི་དག་ཡང་ཆེད་ལས་ལག་རྩལ་རྩེར་སོན་པ་དང་ མི་རིགས་དང་རིག་གནས་ལ་བློ་དཀར་ཞིང་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པའི་འདུ་ཤེས་ཟབ་པས།  རྒྱུན་དུ་བོད་ཡིག་མཉེན་ཆས་གསར་སྤེལ་དང་།བོད་ཡིག་གློག་རྡུལ་ཐོན་ར
2009-11-21 17:17

བརྡ་སྤྱོར།

  དུས་རབས་གསར་བའི་ནང་དུ་འཛམ་གླིང་གི་རྒྱལ་ཁབ་མང་པོ་དང་། མི་རིག་མང་པོས་རང་རང་གི་མཐུན་མིན་རིག་གནས་བདག་དམ་དང་འཕེལ་རྒྱས་སུ་གཏོང་ཅི་ཐུབ་བྱེད་པའི་སྒང་འདིར་ང་ཚོས་ཀྱང་ཕྱི་རུ་ངོམས་རིན་ཡོད་པ་དང་། གོང་དུ་སྤེལ་ལུགས་ཡོད་པའི་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་ཞིག་སྟེ། རྩམ་དྲི་དང་འོ་དྲི་མ་ཡལ་བའི
2009-11-10 15:06

༼ གངས་རྒྱན་ཞོགས་གླང ༽སྙན་ངག་གྱེར་འདོན།

གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པའི་.pptx (553,2 kB)
2009-11-04 18:40

གསར་འགྱུར

crdb.webnode.comངེད་དྲ་ཚིགས་ནི་བོད་མི་རིགས་ལ་ཞབས་ཞུ་ཁོ་ན་སྒྲྲིབས་པའི་ན་གཞོན་འགའ་ཡིན།ཁྱེད་ཀྱིས་རང་མི་རིགས་ ལ་ཞབས་ཞུ་ཞིག་སྒྲིབས་དགོས་འདོད་ཡོད་དམ།
2009-11-03 04:11

དྲ་ཚིག་གི་གནས་ཚུལ་སྤེལ་བ།

༢༠༠༨ལོར་ང་ཚོའི་མགོ་ལོག་ས་ཁུལ་སྐབས་དང་བོའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲན་རྩོལ་བྱ་འགུལ་སྤེལ།ད་ལོའི་འཆར་གཞི་ལ་༢༠༠༩ལོའི་ཟླ་༡༡པའི་ཚེས་༡༤ཉིན༼གངས་རྒྱན་ཞོགས་གླིང༽ཞིས་པའི་ཁུལ་ཡོངས་ཀྱི་སྙན་ངག་གྱེར་འདོན་དང་༢༠༠༩ལོའི་ཟླ་༡༡པའི་ཚེས་༢༨ཉིན་ཁུལ་ཡོངས་ཀྱི་སྐབས་གཉིས་བའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲ

站内搜索

联系人

ཉི་མའི་བུ་རྒྱུད ཆེས་མཐའ་མཇུག་གི་གཙང་ས། རྨ་ཡུལ་མཐོང་བ་ཀུན་སྨོན། 13897556557


གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་
གྱི་ཚིག་མཛོད་ཆེན་མོ།

www.tibettl.com/blog/
བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སིས་གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་སློབ་སྦྱོང་འཕྲུལ་ ཆས་2009ལོའི་ཟླ་10བའི་ཚེས་5ཉིན་ཚོང་རྭར་དགྲམ་རྒྱུ་ཡིན་པས།རྣམ་པ་ལྷན་རྒྱས་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་མངགས་ཉོ་གནང་བར་ཐུགས་རྗེ་ཞུའོ།

民意调查

གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་ཆེན་མོ།

ཧ་ཅང་བཟང་པོ་འདུག (59)
53%

བཟང་རྒྱུ་མེད། (53)
47%

总票数: 112