འདི་ན་་ཤེས་རིག་གི་འོད་སྟོང་འབར་ཞིང་ཞི་བདེ་ཡིས་དར་ཆ་སྒྲེང་ཡོད

Photo Gallery: 主页

/album/photo%20gallery%3a%20%e4%b8%bb%e9%a1%b5/a7216888581-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a41538676037-gif/
/album/photo%20gallery%3a%20%e4%b8%bb%e9%a1%b5/a55a0dd809f39f1936d81196a-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a92054217948-jpg/

སྐད་དང་ཡི་གེ

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༢༠

རྒྱལ་སྤྱིའི་ཐོག་གི་བོད་སྨན་གྱི་ཆེ་མཐོང།



དེ་མཚུངས་གོང་དུ་བཤད་པ་བཞིན་སྐར་རྩིས་དང་སྨན་སོགས་ཀྱང་སྦྱོང་དགོས། ཁྱད་པར་དུ་བོད་ཀྱི་སྨན་དང་རྩིས་འདི་གཉིས་ལ་མཚོན་ན་འཛམ་བུ་གླིང་གི་ཐོག་ན་སྐད་གྲགས་འགྲོ་བཞིན་ཡོད་ན་ཡང་བོད་ཀྱི་སྨན་འདི་གཞན་གྱིས་རྫོད་ཀྱིན་འདུག དེ་ཡང་བོད་ཀྱི་སྨན་ལས་ས་ལྷ་སའི་ཕྱོགས་ཡིན་ནའང་འདྲ། མཚོ་སྔོན་ཕྱོགས་ཡིན་ནའང་འདྲ། བོད་ཀྱི་མིང་བརྒྱབ་ཡོད་པ་ལས་སྨན་ལས་སའི་བཟོ་གྲྭ་ཆེས་ཆེ་ཤོས་དག་བོད་ཀྱིས་བདག་གཉེར་ལེགས་པོ་མི་ཡོང་བ་དང། ཆ་རྐྱེན་མེད་པའི་དབང་གིས་གཙོ་བོའི་ཚོང་དཔོན་རྒྱ་རིགས་ཡིན་གྱི་ཡོད་པ་རེད། དེའི་ཐོག་ལ་ཁོ་ཚོས་ལས་རྒྱུ་འབྲས་ལ་བསམ་བློ་མི་གཏོང་བས་བོད་ཀྱི་སྨན་ལ་ཡོད་པའི་དབང་དང་ཁྲིད། སྲུང་འཁོར། དེ་བཞིན་སྨན་སྒྲུབ་རྒྱུ་སོགས་རྩ་བ་ནས་མེད་རྒྱུ་བྱས་ཟིན་པ་རེད། དཔེར་ན། སྨན་གྱི་ནང་ན་ཁྱི་དང་བུད་མེད་རྣམས་ཀྱིས་ཕྱོགས་སུ་ཡང་ཉེ་མི་ཆོག་པའི་སྨན་སྒྲུབ་སྟངས་དེ་འདྲ་ལ་དེང་སང་སློབ་གྲྭ་དག་གིས་ཡོང་ཐབས་མི་འདུག་ཟེར་ནས་སྒྲུབ་ཀྱི་ཡོད་པ་རེད།

ཡང་ཕྱོགས་གཞན་ཞིག་ནས་བོད་ཀྱིས་སྨན་གྱི་ནང་དུ་དངུལ་ཆུ་མང་པོ་བསྲེས་ནས་སྡེབ་སྦྱོར་བྱེད་ཀྱི་ཡོད།སྤྱིར་ཡིན་ན་དངུལ་ཆུ་ནི་འཛམ་གླིང་ཐོག་གི་དུག་ཆེ་ཤོས་ཤིག་ཏུ་རྩི་ཞིང། ཁོག་ཏུ་སོང་ན་མི་ནད་པར་སྒྱུར་བྱེད་ཚབ་ཆེ་ཤོས་ཤིག་ཡིན་ན་ཡང་བོད་ཀྱིས་དེ་དུག་འདོན་བྱེད་པ་རེད། དངོས་གནས་སྔོན་གྱི་ལག་ལེན་ཚད་ལྡན་དག་གིས་དུག་འདོན་བྱས་ན་བྱེད་ཐུབ་ཀྱི་རེད་དེ། ལག་ལེན་ཚད་ལྡན་མ་བྱུང་བས། དུག་འདོན་ཐུབ་མི་འདུག དངུལ་ཆུ་ལྷག་འདུག་ཅེས་ཕྱི་རྒྱལ་གྱི་ཞིབ་འཇུག་པས་དེ་ལྟར་བཤད་ཅིང་། ལོ་འགའི་སྔོན་སྐབས་ཤིག་རིང་བོད་སྨན་རྒྱལ་སྤྱིའི་ཐོག་ནས་མར་ལྷུང་བ་རེད། དེ་ཡང་ངོ་མ་བཤད་ན་ལག་ལེན་ཡག་པོ་མ་བྱས་པའི་རྒྱུ་མཚན་གྱིས་རེད། རྗེས་ནས་ཡང་བསྐྱར་ལྟས་དུས། བོད་ཀྱི་ལག་ལེན་འདིའི་ནང་ན་ཐད་ཀར་ལྟས་ན་དངུལ་ཆུ་དུག་འདོན་བྱེད་ཐུབ་པ་ཞིག་མི་འདུག་སྟེ། ཡིན་ན་ཡང་དུག་འདོན་བྱས་འདུག ཇི་ལྟར་བྱས་པ་ཡིན་གོ་ཐུབ་ཀྱི་མི་འདུག་ཅེས་སྐབས་ཤིག་ལ་དེ་ལྟར་ཡང་བཤད་པ་རེད། དེ་ཡིན་ན་སྨན་ཁང་ཡག་པོ་ཞིག་ནས་བཟོས་པ་ཡིན་རྒྱུ་རེད།

དེས་ན་བོད་ཀྱི་སྨན་ལས་སྟངས་འདི་ལ་མི་ཞིག་གི་ལས་ཀ་རྐྱང་པས་མི་ཚད་པར། དབང་ལུང་ཁྲིད་གསུམ་དང་། སྲུང་འཁོར་སྒྲུབ་རྒྱུ་མང་པོ་ཡོད་པ་ཚང་མ་འཛོམ་དུས་གཞི་ནས་མི་ཞིག་གིས་ལས་ཀ་ཙམ་གྱིས་དུག་འདོན་མི་ཐུབ་ན་ཡང་དོན་གྱིས་དུག་འདོན་བྱས་ཚར་ཡོད་པ་ལྟ་བུ་ཡོང་གི་རེད། བོད་སྨན་གྱིས་དེ་རིང་ཁར་རྩང་ས་ཡག་པོ་ཆོད་པ་ཡང་དེའི་དབང་གིས་རེད། འོན་ཀྱང། ང་ཚོ་བོད་རང་གིས་ལག་ལེན་ཐུབ་ཀྱི་མེད་པར་ཚང་མ་གཞན་ཞིག་གི་ལག་ཏུ་ཤོར་བཞིན་ཡོད་པ་རེད། ན་ཉིན་བོད་ཀྱི་སྨན་སྦྱོར་ཡོངས་རྫོགས་མཚོ་སྔོན་གྱི་མི་ཞིག་གིས་མི་ཤེས་ཤེས་འདོག་བྱས་ནས་བསྒྱུར་ཚར་བ་རེད། ཚང་མས་བཟབ་བཟབ་བྱེད་དགོས། བོད་ཀྱི་རིག་གནས་གང་དང་གང་ཡིན་ཡང་བསྒྱུར་རྒྱུའི་དགའ་འམ་མི་བསྒྱུར་རྒྱུའི་དགའ་ཧ་གོ་གི་མི་འདུག ཕྱོགས་གཅིག་ནས་རིག་གནས་དར་སྤེལ་ཡིན་ཟེར་ན་ཆོག་གི་རེད་མོད། མིང་བོད་མིང་བཏགས་ནས་བོད་སྨན་ཡིན་རྒྱུ་བྱས་ན་ཡང། ཕྱོགས་གཅིག་ནས་གཞན་ཞིག་གིས་བརྫད་སོང་ན་འགྲིག་གི་མ་རེད། གལ་ཏེ་སྡེབ་སྦྱོར་ཡང་ཁོང་ཚོས་བྱས། མིང་ཡང་ཁོང་ཚོའི་མིང་བཏགས་པ་ཡིན་ན་འདོགས་སུ་ཆུག་ཀྱང་མིང་བོད་སྨན་ཡིན་རྒྱུ་བྱས་ནས་ལག་ལེན་ཡག་པོ་མ་བྱས་པ་ཡིན་ན་བོད་སྨན་གྱི་མགོ་རྣ་བརྫད་ཟིན་པ་རེད། བོད་ཀྱི་སྨན་པ་བསམ་པ་ཡོད་མཁན་ཡོངས་རྫོགས་ཀྱིས་དེའི་ཐོག་ལ་དགག་པ་བརྒྱབ་པ་རེད། འགའ་རེས་ཁོང་ཚོའི་ལག་ལ་མང་པོ་ཞིག་བསྒྱུར་རྒྱུ་བཞག་སོང་ཡང་ཁོང་ཚོའི་སྒྱུར་སྐབས་སྡེབ་སྦྱོར་གཞན་གྱི་ལག་ཏུ་མི་འགྲོ་བའི་ཆེད་དུ་དཀྲུགས་ནས་བསྒྱུར་པ་ཡིན་ཟེར། གང་ལྟར་བསྒྱུར་ཚར་ན་སྡེབ་སྦྱོར་ཡོངས་རྫོགས་གཞན་གྱི་ལག་ཏུ་ཤོར་ཚར་བ་ཡིན། དེའི་དབང་གིས་ཁར་རྩང་དེ་རིང་སྨན་མང་པོ་ཞིག་གསར་དུ་ཐོན་བཞིན་པ་དག་ཀྱང་མང་ཆེ་བ་བོད་ཀྱི་སྡེབ་སྦྱོར་ལ་རྒྱའི་མིང་བཏགས་པ་དེ་འདྲ་རེད། ཤྭ་བ་དང་སེང་གེའི་ཚིག་དཔེ་ཡང་འདི་འདྲ་ཞིག་གི་ཐོག་ལ་ཡོང་དགོས་པ་རེད། ང་ཚོས་གང་ཡང་མ་བྱས་ན་གཞན་གྱིས་དེ་ལྟར་བྱེད་ཀྱི་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༢༡

སྐར་མ་གཅིག་གི་ཁྱད་པར།



རྩིས་ཀྱི་ཕྱོགས་ནས་ཡིན་ན་ད་དུང་བོད་ཀྱི་རྩིས་གཏིང་ཟབ་གོ་མཁན་ཕལ་ཆེར་མི་འདུག དེའི་དབང་གིས་རྩིས་དེ་དེ་ཙམ་ཆགས་ཀྱི་མི་འདུག ལྷ་ས་སྨན་རྩིས་ཁང་གི་གླིང་གཙོ་གཙོ་བོ་ཞིབ་འཇུག་པ་མཁས་ཤོས་ཀུན་དགའ་ཞུ་བ་ཁོང་ལ་ང་ཐུག་ནས་བཀའ་འདྲི་གཅིག་གཉིས་རེ་དང་ཁ་བརྡ་རེ་བྱས་པ་ཡིན་ཏེ། དེ་སྐབས་ཁོང་གིས། ཀྲུང་གོའི་ཚན་རིག་ཁང་གི་ཚན་རིག་ཆེས་མཁས་ཤོས་ཤིག་གིས་བོད་ཀྱི་རྩིས་འདི་ཀྲུང་གོ་རྒྱལ་ཁབ་གཅིག་གི་མི་རིགས་ལྔ་བཅུ་ང་གྲངས་ཀྱི་ནང་གི་མི་རིགས་རིག་གནས་ཨང་དང་པོ་རེད་ཟེར་གྱི་འདུག་ཟེར་ན་ཡང་། ངོ་མ་བཤད་ན་དེའི་ནང་ཙམ་མ་ཟད། ཚན་རིག་དང་འཕྲུལ་ཆས་ཀྱི་དཔྱད་ཆས་ཕར་ཕུད།དེ་མ་ཡིན་པའི་སྔོན་ཆད་ཀྱི་རྩིས་ཞིག་ལ་འཛམ་བུ་གླིང་གི་ཐོག་ཏུ་ཡང་བོད་ཀྱི་རྩིས་འདི་ཨང་དང་པོ་རེད་ཅེས་བཤད་ན་ཡང་ཆོག་གི་རེད་དེ། དེ་ལ་ཡང་ངོ་མ་བཤད་དུས་དེང་སང་ཚང་མས་རི་མོ་རེ་འབྲི་རྒྱུ་མ་གཏོགས་བོད་རྩིས་ཀྱི་གོ་བ་ངོ་མ་དེ་ཙམ་ཤེས་ཀྱི་ཡོད་པ་མ་རེད། དེའི་གནད་དོན་གྱི་རྩ་བའི་འགག་རྩ་དེ་རིག་གནས་གསར་བརྗེ་ཆེན་པོ་ལ་ཐུག་ཡོད་པ་རེད་མོད། འོན་ཀྱང་ཁར་རྩང་དེ་རིང་ཉམས་གསོ་མ་ཐུབ་ན་དེའི་འགན་འཁྲི་ང་ཚོའི་མགོ་ལ་ཚུར་འབབ་པ་ལས་མེད།

སྨན་དང་རྩིས་འདི་དག་དེ་ལྟ་བུའི་རྩ་ཆེན་ཡིན་བཞིན་ང་ཚོས་དེ་ལ་མཐོང་ཆེན་མ་བྱས་ན་མི་འགྲིག་པས།བོད་ཀྱི་རིག་གནས་ཅུང་ཟད་ཤེས་མཁན་དེ་དག་ལྷག་ཡོད་མེད་ལྟས་ནས་བཙལ་འཚོལ་གྱིས་གང་ལྷག་ཡོད་པ་ཚང་མ་ང་ཚོས་གདན་འདྲེན་ཞུ་དགོས། འགྲོ་སོང་ཅི་ཙམ་གཏོང་དགོས་ནའང་སྐྱོན་གྱི་མ་རེད། བླ་རུང་སྒར་འདི་ནས་ཀྱང་ན་ནིང་དོ་ཚིགས་སྨན་རྩིས་ལ་མཁས་པའི་བླ་རྒན་བཟང་པོ་གཅིག་གཉིས་རེ་ལྷག་ཡོད་པ་དག་གདན་འདྲེན་ཞུས་ནས་སློབ་སྦྱོང་བྱས་པ་རེད། ད་ཕན་ཆད་ཡིན་ན་ཡང་གང་ཡོད་པ་དེ་དག་གདན་འདྲེན་ཞུ་རྒྱུའི་འཆར་གཞི་ཡོད་པ་རེད་ལ། བླ་རུང་འདི་ཆོས་སྒར་གྱི་ངོས་ནས་སུས་ཡིན་ཡང་ཡག་པོ་ཞིག་ཏུ་འཇོག་གིན་ཡོད་པས་དོན་ཡང་ཅུང་ཟད་ཐོན་རྒྱུ་རེད་དགོངས་མཁན། སྒོར་མོ་ཁོ་ན་ལ་མི་ལྟ་མཁན་སུ་ཡིན་ཡང་ཡོང་གསུང་མཁན་ཞིག་མ་གཏོགས་མི་འདུག དེ་ཡིན་ན་སྨན་གྱི་འཛིན་གྲྭ་འདི་ཡང་ཅུང་ཡག་པོ་ཞིག་ཡོང་ཐུབ་ན་ཞེས་ང་ཚོས་དེ་ལྟར་བསམ་པ་ཡིན།

རྩིས་འདི་ཡང་དོན་དག་ཆེན་པོ་རེད། རྒྱ་རྩིས་ལྟ་བུར་མཚོན་ན་ང་ཚོས་ལྷ་ས་སྨན་རྩིས་ཁང་དུ་མི་མངགས་ནས་ཆེད་དུ་སྦྱོང་བཅུག་པས་རྒྱ་རྩིས་གང་འདྲ་བྱས་ནས་འབྲི་དགོས་ན་ཡང་འབྲི་ཐུབ་གི་རེད།ན་ནིང་རྒྱ་རྩིས་ཀྱི་ཐོག་ནས་ཟླ་འཛིན་ཕབ་པ་ཚན་རིག་པས་གནམ་རིག་གིས་ཕབ་པ་དང་སྐར་མ་གཅིག་མ་གཏོགས་ཁྱད་པར་མི་འདུག དེ་འདི་ནས་དངོས་སུ་བརྩིས་བཞག་པ་རེད། ངས་ན་ཉིན་ཁོང་ཚོ་ལ་དང་པོ་ཁྱེད་ཅག་གིས་རྩིས་པ་དེ་ཚན་རིག་དང་གཏན་ནས་འགྲིག་མི་འདུག ཆུ་ཚོད་གཉིས་གསུམ་ཞིག་གི་ཁྱད་པར་འདུག་ལབ་པ་ཡིན། ཁོང་ཚོ་ཤིན་ཏུ་སྐྲག་སོང་། ཁོང་ཚོས་ལོ་ཐོ་ཁ་ཚང་བཀྲམ་ཚར་བས་ཤིན་ཏུ་རྩོག་པ་ཞིག་བྱས་ཚར་སོང་བསམས་འདུག དེ་ཁོང་ཚོས་དཔེ་ལྟས་མ་བྱས་པར་རྩིས་ངོ་མ་རྩིས་པའི་རྟགས་རེད་མ་གཏོགས་དཔེ་ལྟས་བྱས་ནས་ཕབ་པ་ཡིན་ན་ཁོ་རང་གི་ཞེ་ན་འགྲིག་ས་ཡོད་བསམ་ནས་དེ་ཙམ་སྐྲག་གི་མ་རེད། རྗེས་ནས་ངས་ཀྱང་། ཤོབ་ཡིན། ཚན་རིག་པས་རྩིས་པའི་གནམ་རིག་དང་སྐར་མ་གཅིག་གི་ཁྱད་པར་ལས་མི་འདུག་ཅེས་བཤད་པ་ཡིན། ཉི་འཛིན་གཏན་ལ་འབེབས་ཐུབ་པ་དཀའ་ཙམ་འདུག་མ་གཏོགས་ཟླ་འཛིན་དེ་ལྟར་འབེབས་ཐུབ་ཀྱི་ཡོད་པ་རེད།

ད་ལོ་དང་པོ་དཀར་རྩིས་སྦྱོང་མཁན་ཉུང་ཉུང་ལས་མི་འདུག་པས་རིག་གནས་འཛིན་གྲྭ་ཡོངས་རྫོགས་བསྡུས་ནས་བཞི་བཅུ་ཞེ་གྲངས་ཤིག་སྐར་རྩིས་སྡེ་ཚན་དུ་བཅུག་པ་ཡིན་ཏེ། རྗེས་མ་དངོས་སུ་སྦྱོང་མཁན་ད་དུང་ཡང་མང་པོ་མི་འདུག་ཟེར། མ་གཞི་ང་ཚོའི་ཆོས་སྒར་འདིར། འཚུར་རྩིས་དང་ཕུག་ལུགས་ཀྱི་རྩིས།རྒྱ་རྩིས་གང་སྦྱོང་འདོད་ཀྱང་ཕུན་སུམ་ཚོགས་པ་ཞིག་སྦྱོང་རྒྱུ་འདུག དེའི་ཐོག་ལ་བླ་མ་ཡིད་བཞིན་ནོར་བུའི་རྩིས་ཀྱི་གོ་དོན་ཡང་བརྒྱ་ཆ་དགུ་བཅུ་ཙམ་ཞིག་ཧ་ལམ་ཤེས་ན་ཐང་གི དེའི་ཐོག་ཏུ་སྨིན་གླིང་ལོ་ཆེན་གྱི་སྐར་རྩིས་སྤྱི་དོན་ཡོངས་འདུའི་སྙེ་མ་འདི་ཡང་བླ་མ་ཡིད་བཞིན་ནོར་བུའི་རྩིས་ཀྱི་གོ་བ་དང་སྐབས་སྐབས་ཅུང་ཟད་མི་འདྲ་བ་དང་རྒྱས་བསྡུས་ཙམ་ལས་ཕལ་མོ་ཆེ་གཅིག་ཏུ་གྱུར་འདུག་པས། ངས་ཀྱང་དངོས་སུ་ཐོབ་མ་མྱོང་ཡང་བླ་མ་ཡིད་བཞིན་ནོར་བུའི་རྩིས་ཀྱི་གོ་བ་དེ་ལ་ལྟས་ནས་གཅིག་བཤད་པ་རེད། སྤྱིར་བཏང་གི་ཚིག་དོན་ཧ་ལམ་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཡས་མས་ཤེས་ཀྱི་འདུག དེས་ན་རྩིས་ཀྱི་རི་མོ་དང་གོ་དོན་གཉིས་ཀ་ཡང་ང་ཚོ་འདིར་ཡོད་པ་ཙམ་ཞིག་ས་ཆ་གང་ན་ཡང་ཡོད་པ་མ་རེད་ཟེར་མི་ཐུབ་ཀྱང་། ས་ཁུག་ཁུག་ཅིག་ལ་འདི་ལས་ལྷག་ཅིག་ཡོད་རྒྱུ་མ་རེད། བླ་མ་ཡིད་བཞིན་ནོར་བུས་ཀྱང་རིག་གནས་ལ་མཐོང་ཆེན་ཅི་ཙམ་མཛད་ཀྱི་ཡོད། དེས་ན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱ་རྒྱུར་ང་ཚོར་ལས་འགན་ཡོད་པ་ཡིན།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༢༢

བསམ་འགྲུབ་རྒྱ་མཚོའི་ཁ་བརྡ།



དེ་ཡང་རྒྱ་རྩིས་པ་རྒྱ་རྩིས་ཀྱི་དོན་བྲིས་ཡོད་མཁན་བསམ་འགྲུབ་རྒྱ་མཚོ་ཟེར་བ་ཞིག་ཡོད། ངས་ཁོང་དང་ཁ་བརྡ་བྱས་པ་ཡིན། སྔོན་ཆད་པེ་ཅིན་དུ་གནམ་རིག་གི་ཚན་རིག་པ་མང་པོ་མཉམ་དུ་འདུས་ནས་དཀར་རྩིས་རྩིས་པའི་སྐབས། ཁོས་ས་གཞོང་ཆུང་ཆུང་ཞིག་ཁྱེར་ནས་སོང་བ་ཡིན་ཟེར། དེང་རབས་གནམ་རིག་གི་རྩིས་པ་ཚང་མས་ཁྱོད་ཀྱིས་འདི་ཅི་ཞིག་རེད་ཅེས་དྲིས་པར། ཁོང་འདིའི་ཐོག་ཏུ་བརྩིས་ན་རྩིས་འབྲས་ཚང་མ་གོ་ཐུབ་པ་རེད་ཅེས་ལན་བཏབ། ཁོང་ཚོས་ཡང་སྐྱར་ཁྱོད་ཀྱིས་འདི་གནའ་སྔ་མོའི་རྗེས་ལུས་ཀྱི་བྱ་ཐབས་རྙིང་བ་རེད། ཅི་ཡང་རུང་གི་མ་རེད། དེ་བས་རྩིས་འཕྲུལ་དང་ཤོད་ཁྲ་བརྒྱབ་ནས་རྩིས་ཟེར་ཡང་ཁོང་འདིས་ངེས་པར་རྩི་ཐུབ་ཅེས་མཐར་འགྲན་བསྡུར་གྱིས་བརྩིས་བརྡ་བརྒྱབ་སྟེ། གཞན་དག་གིས་ཤོད་ཁྲས་རྩིས་ཤིང་ཁོས་ས་གཞོང་དུ་རི་མོ་བྲིས་པ་ག་དུས་ཡིན་ན་ཡང་ཁོང་སྔུན་ལ་ཐོན་ནས་སྤྱི་ཚོགས་ཚན་རིག་ཁང་གི་ཤོད་ཁྲ་འབྲུ་གཉིས་གསུམ་རེ་རྗེས་སུ་ལུས་པར་རྒྱ་རིགས་ཁོང་ཚོ་གཞི་ནས་ཧ་ལས་ཏེ། བོད་ཀྱི་རིག་གནས་ཀྱི་བྱ་ཐབས་འདི་ཕར་བལྟས་ཚོད་ལ་ཤིང་ལེབ་ཅིག་གི་ཐོག་ལ་ཐལ་བ་བླུགས་ནས་རྩི་གིན་ཡོད་ན་ཡང་དོན་ལ་ཁྱད་ཆོས་འདུག་ཅེས་ཁས་བླངས་པ་རེད་ཟེར།

ཡང་ཉིན་ཞིག ས་རིས་ཀྱི་ནང་དུས་ཚོད་ཀྱི་ཐོག་ལ་ཡུལ་དུས་བསྒྲིག་ཏུ་ཡོད་པ་བཞིན་ཁོ་རང་གིས་རོགས་པ་ཚོར། ཁྱེད་ཅག་གིས་ལག་མགོའི་ཆུ་ཚོད་ལ་ལྟོས་ལ་ངས་རྩ་བ་ནས་མ་བལྟས་པའི་ཐོག་ནས་ཐུར་གྲིབ་བཞག་སྟེ་ད་ལྟ་པེ་ཅིན་ཆུ་ཚོད་གང་དང་གང་གི་མཚམས་སུ་ཡོད་པ་ཁྲིགས་སེར་བཤད་ཐུབ་ཅེས་བཤད།ཁོང་ཚོས་རང་བཞིན་གྱི་ཐུར་མ་ཞིག་ལ་ལྟས་ནས་དེ་འདྲ་རྩ་བ་ནས་ཐུབ་ཀྱི་མ་རེད་ཅེས་ཁས་མ་བླངས་པར་ཁོས་ཐུར་གྲིབ་བཞག་ནས་དེ་དེང་སང་གི་དུས་ཚོད་དང་བསྒྲིགས་ཏེ། པེ་ཅིན་ཆུ་ཚོད་འདི་དང་འདིའི་ཐོག་ལ་ཐོན་འདུག་ཅེས་སྨྲས། ཁོང་ཚོས་ལག་མགོའི་ཆུ་ཚོད་ལ་ལྟས་མ་ཐག་གཅིག་པར་སོང་ཡོད་པས་ཚང་མ་ཧ་ལས་ལས་བྱེད་ཀྱི་འདུག་ཟེར་བ་ལྟ་བུ་རེད།

ཐུར་གྲིབ་བགོ་ལུགས་བླ་མ་ཡིད་བཞིན་ནོར་བུའི་སྐར་རྩིས་ཀྱི་རྔ་མ་ན་ཡང་ཡོད། ཐུར་གྲིབ་ཀྱིས་དུས་ཀྱི་ཆ་ཤས་ཡག་པོ་ཞིག་བགོས་པ་ཡིན་ན་དུས་ཚོད་གང་དུ་ཐོན་ཡོད་པ་ལེགས་པར་རྟོགས་ཐུབ་པ་རེད། བོད་ཀྱི་རིག་གནས་ལ་ཁྱད་ཆོས་དེ་དང་དེ་ལྟ་བུ་ཡོད་པ་ཡིན་པས་ལེགས་པར་སྦྱང་དགོས། གལ་ཏེ་གྲྭ་པ་རྣམ་པས་མ་སྦྱངས་ན་སློབ་གྲྭ་བས་ནི་མཐའ་འཁྱོལ་བ་ཞིག་སྦྱོང་དཀའ་མོ་རེད། དཔེར་ན། མཐོ་འབྲིང་གི་སློབ་དེབ་མན་ཆད་ཀྱི་ནང་དུ་བོད་ཀྱི་རིག་གནས་རེ་བཞག་ཡོད་པ་དག་ཀྱང་གཏིང་ཟབ་མོ་དང་ཆ་ཚང་མོ་གང་ཡང་མེད་པར་ཚང་མ་ཆད་དེ་ཆོད་དེ་ཞིག་རེད།

དེས་ན་འདི་ནས་ཀྱང་སྨན་དང་རྩིས་འདི་རིགས་ལ་ཤུགས་སྣོན་བརྒྱབ་ནས་སྦྱོང་དགོས་ལ། གཞན་དགོན་པ་དག་གི་ནང་དུ་ཡང་གཏིང་ཟབ་མོ་ཞིག་ཡོང་དཀའ་ན་ཡང་གང་ལྟར་ཚང་མས་སྦྱོང་དགོས། སྨན་དང་རྩིས་ལེགས་པོ་ཤེས་མཁན་ལག་ལེན་གྱི་ཐོག་ནས་བཟང་པོ་དེ་འདྲ་ས་གུད་ལུང་གུད་ན་ཡོད་སྲིད་པ་ཡིན་སྟབས། དེ་འདྲ་འདུག་དང་མི་འདུག་ལྟོས་དང་དེའི་ཐོག་ན་སློབ་སྦྱོང་བྱ་རྒྱུ་མང་པོ་ཞིག་ཡོད་པ་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༢༣

མི་ལ་སྔ་བ་གདོང་དམར་བ།



དེ་བཞིན། སུམ་རྟགས་དག་གསུམ་དང་སྐད་ཡིག་སློབ་སྦྱོང་གི་ཐད་ཡིན་ན་ཡང་ང་ཚོས་སྔོན་ཆད་གྱི་འགྲོ་སྟངས་ལྟར། མཆོད་བརྗོད་འདིས་སུ་ལ་མཆོད་བརྗོད་བྱས་འདུག འགྱུར་ཕྱག་འདིའི་ནང་དོན་ཅི་ཞིག་རེད་སོགས་ལ་རྩོད་པ་བརྒྱབ་པ་ཁོ་ནས་སྐད་ཡིག་ཞིབ་འཇུག་ཟེར་བ་དེ་ཡོང་གི་མ་རེད་ལ། སུམ་རྟགས་དག་གསུམ་གྱི་ན་ལ་གཉིས་དེ་ཁོ་ཉིད་ལ་འཇུག་མི་འཇུག་ཧ་ལམ་ལོ་སྟོང་ཕྲག་གཅིག་གི་བར་དུ་བཤད་པ་ཡིན་དུས་དེ་ཙམ་ཞིག་གིས་འཇུག་རྒྱུ་མི་འཇུག་རྒྱུ་གང་བྱས་ནའང་ཆོག་གི དེ་ལས་གསར་དུ་གོ་ཡོང་རྒྱུ་ཞིག་ཡོང་གི་མ་རེད།

དེ་བས་གསར་གཏོད་ཀྱི་རྣམ་པ་ཅན་གྱི་ཞིབ་འཇུག་བྱེད་སྟངས་གསར་པ་མང་པོ་ཡོད་པ། དཔེར་ན།འཛམ་བུ་གླིང་གི་ཤར་ཕྱོགས་ཀྱི་རྒྱ་སྐད་དང་བོད་སྐད་གཉིས་ཀ་འབྱུང་ཁུངས་རྩ་བ་གཅིག་ཡིན་པར་ཐེ་ཚོམ་རྩ་བ་ནས་མི་འདུག གང་རེད་ཟེར་ན་འདི་གཉིས་ཀའི་རྩ་བའི་སྐད་དེ་གཅིག་པ་ཆགས་ཀྱི་ཡོད་པ་རེད།དེས་ན་ང་ཚོས་མིང་མཛོད་ཀྱི་ནང་དུ་ཡང་མང་པོ་ཞིག་མ་བསྒྱུར་པར་གནད་དེ་གོ་བའི་ཆེད་བཞག་པ་ཡིན།དེ་ཡང་རྩ་བའི་ཆ་ནས་ཆེས་གནའ་རབས་ཐོག་མའི་སྐབས་ཀྱི་ལག་ཆ་སོགས་རྩ་བའི་འཚོ་བ་སྟབས་བདེའི་རིགས་དང་། མིའི་ཁ་དང་ལག་པ་ལྟ་བུའི་སྐོར་མང་པོ་ཞིག་གི་མིང་ཚང་མ་གཅིག་པ་ཆགས་ཀྱི་འདུགའོན་ཀྱང་འབྱུང་ཁུངས་གང་ཡིན་གྱི་ཐོག་ལ་ད་ལྟ་རྩོད་གླེང་ཡོད་པ་རེད། དེས་ན་འདི་དང་འདི་ལྟ་བུའི་རིགས་ལ་ཞིབ་འཇུག་བྱ་ཐབས་གསར་པས་ཞིབ་འཇུག་བྱས་པ་ཡིན་ན། ཡང་སྙིང་རྒྱ་བོད་གཉིས་ཀྱི་སྐད་ཀྱི་འབྱུང་ཁུངས་ཐོག་མ་དེ་བོད་སྐད་ཀྱི་ཐོག་ནས་ཡོང་བ་ཡིན་དགོས་ཀྱི་ཡོད་པ་རེད།

དེའི་རྒྱུ་མཚན། སྤྱིར་གནའི་བོད་ཀྱི་ཆོས་དང་ལོ་རྒྱུས་ཀྱི་ནང་དུ་ཡང་དེ་ལྟར་གསུངས་པ་རེད་ལ་གནའ་རྫས་རྟོག་དཔྱོད་ཀྱི་ལམ་ནས་བསམ་ན་ཡང་། དང་པོ་རྒྱ་མཚོའི་ནང་ནས་ས་ཆེན་པོ་འདི་ཡར་འབུར་ཡོང་བའི་སྐབས་སུ་ཧི་མ་ལ་ཡ་འདི་ཐོག་མར་བུད་པ་དང་། དེའི་རྗེས་ནས་མཚོ་བོད་མཐོ་སྒང་འདི་འཛམ་བུ་གླིང་གི་ས་བབ་མཐོ་ཤོས་ཆགས་པ་རེད། འདི་ཐོག་མར་ཡར་མཚོ་ནང་ནས་ཐོན་པ་ཡིན་དུས་མིའི་རིགས་ཤིག་ཆགས་ན་དང་པོ་འདིའི་ཐོག་ཏུ་མ་ཆགས་ཐབས་མེད་ཡིན་ལ་དེ་ལྟར་ཆགས་པ་དེ་བོད་པ་ཟེར་བ་དེ་ཡིན་པ་རེད། དེ་འདྲ་ཡིན་པ་དེས་ང་ཚོའི་ལོ་རྒྱུས་ཀྱི་ནང་ན། ཞིང་ལ་སྔ་བ་ཡར་ལུང་ཟེར་བ་ལྟར། མི་ལ་སྔ་བ་གདོང་དམར་པ་ཞེས་བོས་བཞག་པ་ཡིན་ན་ཡང་རྒྱུ་མཚན་ཡོད་པ་རེད། དེའི་སྟབས་ཀྱིས་སྐད་ཡིག་གི་སྔ་བ་དེ་ཡང་དང་པོ་བོད་ཀྱི་སྐད་ཡིན་པ་དང་། དེ་ནས་རིམ་བཞིན་མར་མར་ཁྱབ་སོང་བ་ལྟ་བུ་སོགས་ཀྱི་ཐོག་ནས་ཞིབ་འཇུག་དགོས།

ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ཡིན་ན། ཆོས་ཀྱི་ལོ་རྒྱུས་བྲིས་བཞག་ཡོད་པ་རྣམས་ཡོད་པ་རེད། དེ་ལ་ཉིན་རྟག་པར་དེའི་ཐོག་ནས་དགག་སྒྲུབ་བྱས་མ་བྱས་མི་འདུག དེ་བས་ང་ཚོའི་ཆོས་ཀྱི་ཐོག་ཏུ་མེད་པའི་ཞིབ་འཇུག་གི་ཁུངས་སྣེ་གསར་པའི་ཐོག་ནས་ཞིབ་འཇུག་བྱེད་དགོས། དེ་ཡང་དཔེར་ན། ལོ་སྟོང་ཕྲག་ལྔའི་ཡར་སྔོན་ནས་ཀྱང་བོད་ཀྱི་ས་ཆ་ན་ལག་རྩལ་མང་པོ་ཡོད་པ་དང་། ལོ་སྟོང་ཕྲག་ལྔའི་ཡར་སྔོན་ནས་ཀྱང་བོད་ཀྱི་ས་ཆ་ན་ནས་དང་གྲོ་ལ་སོགས་པ་འདེབས་གྱིན་ཡོད་པ་སོགས་ས་ཞབས་ནས་བྱུང་བའི་དངོས་པོ་མང་པོ་ཞིག་ཡོང་གིན་ཡོད་པ་འདི་དག་གི་ལམ་ནས་ཞིབ་འཇུག་བྱེད་དགོས།

གཞི་རྐང་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལ་ལའི་ནང་བོད་ཀྱི་ལོ་རྒྱུས་ཀྱི་ཁུངས་ཐུང་ཐུང་ཞིག་ལ་གཏུགས་ནས་བཞག་ཡོད་པ་འདི་རིགས་ཀྱང་འགྲེལ་བཤད་རྒྱག་སྟངས་ཇི་ལྟར་བྱེད་དགོས་པ་སོགས་འདི་འདྲའི་རིགས་ལ་ང་ཚོས་ཞིབ་འཇུག་གི་ལམ་ནས་འགྲེལ་བཤད་ཅིག་རྒྱག་རྒྱུ་ཡོད་དགོས་པ་ལས་གཞན་དག་གི་ཁ་ལ་ལྟས་ནས་འགྲེལ་བཤད་རྒྱག་ལུགས་དེ་ཡག་པོ་ཞིག་མ་རེད། ཡིན་ན་ཡང་། བོད་ཡིག་གཅིག་པུ་ལས་མ་ཤེས་ཕན་ཆོད་དེ་ཡང་དཀའ་མོ་ཞིག་རེད།

ནད་ཤེས་ནས་མེ་བཙའ་འཇོག

མ་གཞི་ང་ཚོས་ཆོས་སྤེལ་དགོས་ན་མིའི་བསམ་པ་ཤེས་དགོས་པ་དེ་ནད་ཤེས་ནས་མེ་བཙའ་འཇོག་དགོས་པ་དང་གཅིག་པ་རེད། དེ་ཡང་སྨན་པ་མི་མཁས་པས་ནད་གང་ཡིན་ཡང་ཟངས་ཚུགས་ཁོ་ནས་ཐག་གཅོད་པ་དང། ལ་ལས་མགོ་རྔ་ཁོག་དྲུག་གར་བབ་ལ་མེ་བཙའ་འཇོག་པ་ལྟ་བུ་ཞིག་མ་ཡིན་པར་། དང་པོ་ནད་ཤེས་དགོས་ཤིང་དེ་ནས་གནད་ལ་ཁེལ་བའི་སྒོ་ནས་མེ་བཙའ་འཇོག་དགོས་པ་བཞིན། ཆོས་དངོས་གནས་སྤེལ་བསམ་མཁན་ཞིག་ཡིན་ན་སྤེལ་ཡུལ་གྱི་མིའི་སེམས་ཁམས་ཤེས་དགོས། ཕྱི་རོལ་པའི་ཆོས་འདི་དག་དངོས་གནས་བཤད་ན་གཏམ་རྒྱུད་ལྟ་བུ་མ་གཏོགས་འདིའི་ནང་དུ་རིགས་པ་ཟེར་བ་ཞིག་འདི་འདུག་སྙམ་པ་མེད་ན་ཡང་། ཁོང་ཚོའི་ཆོས་སྤེལ་མཁན་དེ་དག་ཚན་རིག་པ་ཡིན་པས་ཁར་རྩང་དེ་རིང་དང་མཐུན་པ་ཁོ་ནས་འགྲེལ་བཤད་བརྒྱབ་པས་གཞན་དག་གིས་ཀྱང་། དངོས་གནས་ཆོས་འདིའི་ནང་དོན་འདི་འདྲ་ཞིག་ཡིན་ས་རེད་ཡ་མཚན་ཆེན་པོ་འདུག་བསམས་ནས་ཁས་ལེན་པ་དང། དེའི་སྟོབས་ཀྱིས་ཁྱབ་རྒྱ་ཆེན་པོ་འགྲོ་བཞིན་ཡོད་པ་རེད། ང་ཚོ་ནང་པ་སངས་རྒྱས་པའི་གཞུང་དུ་ལུང་དང་རིགས་པ་ཅི་ཙམ་ཡོད་པའི་ཚད་དེ་ཧ་ལས་པ་ཞིག་ཡིན་ན་ཡང་སུས་ཀྱང་དེང་རབས་དང་མཐུན་པའི་སྒོ་ནས་ཡག་པོ་ཞིག་བཤད་ཀྱི་མེད། རྒྱ་རིགས་ཀྱིས་ཚན་རིག་ཅུང་ཟད་ཤེས་ཀྱང་ནང་ཆོས་མི་ཤེས། བོད་ཀྱིས་ནི་དཔེ་ཆ་ཤིན་ཏུ་ཤེས་ན་ཡང་ཚན་རིག་དང་ཁར་རྩང་དེ་རིང་གི་ཤེས་བྱའི་འགྲོ་ལུགས་མི་གོ་བས་དེ་གཉིས་ཀྱི་བར་མཐུད་མ་ཐུབ་པར་སོ་སོ་སོ་སོའི་ས་ན་ལྷག་ཡོད་པ་རེད། དེས་ན་འདི་དག་གི་ཕྱོགས་ལ་རྒྱུས་ལོན་གང་ལེགས་གནང་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་པ་དེ་ངེས་པར་དུ་ཤེས་དགོས།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༢༤

སློབ་གཉེར་གྱི་རིམ་པ་གསུམ་བྱེ་བྲག་ཏུ་དབྱེ་བ་རྒྱ་ཆེར་བཤད་པའི་སྐབས།



འོ་ན། དགོན་པ་དང་འབྲེལ་བའི་ཐོས་བསམ་སློབ་གཉེར་དངོས་གནས་དེ་ཇི་ལྟར་བྱ་དགོས་ཟེར་ན།དེ་ལ་རིམ་པ་གསུམ་དུ་བགོ་དགོས། དེ་ཡང་བྱིས་པའི་སློབ་གཉེར་དང་། ན་གཞོན་གྱི་སློབ་གཉེར་དང་།དད་ལྡན་མང་ཚོགས་ཀྱི་སློབ་གཉེར་ཏེ་གསུམ་འདི་མེད་དུ་མི་རུང་བ་ཡིན།



(1)བྱིས་པའི་སློབ་གཉེར།

མ་རྒན་དང་གྲྭ་རྒན་གྱི་བསམ་བློ།

དེ་ལས་དང་པོ་བྱིས་པའི་སློབ་གཉེར་ནི་གལ་ཆེ་ཤོས་ནང་གི་ཆེ་ཤོས་དེ་རེད། ཁང་པ་ཞིག་ལས་པ་ཡིན་ན་དང་པོ་རྩ་བ་རྩིག་རྨང་ནས་ལས་དགོས་པ་བཞིན། དང་པོ་ཕྲུ་གུ་རྣམས་གྲྭ་ཆུང་ངོ་མའི་མཚམས་ནས་ཡར་བདག་གཉེར་ལེགས་པོ་ཞིག་བྱ་དགོས། འོན་ཀྱང་དེང་སང་རང་རེའི་བླ་མ་དང་ཕ་མ། ཀློག་སློབ་པའི་གྲྭ་རྒན་རྣམས་དང་བཅས་པའི་བསམ་བློ་དེ་མུ་མཐུད་ནོར་འཁྲུལ་ཆེན་པོ་ཞིག་གི་ལམ་དུ་བསྐྱོད་བཞིན་བསྒྱུར་བཅོས་མ་ཐུབ་པར་ལྷག་ཡོད།

དེ་འདྲའི་ནོར་འཁྲུལ་དེ་ཅི་འདྲ་ཞིག་རེད་ཅེ་ན། ང་ཚོའི་རྣ་བས་གོ་ས་དང་མིག་གིས་རིག་སའི་ཁམས་ཕྱོགས་འདིར་མཚོན་ན་སྔོན་ནས་ད་བར་མང་ཆེ་བས་ཕྲུ་གུ་ཆུང་ཆུང་ཐ་ན་ཅོག་ཁུག་ནང་ན་ཡོད་པ་ཡང་གྲྭ་ཡིག་ཏུ་རྒྱག་གིན་ཡོད། དགོན་པ་རྣམས་ལ་ཡང་བནྡེ་སུམ་བརྒྱ་ཡོད་བཞི་བརྒྱ་ཡོད་ཟེར་ཡང་དངོས་གནས་བྱས་པ་ཡིན་ན་གྲྭ་པ་དངོས་བྱས་ཟིན་པ་ཉིས་བརྒྱ་བདུན་ཅུ་བརྒྱད་ཅུ་ལས་མེད་པར་བྱིས་པ་ཅོག་ཁུག་ནང་ན་ཡོད་པ་ཡན་ཆད་རྩི་གིན་ཡོད། དེ་ཡང་མ་རྒན་རྣམས་ཀྱིས་ཀྱང་བྱིས་པ་རུམ་དུ་བཅུག་ནས་དགོན་པའི་ནང་དུ་ཕྱིན་ཏེ་འདི་ངེད་སང་གི་གྲྭ་པ་ཡིན་ལབ་པ་ཡིན་ན་བན་རྒན་རྣམས་གྲྭ་སྲེད་ཆེན་པོ་ཡིན་པས་ཡིག་ངོར་འགོད། དེ་ནས་དགོན་པའི་ནང་དུ་ཇ་སྦར་མོ་གང་དང་ནས་བྲེ་གང་ལས་བགོད་རྒྱུ་མེད་ཀྱང་བྱིས་པ་རྣམས་ལ་ཡང་སྦྱིན་གྱི་ཡོད་ཅིང་གནའ་དེང་སང་དང་མི་འདྲ་བར་ཇ་དང་ནས་དཀོན་མོ་ཡིན་པས་དེའི་ཆེད་དུ་གྲྭ་པ་བྱེད་ཀྱིན་ཡོད། ཁར་རྩང་དེ་རིང་ཡིན་ན་སྔར་ནང་བཞིན་ཇ་སྦར་མོ་གང་དང་ནས་བྲེ་གང་ཙམ་ལ་ལྟ་དགོས་དང་མི་དགོས་དེ་ཙམ་རེད་དེ། དེའི་སྲོལ་རྒྱུན་ད་དུང་ཡང་ཡོད། ཕ་མ་རྣམས་ཀྱི་བསམ་བློ་མང་ཆེ་བ་ཞིག་དང་པོ་ནས་དེ་འདྲ་ཡིན་གྱི་ཡོད་པ་རེད། ཡང་ཕ་མ་ཆོས་ལ་དགའ་བའི་དབང་གིས་བུ་རྒྱུད་ཆོས་པ་ཡག་པོ་ཞིག་ཡོང་ན་དེ་ལས་ལྷག་ཅིག་མི་འདུག་བསམ་མཁན་ཡང་མང་པོ་ཡོད་པ་རེད་དེ། དེ་དག་གིས་ཀྱང་ཆོས་པ་ཡག་པོ་ཞིག་ཀྱང་ཡོང་ལ། ནས་བྲེ་གང་དེ་ཡང་རག་པ་སྟེ་གཉིས་ཀའི་གོ་ཆོད་པ་ཞིག་ཡོང་ན་བསམ་གིན་ཡོད་རེད་མ་གཏོགས། ཁོ་རང་ཆོས་པ་ཡག་པོ་ཞིག་ཡོང་ན་ཇ་དང་ནས་ལོན་མ་ལོན་མེད་བསམ་མཁན་དེ་བས་ཀྱང་དལ་འབྱོར་རྙེད་དཀའ་བཤད་པ་ལྟར་ཉུང་ཉུང་ཞིག་ལས་ཡོད་པ་མ་རེད། དེ་མ་རྒན་དག་གི་བསམ་བློ་འཆུག་ཚུལ་རེད།

འོ་ན། གྲྭ་རྒན་དག་གི་བསམ་བློ་ཅི་ཞིག་འཆུག་པ་རེད་ཟེར་ན། དེ་ཡང་ཡི་གེ་སློབ་ཟེར་ནས་གྲྭ་རྒན་རྣམས་ལ་བྱིས་པ་དག་གཏད་དེ། ས་ཆ་ལ་ལས་འབྲི་རེ་དང་། ས་ཆ་ལ་ལས་མཛོ་མོ་རེ་སྦྱིན་དགོས་པ་རེད།གང་ལྟར་ལོ་གཅིག་ལ་ཡི་གེ་བསླབས་མཚམས་ལོ་གཅིག་ཟིན་རྗེས་ཡིག་མགོས་བུད་ཚར་ཟེར་ནས་ཚུར་ཕ་མ་ལ་གཏོད་གི་རེད། ཡིན་ན་ཡང་དོན་ངོ་མ་བཤད་ན་ཡིག་མགོས་ཅི་ཞིག་བུད། ད་ངོ་མ་ཟེར་དུས་སུམ་ཅུ་པ་ནི་མི་ཤེས། རྟགས་འཇུག་ནི་མི་ཤེས། དག་ཡིག་ནི་མི་ཤེས། བྲིས་ནི་མི་ཤེས། དེ་བཞིན་དཔེ་ཆ་ཡང་མི་ཤེས།ཐ་ན་འཕྲིན་ཡིག་ཡག་པོ་ཞིག་ཀྱང་འབྲི་མི་ཤེས་པར་ཚེ་སྒྲུབ་དང་ཐོས་གྲོལ། བཀའ་བརྒྱད་དང་ཕུར་པ་སོགས་ཀྱི་སྒྲུབ་གཞུང་འགའ་རེ་ཁ་བྱང་སོང་ཡོད། དེ་ཡང་ཡག་པོ་ཞིག་མི་ཤེས། གྲྭ་རྒན་དག་གིས་གནའ་ནས་དེ་གས་འགྲིག་ཤག་བྱས་ནས་བསྡད་པ་རེད། ད་ནས་ཡི་གེ་སློབ་སྟངས་དེ་འདྲ་དེ་སྟག་གཟིག་གི་པགས་པ་ལོ་གཅིག་ལ་མེ་བསྲེགས་བཏང་བ་བཞིན་མཇུག་རྫོགས་པ་ཞིག་བྱེད་དགོས་ཀྱི་འདུག གལ་ཏེ་སེམས་ཀྱི་ནང་ལ་གོ་བརྡ་འཕྲོད་ནས་དེ་བདེན་གྱི་འདུག་སྙམ་པ་ཞིག་བྱུང་ན་སླ་གི་རེད། ཁྱེད་རྣམ་པས་ཐུགས་བསམ་ཞིག་བཞེས་དང་། མང་ཆེ་བས་ཡི་གེ་སློབ་སྟངས་དེ་འདྲ་ཞིག་རེད།

དེ་ཙམ་མ་ཟད་ཁྱེད་རྣམ་པར་མཚོན་ན་ཡང་དགོན་པ་ལ་སློབ་གྲྭ་ཟེར་བ་ཞིག་རྩ་བ་ནས་ཡོད་པ་མ་རེད་ལ། སློབ་གྲྭའི་ནང་ནས་ཡི་གེ་བསླབས་མྱོང་མཁན་ཡང་ཉུང་ཉུང་ཡིན་རྒྱུ་རེད། གྲྭ་རྒན་རྣམས་ཀྱིས་གནའ་ནས་ཡི་གེ་སློབ་སྟངས་འདི་ཡིན་དར་ཟེར་ཞིང་། ཕ་མ་དག་གིས་ཀྱང་འདི་ཁོ་ནས་འགྲིག་ཤག་བྱས་ནས་ཐོས་གྲོལ་དང་ཚེ་སྒྲུབ་བཀའ་ཐང་སོགས་འདོན་ཤེས་ཟིན་ན་ཡི་གེ་ཤེས་ཟིན་པས་ཁྱབ་བསམས་ནས་སྡོད་པ་ལས། སུམ་རྟགས་དག་གསུམ་དང་བྲིས་དཔེ་ཆ་སོགས་ཤེས་དགོས་པའི་སྣང་བ་ཙམ་ཡང་མེད་པ་ནི་ཡི་གེ་སློབ་སྟངས་རྩ་བ་ནས་འཆུག་པའི་འཆུག་ལུགས་རེད། དེའི་དབང་གིས་བྱིས་པ་ཕལ་མོ་ཆེའི་མི་ཚེའི་འདུན་མ་ཆུད་ཟོས་སུ་གཏོང་བཞིན་ཡོད།

མི་ཚེའི་འདུན་མ་ཆུད་ཟོས་ཙམ་ལྟ་ཨེ་ཡིན་ནམ་སྙམ་ན། མ་གཞི་ཚེ་སྒྲུབ་དང་ཐོས་གྲོལ་མི་བཟང་བ་མ་རེད་དེ། ང་ཚོས་དང་པོ་ནས་སུམ་རྟགས་དག་གསུམ་གྱིས་མགོ་མི་འཛིན་པར་ཐོས་གྲོལ་གྱིས་མགོ་བཙུགས་ཟིན་པ་ཡིན་ཕན་ཆོད་དེ་གྲོང་ཆོག་ལ་འགྲོ་བའི་ཆེད་རེད། དེ་ཡང་སེམས་ཅན་སྙིང་རྗེ་བའི་དབང་གིས་མ་ཡིན་པ་ང་ཚོས་རང་མྱོང་གིས་གོ་རྒྱུ་དེ་རེད། གལ་ཏེ་འབུལ་བའི་ཆེད་དུ་མིན་པར་སེམས་ཅན་ལ་སྙིང་རྗེ་ཆེ་དྲགས་པས་ཡིན་ན། ཁྱེད་སང་གིས་ང་ཕར་ཚུར་སྐྱེལ་བསུ་ཙམ་གྱིས། དེ་ལས་གཞན་འབུལ་བ་ཅི་ཡང་མི་དགོས་ཟེར་དགོས་རྒྱུ་ཡིན་པ་ལ་དེ་འདྲ་ཟེར་མཁན་ཞིག་མེད་པ་རེད། ཐོས་གྲོལ་བཟང་མ་བཟང་མེད་པར་ཐོས་གྲོལ་གྱིས་ཟ་སྤྱད་བྱས་ཚར་དུས་བཟང་རྒྱུ་ཅི་ཡང་མེད། སྔོན་གྱི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས། ལྟོ་ལ་ཅི་ཙམ་མཁས་ཀྱང་མི་ཚེ་མགོ་གང་ལ་ལྟོ་དང་གྲོང་ཆོག་ཁོ་ནར་འབད་ནས་ཐོས་བསམ་སྒོམ་གསུམ་མ་བྱས་པ་ཡིན་ན་ཉེས་པ་ཆེ་རབས་དང་དོན་མེད་རབས་ཅི་ཙམ་གསུངས་འདུག ཁོང་རྣམ་པ་བདེན་ཕྱིན་ཆད་དོན་ལ་མི་ཚེ་དོན་མེད་ཆུད་ཟོས་སུ་གཏོང་བཞིན་ཡོད་པ་རེད།

དེ་ཡང་གྲྭ་པ་ཐམས་ཅད་གྲོང་གསེབ་ཏུ་འཁྱམས་ཏེ་སྡོད་པའམ། དེ་ལས་གཞན་པའི་ཕྲུ་གུ་རྣམས་ལ་ཕྱུགས་ལུག་འཚོ་སྐྱོང་བྱེད་དུ་བཅུག་པ་སོགས་ཀྱིས་བོད་མི་ཕལ་མོ་ཆེ་ཡིག་རྨོངས་ཁོ་ནར་ལུས་ཡོད། དཔེར་ན་འབྲོག་ཐོག་ཅིག་ཏུ་མ་ཎི་འཚོགས་སར་མི་སྟོང་ཚོ་ཁ་ཤས་འདུ་འཛོམས་བྱུང་ཡོད་ན་ཡང། མི་སྐྱ་ཕོ་མོ་དག་གི་ནང་ན་བླ་རུང་སྒར་གྱི་མགོ་ལྟེབས་ཞལ་འདོན་འདི་རིགས་རུམ་ནས་བཏོན་ཏེ་བཟང་སྤྱོད་མཉམ་འདོན་བྱེད་ཐུབ་མཁན་བདུན་བརྒྱད་རེ་མ་གཏོགས་མི་འདུག དེས་ན་ཇི་སྲིད་བྱ་བ་འདི་རིགས་ལ་སྒྱུར་བཅོས་ལེགས་པོ་མ་བྱུང་བ་དེ་སྲིད་དུ་སེར་སྐྱ་གཉིས་ཀྱི་ནང་དུ་མཁས་མཛངས་དང་ལྡན་པའི་མི་གོ་ཆོད་ཅིག་མི་འབྱུང་ངེས་པ་ཅན་རེད། དེ་ནི་ས་བོན་མ་བཏབ་ན་འབྲས་བུ་ལེགས་པོ་མི་འབྱུང་བ་དང་གཅིག་པ་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༢༥

བཀའ་བརྒྱད་སྒྲུབ་ཆེན་ལ་རྔ་ཕོག་པ།



ཡང་བྱིས་པ་འགའ་རེར་འབྲི་ཀློག་ཙམ་རེ་བསླབས་ཀྱང་ཆུང་ངུའི་དུས་ནས་གྲོང་ཆོག་ལ་འགྲོ་བ་ཙམ་གྱི་ཕྱིར་འདོན་ཆ་ཁོ་ན་ལ་ཁ་བྱང་གཏོང་བ་ལས་གཞན་པའི་རིག་གནས་གང་ཡང་མི་སློབ། ང་ཚོའི་ཉེ་འཁོར་འདི་ཙམ་ལ་བླ་མ་རྣམ་པའི་བཀའ་དྲིན་གྱིས་སྤྱིར་དཔེ་ཆ་ཤེས་དགོས་པའི་ཚོར་སྣང་ཙམ་རེ་ཡོད་པ་ལས་གཞན་གྱི་ས་གནས་མང་པོ་ཞིག་ལ་མཚོན་ན་དཔེ་ཆ་ལྟ་དགོས་མི་དགོས་ལ་བསམ་བློ་ཙམ་ཡང་མི་འཁོར། མ་ཟད་ཐ་ན་འགའ་རེས་དཔེ་ཆ་ནི་བནྡེ་རྣམས་རྒོད་ལ་ཤོར་ནས་སྡུག་ཏུ་འགྲོ་སྤྱད་ཅིག་ཡིན་སྣང་འཆར།བནྡེ་ཡག་རྩོག་ཀྱང་མ་བྱིན་ལེན་པ་སོགས་འདུལ་བའི་བཤད་སྟངས་ལྟར་ཞིབ་ཆ་མེད་པར་མི་གསོད་རྟ་འདེད་བྱེད་མ་མྱོང་མཁན་ཞིག བུད་མེད་མེད་མཁན་ཞིག དེའི་སྟེང་ལ་འདོན་པ་ཡག་པོ་ཤེས་མི་ཤེས་དང་རྔ་རྡུང་ཤེས་མི་ཤེས། ཐོས་གྲོལ་མགྱོགས་འདོན་ཐུབ་མིན་ཙམ་ལ་རྩི། ཡ་གི་སང་གི་བནྡེས་བཀའ་བརྒྱད་སྒྲུབ་ཆེན་ལ་རྔ་ཕོག་རྔ་ཕོག་ཟེར་བ་ནི། འདོན་པའི་གདངས་འདྲ་མིན་དང་དལ་བྲེལ་སོགས་ལ་བསྟུན་ནས་རྔ་རྡུང་ཤེས་པགི་རེད་ཟེར་ནས་ཧ་ལས། དཔེ་ཆ་ཅི་འདྲ་ཞིག་ཤེས་ཀྱང་མགྱོགས་པོར་ཤ་སྐལ་ཆེན་པོ་ཞིག་ཀྱང་ལྟ་ས་ཡོད་མེད་མི་ཤེས། གྲོང་ཆོག་ལ་སོང་བ་ཡིན་ན་ཕྱིར་ཡོང་དུས་མ་མཐར་ཡང་ཤ་སྐལ་དང་གྲོ་གཅུས་ཅུང་ཟད་རེ་ཁུར་རྒྱུ་ཡོད་པས་དེ་ཁེ་ཕན་ཆེན་པོ་ཞིག་རེད་བསམ་གྱི་ཡོད། དེ་ལ་ཡང་ཁག་ནི་མེད། ང་ཚོ་སུ་ཡིན་ཡང་ཚེ་འདིའི་ཐོག་ལ་ལས་ཀ་ཞིག་བྱས་ནས་དེ་རིང་སྒོར་མོ་ཁ་ཤས་རག་པ་ཡིན་ན་སང་ཉིན་ནམ་དེ་རིང་ཕྱི་དྲོ་ཟ་ཁང་ནང་དུ་སོང་ནས་ཟ་མ་ཡག་པོ་ཞིག་ཟོས་ན་དེ་གར་ཕོ་བ་འགྲང་གི་རེད། ལས་རྒྱུ་འབྲས་ཟེར་བ་དེ་ད་གཟོད་འབྱུང་རྒྱུ་ཞིག་ཡིན་དུས་དེ་ལ་དོ་སྣང་ཆུང་བ་བྱེད་པ་དང་འདྲ་འདྲ་རེད། ཕ་མ་དང་ཀློག་སློབ་པའི་གྲྭ་རྒན་རྣམས་ཀྱིས་ཀྱང་དེ་ཁོ་ན་མནོག་པར་སེམས། སྤྱིར་ཡི་གེ་ཤེས་པ་ཡིན་ན་ཐོས་གྲོལ་དལ་བུས་ཀློག་ཐུབ་ན་ཡང་དེས་ཀྱང་མི་འོང་བར་མྱུར་མོར་ཀློག་པ་ལ་བྱང་དགོས། ངས་ཀྱང་ཡི་གེ་ཤེས་ཀྱང་གྲལ་ཟླ་ཆོད་ཀྱི་མེད། གང་ཡིན་ཟེར་ན་མགྱོགས་མགྱོགས་དཔེ་མེད་པ་དགོས་ཀྱི་ཡོད། དེའི་རྒྱུ་མཚན། གནས་འདྲེན་སྟོང་ཚར་ལྟ་བུ་འདི་རིགས་དབྱར་གནས་ལྟ་བུའི་སྐབས་སུ་བྲེལ་བ་ཆེ་བས་དུས་ཡུན་ཐུང་ཐུང་གི་ནང་དུ་ཚར་དགོས་པ་དང་། ཡང་བཀའ་ཐང་ལྟ་བུ་ཉིན་རེ་ལ་ཚར་ཅི་ཙམ་མང་བ་ཀློག་ཐུབ་པ་དེ་ཙམ་དུ་ཡོང་འབབ་མང་པོ་ཡོད་པས་རེད། དེ་བཞིན་ཆོ་ག་ཀློག་པའི་གོ་རིམ་ཤེས་མི་ཤེས་ཟེར་བ་དེར་ས་བཅད་ཕྱག་ལེན་ཟེར་བ་རེད་ལ་བན་རྒན་རྣམ་པར་ལག་བྱང་ལ་སོང་བ་རྩིས་འཕྲུལ་ཞིག་དང་འདྲ་བ་ཡོད། ང་ཡང་ཐོས་གྲོལ་རེ་འདོན་ས་མ་གཏོགས་ཆེར་འགྲོ་མ་མྱོང་ཡང་བན་རྒན་དག་གིས་ལྡེབ་མཚམས་ག་འདྲ་ཞིག་རག་དགོས་ཀྱང་རེ་རེ་བརྙབས་པ་ཙམ་གྱིས་མངོན་ཤེས་ཡོད་པ་ནང་བཞིན་ཕྱེ་ཐུབ་གི་རེད་དེ། དོན་ངོ་མའི་ངོ་མར་ཅི་འདྲའི་གཏོ་བླ་བཟང་པོ་ཞིག་ཡིན་ཡང་ཐོས་གྲོལ་འདོན་སྟངས་དེ་བཟང་སྤྱོད་འདོན་པ་ནང་བཞིན་མགོ་ནས་རྔ་མའི་བར་མཐར་ཆགས་སུ་འདོན་མི་ཆོག་པར་གོང་འོག་སྤྲུགས་ནས་འདོན་དགོས་པའི་རྒྱུ་མཚན་ཅི་ཡིན་ཞིག་དྲིས་པ་ཡིན་ན་གནའ་ནས་བན་རྒན་ཚོས་འདི་འདྲ་བྱེད་དར་ཟེར་ཙམ་ལས་རྒྱུ་མཚན་བཤད་རྒྱུ་མེད།

དངོས་གནས་བྱས་ན་བསྐྱེད་རིམ་གྱི་དང་པོ་ལྷ་བསྒོམས་པ་དང་། དེ་ནས་སྤྱན་འདྲེན་གཤེགས་གསོལ་སོགས་ལྷ་བསྐྱེད་ཀྱི་ཡན་ལག་དང་། ཆོ་གའི་མཇུག་ཏུ་སླར་ཡང་མཆོད་བསྟོད་བྱེད་པར་སྔར་གྱི་མཆོད་བསྟོད་མར་བླངས་ནས་འདོན་རྒྱུ་སོགས་རྩ་བ་བསྐྱེད་རིམ་དང་འབྲེལ་ནས་ཡོད་ཀྱང་། མང་ཆེ་བར་བསྐྱེད་རིམ་ཕར་ཞོག།དབང་རྒྱུན་ལུང་རྒྱུན་ཙམ་ཡང་དཀའ་མོ་རེད་འདུགདེས་ན་དེ་དག་ལ་མཚོན་ན་ས་བཅད་ཕྱག་ལེན་ལ་མཁས་མི་མཁས་ཟེར་བ་ཡང་ཡི་གེ་ལྡེབ་ངོས་སྒྱུར་སྟངས་ཙམ་ཤེས་མི་ཤེས་ཙམ་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༢༦

བྱིས་པ་བློ་འཛིན་ལེགས་ཤོས་ཀྱི་དུས་རིམ།



མ་གཞི་ལོ་བཅུ་ནས་བཅུ་གསུམ་ཡས་མས་འདི་བྱིས་པ་བློ་འཛིན་ལེགས་ཤོས་ཀྱི་དུས་རིམ་ཡིན་པར་འཛམ་བུ་གླིང་གིས་ཟེར་གྱི་ཡོད། དེ་འདྲའི་སྐབས་སུ་བློ་ལ་ཟིན་པ་དེ་ཚེ་གཅིག་ལ་ཡང་མི་བརྗེད་པར་མགོ་དཀར་རིལ་རིལ་བྱེད་པའི་སྐབས་སུ་ད་དུང་ཡང་བློ་ལ་འགྲོ་རྒྱུ་དེ་འདྲ་རེད། འདོན་ཆ་དང་ཆོས་སྤྱོད་རྣམས་ཤེས་དགོས་ན་ཡང་ངེས་པར་བློ་ལ་འདོན་དགོས་པའི་ངེས་པ་མེད་པར་མ་ཟད་ཚིག་རྗེས་དོན་དྲན་གྱིས་བསྐྱེད་རིམ་དང་རྫོགས་རིམ་གསལ་འདེབས་པའི་ཆེད་དུ་ནི་དེ་བས་ཀྱང་ཤིན་ཏུ་དལ་དགོས་གསུངས་པ་རེད།དབུ་མཛད་ཅུང་ཤེས་མཁན་ཚོས་ལྷ་བསྐྱེད་ཀྱི་སྐབས་སུ་ཅུང་དལ་དལ་འདྲ་པོ་བྱས་ནས་འདོན་ཁུལ་བྱེད་པའང་རྒྱུ་མཚན་དེ་རེད། འོན་ཀྱང་བསྐྱེད་རྫོགས་ཟེར་བ་དེ་གང་ཡིན་ཙམ་ཡང་མ་ཤེས་ན་དལ་བ་ཙམ་དུ་མ་ཟད་འབྲུ་དེད་བྱས་ན་ཡང་ཕན་ཐོགས་མེད། ཡང་ང་ཚོ་མཐའ་ལ་ལྷུང་ནས་ཐོས་གྲོལ་དང་ཚེ་སྒྲུབ་ཅེས་མར་བཅོད་རྒྱུ་ཡང་མེད། ཐོས་གྲོལ་ལས་ལྷག་པའི་ཆོས་ཞིག་གང་ན་ཡོད།

རྒྱུན་དུ་ང་ཚོ་མཐའ་གཉིས་སུ་མ་ལྷུང་བ་དེ་སྐད་ཆ་བཤད་དུས་དང་ལས་ཀ་ལས་དུས་ཚང་མར་གལ་ཆེན་པོ་ཡིན། དེས་ན་འདོན་ཆ་སོགས་རན་ཙམ་བྱང་བས་ཆོག ཡིན་ན་ཡང་གནའ་སྔ་མོ་ཞིག་ལ་མི་ཞིག་གིས།དགེ་ལུགས་པས་འདུལ་བ་མཚོ་ཆེན་དང་བཅས་པ་བློ་ལ་འཛིན་གྱི་འདུག་སྟེ་ཕན་ཐོགས་ཅི་ཞིག་ཡོད། ཡི་གེ་ནི་འདུག་ཅེས་སྨྲས་པ་རེད་དེ། དེ་ཁོང་རྣམ་པས་ཡི་གེ་མེད་ནས་བློ་ལ་བཟུང་བ་མ་རེད། དཔེ་ཆ་ནི་ནམ་ཡིན་ལ་དྲན་དགོས་ཤིང་དོན་ཤེས་དགོས་པ་ལས་རིགས་པ་དཔེ་ཐོག་ནས་ལུས་པ་ཡིན་ན་མི་ཉན་པ་རེད། འོན་ཀྱང་ཆོ་ག་རྣམས་དེ་དང་འདྲ་གི་མ་རེད།

དེ་ནས་ཕྲུ་གུ་དག་ལ་ཡི་གེ་ཐོག་མར་སློབ་སྐབས་བཀའ་ཐང་རེ་དབུ་ཅན་གྱི་ཐོག་ནས་སྦྱོང་དུ་བཅུག་ན་འདི་རིགས་ཅུང་ཀློག་དཀའ་བ་ཞིག་ཡིན་པས་ཡི་གེ་བྱང་ཆ་འགྲོ་བ་ལ་ཕན། ཐོས་གྲོལ་དབུ་མེད་ཀྱི་ཐོག་ནས་བསླབས་ན་སྔགས་དང་ཆོ་ག་གཞན་རྣམས་འདོན་ཤེས་ཡོང་བས་དེ་ཙམ་གྱིས་ཆོག གཙོ་ཆེར་རིག་གཞུང་གི་རྩ་བ་བློ་ལ་འཛིན་ཏུ་འཇུག་པ་དང་། དུས་མཚུངས་བྲིས་གཟུགས་རེ་ཡང་སྦྱོང་དགོས་མ་གཏོགས། ང་ཚོའི་བླ་རུང་གི་མཁན་པོ་ཨང་དང་པོ་ཡིན་པ་ཚོའི་ནང་ན་ཡང་ཡི་གེ་འབྲི་སྐབས་སོ་སོའི་ཡུལ་སྐད་ཁོ་ན་ལས་བོད་ཀྱི་བརྡ་སྤྲོད་གཏན་ནས་མིན་པ། རྟའུ་པ་རྣམས་ཀྱིས་རྟའུའི་ཁ་སྐད། ཉག་རོང་པ་རྣམས་ཀྱིས་ཉག་རོང་པའི་ཁ་སྐད་ལྟ་བུ་མང་པོ་བསྲེས་ཏེ། ཡིག་ཐོག་ཏུ་ཡང་ར་མི་དགོས་སར་ར་དང་ན་མི་དགོས་སར་ན་ལྷག་མར་བྲིས་འདུག གལ་ཏེ་རྒྱལ་ཁབ་ཀྱི་སློབ་གྲྭ་ནས་ཡོང་བའི་སློབ་མ་ཞིག་ཡིན་ན་ཡག་རྩོག་ལ་མ་ལྟོས་པར་ཅུང་ཟད་འབྲི་མི་ཤེས་མཁན་ཞིག་ཕལ་ཆེར་མེད་ཟེར་ན་ཆོག་གི་རེད། ང་ཚོ་བཤད་གྲྭ་ནས་ཡོང་མཁན་དག་གི་ནང་ནས་ཤེས་མཁན་ཁ་ཤས་གྱིས་ཆེད་དུ་སྦྱངས་པའི་སྟབས་ཀྱིས་མི་འདྲ་བ་ཞིག་ཤེས་ན་ཡང་། མི་ཤེས་མཁན་དེས་རྩ་བ་ནས་ཤེས་ཀྱི་མེད་པ་རེད། ད་ཕན་ཆོད་ང་ཚོས་ཀྱང་སློབ་གྲྭའི་འགྲོ་སྟངས་བྱས་ཏེ། གནའ་ནས་ཀྱང་འབྲི་ཀློག་གཉིས་ཞེས་མིང་མཉམ་དུ་ཡོད་པ་ལྟར་ཡི་གེ་འདོན་ཤེས་ན་འབྲི་ཤེས་པས་ཁྱབ་པ་ཞིག་དགོས་ཀྱི་འདུག

བྲིས་ཤིན་ཏུ་ལེགས་པ་དཀའ་ན་ཡང་སྤྱིའི་ཆ་ནས་འགྲིག་གི་འདུག་བསམ་པ་འབྲིང་བའི་ནང་ནས་ཡར་གསེག་སེ་བ་ཞིག་དགོས་པ་རེད། རྒྱ་རིགས་འདྲ་ཡིན་ན་དེ་རིང་མི་བརྒྱ་ཐམ་པས་ཡི་གེ་བྲིས་ནས་ཁུར་ཡོང་ཡིན་ན་དེའི་ནང་ན་ཡིག་གཟུགས་ཤིན་ཏུ་རྩོག་པ་གཉིས་གསུམ་རེ་ལས་མེད་པ་ལྟ་བུ་ཡིན་མོད། ང་ཚོ་མི་བརྒྱས་ཡི་གེ་བྲིས་ན་ཡང་ཡིག་གཟུགས་ཡག་པོ་ཡོད་མཁན་ལྔ་དྲུག་རེ་ལས་མེད་པ་ལྟ་བུ་རེད། དེ་དག་ཚང་མ་ད་སྔོན་གྱི་ཡི་གེ་སློབ་སྟངས་དང་འབྲེལ་བ་ཡོད། དེས་ན་ངའི་བསམ་བློ་ངོ་མ་དེ། ང་ཚོའི་དགོན་པ་ཐམས་ཅད་ཀྱི་ནང་དུ་དེ་སྔ་ཡན་ཆད་ཀྱི་ཡི་གེ་སློབ་སྟངས་ཀྱི་ལམ་སྲོལ་དེ་མེད་པ་བྱས་ཏེ། དགོན་པ་སོ་སོས་དགོན་པའི་སློབ་གྲྭ་ཆུང་ཆུང་རེ་འཛུགས་དགོས། འདི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་རུང་མ་མཐུན་རུང་བནྡེ་ཟེར་བ་ཞིག་གཏན་ནས་མི་དགོས་ན་མ་གཏོགས་ཆུང་ཆུང་ནས་མ་སྦྱངས་ཐབས་མེད་རེད། མ་གཞི་ཕྲུ་གུ་དེ་བནྡེ་བྱེད་དང་མི་སྐྱ་བྱེད་ཕ་མས་ཤེས་ན་ཡང་གལ་ཏེ་གྲྭ་པ་བྱ་རྒྱུ་ཡིན་ཕྱིན་ཆད་སློབ་གྲྭ་དེའི་ནང་འཇོག་དགོས་ཀྱི་འདུག

སྤྱིར་བྱིས་པའི་དུས་སྐབས་དེ་ནི་གལ་ཆེའི་རིག་གཞུང་གི་རྩ་བ་བློ་ལ་འཛིན་པའི་དུས་ཚིགས་མ་ནོར་བ་ཡིན་པ་ལས་ང་ཚོ་ནང་བཞིན་ཆེན་པོར་གྱུར་དུས་བློ་འཛིན་བྱས་ཀྱང་མདོ་ལས། འཆད་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་བྱ་བ། ཞེས་གསུངས་པའི་ཁ་ཏོན་དུ་བྱ་བ་ཟེར་བ་དེ་བློ་ལ་བླངས་པར་གོ་བ་ཡིན་པས་ཕན་ཡོན་ཡོད་པ་ལས། བློ་ལ་ལེགས་པོ་བླངས་ནས་བྱ་བ་བྱེད་ཐུབ་ཀྱི་མ་རེད། དེས་ན་མི་གཅིག་ལ་བྱིས་པའི་དུས་ཚོད་གཅིག་ལས་འོང་རྒྱུ་མེད་པ་ཡིན་སྟབས་དེ་ལ་བདག་པོ་མི་རྒྱག་པར་བསྐྱུར་བཞག་པ་ཡིན་ན་བྱིས་པ་ཁོང་ཚོས་རང་མདོ་ཤོར་ནས་འགྲོ་གིན་ཡོད་པ་མི་གོ་བ་མ་རེད་མ་གཏོགས། མི་ཞིག་ལ་དེ་ལས་གནོད་ཚབ་ཆེ་བ་ཞིག་ཡོད་ནི་མ་རེད།

ང་ལ་བྱིས་པ་ཞིག་གིས་འདིའི་སྐོར་གྱི་ཚོར་སྣང་ཞིག་བཤད་མྱོང། དེ་ཡང་ཁོས་བཤད་རྒྱུར། ཁོ་རང་གྲོང་ཁྱེར་ཞིག་གི་ནང་དུ་སོང་བ་ཡིན་ཏེ། དེར་གྲོང་ཁྱེར་གྱི་མི་དང་མཉམ་དུ་ཟ་མ་ཟ་མི་ཤེས་པ་དང་། ཉལ་ཁང་ནང་ལ་འགྲོ་མི་ཤེས་པ་སོགས་མིའི་མཉམ་དུ་ལས་ཀ་གང་ཡང་བྱེད་མི་ཤེས་པར་མི་གྲལ་དུ་ཟོག་སླེབས་པ་དང་འདྲ་བར་གྱུར་སྐབས། ང་ལ་ཕ་མ་དག་གིས་སློབ་སྦྱོང་གི་གོ་སྐབས་ཅུང་ཟད་ཅིག་སྤྲད་ཡོད་པ་ཡིན་ན་འདི་ཙམ་ཞིག་ཡིན་རྒྱུ་མ་རེད་བསམ་གྱིན་སྤྲོ་ལངས་དྲགས་ནས་འདར་སིག་བརྒྱབ་བྱུང་ཟེར། དེ་ངས་ཡིག་ཐོག་ཏུ་ཡང་བྲིས་ཡོད། ཁོས་བཤད་པ་དེ་ངོ་མ་རེད། སྤྲོ་ལངས་ནས་འདར་ན་ལོས་འདར། མི་ཚེ་ལ་སློབ་སྦྱོང་གི་དུས་ཚོད་གཅིག་མ་གཏོགས་མེད་པ་ལོ་གཅིག་ལ་དཔྱིད་དུས་གཅིག་ལས་མེད་ཅིང་དེར་ས་བོན་མ་བཏབ་ན་སྟོན་ཀ་ལོ་ཐོག་མེད་པ་དང་གཅིག་པ་རེད། དེས་ན་བྱིས་པ་རྣམས་ལམ་ལ་ཡག་པོ་ཞིག་འཇོག་རྒྱུ་དེ་བྱིས་པ་དག་གི་མི་ཚེའི་དོན་ཆེན་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༢༧

རིག་གནས་བཙན་རྒྱལ་རིང་ལུགས།



མ་གཞི་བོད་ཟེར་བ་འདི་མགོ་ཞིག་ཁྱོགས་དགོས། མི་རིགས་གཞན་པ་རྣམས་ཀྱི་གྲལ་དུ་ཚུད་དགོས།གཞན་གྱི་བརྙས་བཅོས་མྱང་མི་དགོས་པར་ཨ་རོགས་ལ་འགྲིག་ལ་མགོ་མཐོ་མཐོ་བྱས་ནས་འགྲོ་བ་ཞིག་ཀྱང་དགོས་ཕན་ཆད། ཆོས་འཇིག་རྟེན་གང་ནས་ཀྱང་ད་སྔོན་གྱི་བྱ་བ་ལས་ཀ་དང་རིག་གནས་སྤེལ་ལུགས་ཀྱི་ནང་གི་མ་འགྲིག་ས་གང་ཡོད་ངོས་བཟུང་ནས་ད་ནས་བཟུང་མི་སྐྱ་རྣམས་ཀྱིས་ཁོང་དག་གི་སློབ་སྦྱོང་བྱས།ང་ཚོས་ང་ཚོའི་སློབ་སྦྱོང་བྱས་ནས་མི་རྣམས་རང་ལ་དགའ་བ་ཞིག་བྱེད་དགོས། གང་རེད་ཟེར་ན་འཛམ་བུ་གླིང་གི་ཐོག་ན་མི་རྣམས་རང་ལ་དགའ་བ་ཞིག་བྱེད་ཐུབ་ན་དེ་སྟོབས་ཤུགས་ཀྱི་མཆོག་ཡིན་པ་ལས་གཞན་དམག་དང་སྟོབས་ཤུགས་མཚོན་ཆ་སོགས་གནས་སྐབས་ཀྱི་ཁེ་ཁ་ཙམ་ཡིན།

དེ་བཞིན། གནའ་སྔ་མོ་ཞིག་ལ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོས་ཨེ་ཤ་ཡའི་རྒྱལ་ཁབ་ཉམ་ཆུང་རྣམས་དམག་གིས་དབང་དུ་བསྡུ་བ་སོགས་འདྲ་འདྲ་མི་འདྲ་བྱས་པ་རེད། དཔེར་ན། བོད་ལ་ཡང་དབྱིན་ཇིས་དམག་ལྷ་སའི་བར་དུ་བརྒྱབ་པ་རེད། དེ་ལྟར་གཅིག་གིས་གཅིག་ལ་དབང་ཆ་དང་མཚོན་ཆས་དབང་བསྒྱུར་པ་ལ་བཙན་རྒྱལ་རིང་ལུགས་ཟེར་གྱི་ཡོད་ན་ཡང་། ཁར་རྩང་དེ་རིང་དེ་འདྲ་མིན་པར་རིག་གནས་བཙན་རྒྱལ་རིང་ལུགས་ཟེར་བའི་ཚིག་གསར་བ་ཞིག་ཚིག་མཛོད་གསར་པའི་ནང་སླེབས་ཡོད། དེའི་ནང་དོན།གཞན་གྱི་རིག་གནས་ཞིག་གཞན་ལ་རྒོད་རྒོད་བཙན་བཙན་གྱིས་དང་ལེན་བྱེད་དུ་བཅུག་སྟེ། སྐད་དང་ཡི་གེ་ཟ་ལུགས་གྱོན་ལུགས། སེམས་ཀྱིས་བསམ་བློ་གཏོང་སྟངས། འཚོ་བ་སྐྱེལ་ལུགས་དང་བྱ་བ་སྒྲུབ་ལུགས་གང་ཐད་ནས་གཅིག་གི་རིག་གནས་དེ་གཅིག་ལ་དང་ལེན་བྱེད་དུ་བཅུག་པ་ལ་ཟེར། དེ་ལྟར་བྱས་ན་དོན་གྱིས་གཞན་ཕྱོགས་དེ་ཚར་ཚར་བ་རེད། དེའི་མིང་ལ་རིག་གནས་བཙན་རྒྱལ་རིང་ལུགས་ཟེར་གྱི་ཡོད། དཔེ་ཞིག་བཞག་ན་གནའ་མདའ་བོའུ་ལག་ཆ་དང་སྟོབས་ཤུགས་མེད་ས་དེ་བཙན་རྒྱལ་རང་ལུགས་པ་རྣམས་ཀྱི་མི་སེལ་སྤེལ་ཡུལ་ཆགས་ཀྱིན་ཡོད་ན་ཡང་དེང་སང་གི་དུས་ལ་ང་བཙན་རྒྱལ་བ་ཡིན་ཟེར་ནས་བོའུ་ཁུར་ནས་ཡོང་མི་དགོས་པར། རིག་གནས་མེད་པ། རིག་གནས་ལ་མཐོང་ཆེན་མི་བྱེད་པ། རིག་གནས་མི་སྦྱོང་བ་རྣམས་ལ་རིག་གནས་ཀྱིས་བཙན་འཛུལ་བྱེད་པ་རེད། མ་གཞི་ང་ཚོ་བོད་པ་རིག་གནས་མེད་པ་མིན་པར་འཛམ་བུ་གླིང་གི་ཨང་དང་པོ་ཞིག་ཡོད་པ་ཡིན་ན་ཡང། རིག་གནས་ལ་མཐོང་ཆེན་མི་བྱེད་པའི་དབང་གིས་བོད་དང་བོད་ལྟ་བུ་དེ་དག་རིག་གནས་བཙན་རྒྱལ་རིང་ལུགས་པ་རྣམས་ཀྱི་མི་སེར་སྤེལ་ཡུལ་དང་དམིགས་ཡུལ་ངོ་མ་ཆགས་ཀྱི་ཡོད། ངོ་མ་བཤད་ན་བོད་ཀྱི་རིག་གནས་ཀྱིས་ཀྱང་གཞན་ལྟར་རིག་གནས་ཀྱི་བཙན་འཛུལ་བྱས་ན་ཡོང་གི་རེད་དེ་ང་ཚོས་སྒོར་མོ་རྐྱང་པར་བལྟས་ནས་དགོན་པར་འདུ་ཁང་ཆེན་པོ་ཡོད་མེད་དང། ཆོས་ཚོགས་ཀྱི་ཁ་ལ་མི་མང་ཉུང་དང་ཆ་རྐྱེན་སུ་ཆེ་གླེང་ནས་བསྡད་ཡོད། འདི་གླེན་པའི་ལས་ཀ་རེད། འདི་ལྟར་མུ་མཐུད་ནས་བསྡད་ན་རིག་གཞུང་བཙན་རྒྱལ་རིང་ལུགས་ལ་ཁ་གཏད་ཅི་ལྟར་གཅོག་དགོས། བསམ་བློ་ཞིག་ཐོངས།

སྔོན་དབྱིན་ཇིའི་བཙན་རྒྱལ་རང་ལུགས་པས་བོའུ་རེ་རེའི་ནང་ནས་མདའ་ལྔ་བཅུ་དྲུག་ཅུ་དང་བརྒྱ་ཕྲག་ཁ་གྲངས་བཀད་ཡོང་དུས་བོད་པ་དེའི་ཁ་ལ་སོང་ནས་འུར་རྡོ་འཕངས་པ་རེད། གཏོ་ཁོ་ནས་བཏོན་ནས་བསྡད་ན་དེ་དག་རིག་གནས་བཙན་རྒྱལ་རིང་ལུགས་ལ་ཐུག་ན་ཡང་དེ་འདྲ་ཞིག་ཆགས་ཀྱི་རེད། ཁྱེད་ཚོས་རིག་གནས་བཙན་རྒྱལ་རིང་ལུགས་ཞེས་པའི་དོན་གོ་རུ་ཆུག འདི་ངས་བཟོས་པ་མིན་པར་འཛམ་བུ་གླིང་གི་ཚིག་མཛོད་དུ་ཡོད་པ་རེད། ཨ་ཧྥི་རི་ཁའི་སེང་གེ་དང་ཤྭ་བའི་དཔེ་ལ་ཡང་བསམ་བློ་ཐོངས། དེ་ཡང་ངས་བཤད་པ་མ་རེད། ཁོང་དག་གིས་བཤད་པ་རེད།

དེས་ན། ང་ཚོ་གྲྭ་པ་རྣམ་པར་མཚོན་ན་འཇིག་རྟེན་སྒྲུབ་ན་མི་འགྲིག་མོད། འཇིག་རྟེན་པ་ལ་ཕན་འདོགས་རྒྱུའི་ལས་ཀ་རྣམས་ནི་ཆོས་དང་མཐུན་པ་ཞིག་ཡིན་ན་ཡང་ཆོས་དང་འབྲེལ་བའི་ཐོག་ནས་སྒྲུབ་དགོས་པའི་ལས་ཀ་མང་པོ་ཞིག་ཀྱང་སྒྲུབ་མ་ཐུབ་པར་ལྷག་ཡོད། དེ་ནི་དཔེར་ན། ཤོག་བུ་སྟོང་པ་དཀར་པོ་ཞིག་དྲིལ་ནས་བཞག་བཞག་པ་ལྟ་བུ་རེད། འོན་ཀྱང་ཕྱོགས་ཁ་ཤས་སུ་བནྡེ་ཚང་མ་བཙོན་པ་ལྟ་བུ་ཞིག་ཆགས་ནས་ཧ་ཅང་བཀག་ཉར་བྱས་ཡོད་པ་དཔེར་ན། མངའ་རིས་ཀྱི་བནྡེ་ཞིག་ག་ཤེད་དུ་འགྲོ་དགོས་ན་དེས་ཉི་མ་བཅོ་ལྔའི་གནང་བ་ཞུས། དེའི་ནང་ལ་མ་སླེབས་ན་དགོན་པའི་ནང་ནས་འཕུད་རྒྱུ་ལྟ་བུ་མི་འཚམ་པ་དེ་འདྲ་ཡིན་པས་བྱ་ཐབས་མེད་ན་ཡང་། ང་ཚོ་མཚོ་སྔོན་དང་ཟི་ཁྲོན་གྱི་ཕྱོགས་འདི་ཡས་མས་ལ་ལས་ཀ་གང་འཚམས་ཤིག་སྒྲུབ་པ་ཡིན་ན་ཡང་རྒྱལ་ཁབ་ཀྱིས་ཀྱང་རིག་གནས་དར་སྤེལ་མི་ཆོག་ཟེར་གྱི་མེད་པ་ཡིན་དུས་རྩ་ཚིག་དང་མི་འགལ་བ་དེ་འདྲ་ཡོད་པ་རེད།

མདོར་ན། བྱ་བ་ཞིག་རྩོམ་དགོས་ཀྱི་འདུག ང་ཚོ་ཆོས་པ་ཡིན་ཟེར་གྱི་ཡོད་པས་ང་ཚོར་འགན་ཞིག་ཡོད་པ་རེད། དུས་མཚུངས་ང་ཚོས་འཇིག་རྟེན་ཆོས་བརྒྱད་སྒྲུབ་ཀྱི་ཡོད་ན་ཡང་རྩ་བའི་ཁ་ཕྱོགས་ཆོས་བརྒྱད་མི་སྒྲུབ་རྒྱུ་ཡིན་པ་དེ་ངེས་པར་དྲན་དགོས།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༢༨

སེམས་ཁམས་ཀྱི་སློབ་གསོ།



དེས་ན་བྱིས་པ་ཆུང་ངུ་རྣམས་ཀྱིས་ཡི་གེ་སློབ་སྟངས་ཀྱི་གཞི་མ་ནོར་བ་ཚུགས་རྗེས། སུམ་རྟགས་དག་གསུམ་དང་། རྒྱལ་སྲས་ལག་ལེན། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་སོགས་བརྡ་དག་དང་སློབ་གསོའི་སྐོར།སྐར་རྩིས་སོགས་ཅུང་སླ་བའི་རིགས་རྣམས་ལ་སྔོན་དུ་སློབ་སྦྱོང་བྱེད་དུ་འཇུག་དགོས།

དེ་དང་དུས་མཚུངས་བྱིས་པའི་དུས་ནས་གཞན་ལ་བྱམས་བརྩེ་བྱ་བ་དང་། གཞན་ཕན་སྒྲུབ་པ་ལྷུར་ལེན་པ། སྤྱོད་ངན་རྣམས་སྤོང་བ་འདི་རིགས་སློབ་དགོས། དེ་ཡང་འཛམ་བུ་གླིང་གིས་དེང་སང་བྱིས་པའི་སློབ་གསོ་དེ་གལ་ཆེ་ཤོས་ཡིན་པར་རྩི་གི་ཡོད་པ་རེད། དེ་ཡང་བྱིས་པ་ཆུང་ཆུང་ཡིན་དུས་སློབ་གསོ་མ་འདྲ་བ་ཞིག་སྤྲད་བཞག་པ་ཡིན་ན་འགལ་རྐྱེན་ཤིན་ཏུ་ཆེན་པོ་དང་མ་ཐུག་ཕན་ཆད་སྒྱུར་མི་ཐུབ་པ་རེད།དཔེར་ན། ང་ཚོ་བོད་པའི་རྒད་པོ་རྒན་མོ་ཡི་གེ་འབྲུ་གཅིག་ཀྱང་མི་ཤེས་མཁན། ཆོས་དངོས་གནས་ཤིག་ཉིན་གཅིག་ཀྱང་ཞུ་མ་མྱོང་མཁན། ཆོས་ལ་དད་པ་ཤི་མ་སོང་གི་བར་དུ་འགྱུར་བ་མེད་པར་ཡོད་པ་སོགས་ཀྱང་བྱིས་པའི་སློབ་གསོའི་དབང་གིས་རེད། དེ་ཡང་ཕ་མ་རྣམས་ཀྱིས་ཆོས་དངོས་སུ་མ་བསླབས་ཀྱང་། མ་ཎི་བཏོན། གསུར་ཕུད། སྒྲུབ་པ་འདོན་པ་སོགས་བྱས་པའི་དབང་གིས་ཞོར་ལ་སློབ་གསོ་ཐེབས་སོང་བ་རེད།དེའི་དབང་གིས་ང་ཚོ་བོད་པ་རྣམས་དཀོན་མཆོག་ལ་དད་པ་དང་། ལས་འབྲས་ལ་ཡིད་ཆེས་སོགས་རྒྱ་རིགས་ལྟ་བུ་ལ་ལྟོས་ན་ཡག་པོ་རེད།

ཕྱོགས་གཞན་ཞིག་ནས་བསམ་ན་ནུས་པ་དེ་ཙམ་ཐོན་གྱི་མེད་པར། རྐུ་བྱེད་པ་དང་། སྲོག་གཅོད་པ་སོགས་ཀྱི་གནས་ཚུལ་དོན་མེད་ས་ནས་མང་པོ་ཡོང་བཞིན་ཡོད་པ་འདི་དག་ཚང་མ་ཆོས་ལེགས་པོ་ཞིག་མ་ཤེས་པའི་རྟགས་རེད། དེས་ན་དཀོན་མཆོག་ལ་དད་པ། ལས་འབྲས་ལ་ཡིད་ཆེས། སྤྱོད་ངན་ལ་འཛེམ་ཟོན་སོགས་ཡ་རབས་ཀྱི་བྱ་བ་རྣམས་ལ་བག་ཆགས་བཟང་པོ་འཇོག་པའི་སེམས་ཁམས་ཀྱི་སློབ་གསོ་འདི་དག་དེ་བས་ཀྱང་གལ་ཆེན་ནང་གི་དོན་ཆེན་ཡིན།

ཁར་རྩང་དེ་རིང་སྤྱི་ཚོགས་ཐོག་མཚོན་ན། སྤྱི་གཉེར་ཁང་ལྟ་བུའི་བཟོ་ལས་དང་ཚོང་ལས་ཀྱི་ཚོགས་པ་ཞིག་གི་ནང་ལས་ཀ་བྱེད་མཁན་ལས་བཟོ་བ་ཉི་ཤུ་ཡོད་པའི་དབང་དུ་བཏང་ན་ཡང་། མ་མཐའ་ཡང་གཟའ་འཁོར་གཅིག་གི་ནང་ལ་ཚང་མ་ཚོགས་འདུ་རེ་འཚོགས་ནས་བསམ་བློའི་ཐོག་གི་སེམས་ཁམས་ཀྱི་སློབ་གསོ་རྒྱག་གིན་ཡོད་པ་རེད། གལ་ཏེ་སེམས་ཁམས་ཀྱི་སློབ་གསོ་མ་འཕྲོད་ན་མི་རྣམས་ཀྱིས་ཁྱིམ་ན་རྩིས་འཕྲུལ་ཡོད་ན་འདྲ། དེ་མིན་ཐ་ན་ཅ་ནེ་ཞིག་ཡན་ཆད་གཏོར་རྒྱུ། གཅོག་རྒྱུ། བརླག་རྒྱུ་སོགས་བྱེད་ཀྱི་ཡོད་པས།སེམས་ཁམས་ཀྱི་སློབ་གསོ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་ལྟ་བུའི་བསམ་པ་བཟང་བོ་བྱེད་པའི་ཆོས་ཀྱི་གཞུང་ལུགས་ནི་ང་ཚོ་ལ་འཛམ་བུ་གླིང་གི་མི་གཞན་ལ་མེད་པ་ཞིག་ཡོད་པ་ཡིན་དུས་དེའི་སྐོར་བྱིས་པ་རྣམས་ཀྱིས་ཤེས་ཀྱང་ཤེས་ལ་གོ་ཡང་གོ་བའི་རིགས། མདོ་སྡེ་ལས་བརྒྱ་པ་དང་། མཛངས་བླུན་ལྟ་བུ་བྱིས་པ་རྣམས་དགའ་སའི་གཏམ་རྒྱུད་དག་གིས་སློབ་གསོ་བརྒྱབ་ནས་བྱིས་པ་རྣམས་ཆུང་དུས་ནས་སྤྱི་ཐོག་གི་ཅ་ལག་ཅིག་ཡིན་ན་འདི་གཏོར་བརླག་བྱེད་མི་ཉན་བསམ་པ། ག་ཤེད་ན་སྲོག་ཆགས་ཤིག་འགྲོ་གིན་ཡོད་པ་མཐོང་ན་འདི་ལའང་གནོད་པ་སྐྱེལ་མི་ཉན་བསམ་པ། ག་ཤེད་ཅིག་ན་ཉམ་ཐག་ཅིག་ཡོད་པ་མཐོང་ན་དེ་ལ་གང་ཐུབ་གྱིས་ཕན་པ་སྒྲུབ་དགོས་བསམ་པ་ལྟ་བུ་དེ་འདྲའི་བསམ་བློ་འཁུར་མཁན་ཞིག་གི་སློབ་གསོ་སྤྲོད་དགོས། ཆོས་ཀྱི་ཐོག་ནས་དེ་ལྟར་ཡིན་པར་མ་ཟད་འཇིག་རྟེན་གྱི་ཐོག་ནས་ཡིན་ན་ཡང། ཁྱེད་ཚོས་གཟིགས་དང། ཕྱི་རྒྱལ་གྱི་མི་ཞིག་གིས་དེ་རིང་སྲོག་ཆགས་རི་དྭགས་ཞིག་མཐོང་ན་རི་དྭགས་འདི་བཟུང་ནས་ཁྱིམ་དུ་གསོས་པ་ཡིན་ན་གསོ་ཐུབ་བམ་ཞེས་རྣམ་རྟོག་དང་པོ་དེ་ལྟར་འཆར་བ་དང་། རྒྱ་ནག་གི་མི་ཞིག་ཡིན་ན་སྲོག་ཆགས་ཞིག་མཐོང་བ་དང་དང་པོ་ནས་འདིའི་ཤ་ཟ་རུང་ངམ་སྙམ་པའི་བསམ་བློ་གཏོང་གི་རེད་ཅེས་མཁས་པ་ཚོས་དེབ་ཀྱི་ནང་དུ་བྲིས་ཡོད་པར་མ་ཟད། རྒྱ་ནག་གི་ཚིག་མཛོད་དག་གི་ནང་དུ་རི་དྭགས་ཤིག་ངོས་སྦྱོར་བྱས་ཡོད་ན་རྔ་མ་དེར། འདིའི་ཤ་ཟར་རུང་ཞེས་བྲིས་ཡོད་པ་རེད། ཚིག་མཛོད་ཡན་ཆད་དེ་ལྟར་ཡིན་པའི་སྟོབས་ཀྱིས་མིའི་བསམ་པ་བསྒྱུར་ཏེ་གཏུམ་པོ་དེ་ལྟ་བུ་ཞིག་ཆགས་པ་རེད། འདི་ཡང་ཆུང་དུས་ཀྱི་རིག་གནས་སློབ་གསོ་དང་འབྲེལ་བ་ཞིག་རེད། དེས་ན་ང་ཚོས་ཆུང་དུས་ནས་རིག་གནས་ལ་ལེགས་པར་སློབ་ཏུ་བཅུག་ཏེ། ལས་རྒྱུ་འབྲས་ལ་རྩི་འཚོ་དང་བྱ་བ་ཡག་པོ་སྒྲུབ་རྒྱུ། ཕན་ཚུན་གཅིག་གིས་གཅིག་ལ་རོགས་བྱེད་པ་སོགས་ཀྱི་གཤིས་ཀ་འཇགས་རྒྱུ་གལ་ཆེན་པོ་རེད་མ་གཏོགས། དེང་སང་ང་ཚོའི་བོད་པ་དག་ཀྱང་ལ་ལ་ཤིན་ཏུ་རྩོག་པ་དང་ཐ་ཤལ་རེད། དཔེར་ན། རླངས་འཁོར་ཅ་ལག་ཁུར་མཁན་ཞིག་རྦབ་ཏུ་ལྷུང་ནས་ནང་གི་མི་རྨས་ཏེ་ཅ་ལག་འཐོར་ནས་ཡོད་པ་ལྟ་བུར། ཚོ་པ་ལ་ལ་དེ་མ་ཐག་ཏུ་རྒྱུག་ནས་ཅ་ལག་རྣམས་ཧབ་ཐོབ་བྱེད་པ་མ་གཏོགས་དེ་ལ་རོགས་པ་མི་བྱེད་པ་ལྟ་བུའི་བྱ་བ་རྩོག་པ་ཡོད་པ་རེད། གཞན་ཞིག་ཡིན་ན་དེ་མ་ཐག་རྒྱུག་ནས་མིའི་སྲོག་སྐྱོབ་རོགས་དང་། ཅ་ལག་རྣམས་བསྡུ་རུབ་བྱེད་རོགས་དགོས་རྒྱུ་ཡིན་པ་ལ་དེ་ལྟར་མི་བྱེད་པ་རེད། དེའི་རིགས་ལ་བསམ་བློ་ངེས་པར་གཏོང་དགོས།

རྒྱ་ནག་གི་མི་འཇར་པན་དུ་སོང་ནས་འཇར་པན་གྱི་བུད་མེད་ཅིག་དང་མཉམ་དུ་བསྡད་དེ་བྱ་བ་ལས་གིན་ཡོད་པ་ཞིག་གིས་ཁོ་རང་རླངས་འཁོར་བསྐོར་ནས་ཁྲོམ་ལམ་དུ་འགྲོ་སྐབས་འཕྲད་པའི་གནད་དོན་ཞིག་ཡི་གེར་བྲིས་ཡོད། སྤྱིར་ན་ལམ་གྱི་གཞི་མདོར་ཐོན་དུས་གློག་དམར་གསལ་ཡོད་ན་མུ་མཐུད་འགྲོ་མི་ཉན་པ་དང་། གློག་ལྗང་འཆར་མགོ་ཚུགས་ཟིན་ན་འགྲོ་ཆོག་པ་རེད།

འཇར་པན་ན་ཡོད་པའི་མི་དེས་ས་མཚམས་ཞིག་ནས་གློག་ལྗང་གི་མགོ་ཚུགས་ཤིང་མདུན་དུ་བསྐྱོད་མགོ་ཚུགས་སྐབས། མ་རྒན་ལོ་བདུན་ཅུ་ཅན་ཞིག་གིས་ལྕགས་རྟ་གཞོན་ནས་ཁོའི་སྔུན་དུ་སླེབས་པས་གདོང་ཁ་ཅུང་ཟད་རྒྱབ། མ་གཞི་དེའི་སྐབས་སུ་མ་རྒན་དེས་སྒྲིག་འགལ་ཡིན་པ་ལས་ཁོ་རང་འགྲོ་ཆོག་གིན་ཡོད་ན་ཡང་མོ་ལྕེབས་ཡོང་བའི་སྟབས་ཀྱིས་གནས་ཚུལ་དེ་ལྷགས་པ་དང་ཁོ་སྔངས་སྐྲག་ཆེན་པོ་སྐྱེས། གང་ཡིན་ཟེར་ན་ཀྲུང་གོའི་ནང་གི་འགྲོ་སྟངས་ཁོའི་སེམས་ལ་འཁོར་བ་རེད། ཀྲུང་གོར་ཡིན་ན་དེ་མ་ཐག་ཁྱོད་ལན་དང་ང་ལན་ཤོད་ས་ཡོད་པ་མ་རེད། ཡིན་ན་ཡང་འཇར་པན་གྱི་མ་རྒན་དེའི་ཉེ་ཕྱོགས་རྣམས་དེར་འཛོམས་ནས་རླངས་འཁོར་གྱིས་རྒྱབ་པའི་མ་རྒན་དེ་སྨན་ཁང་དུ་བསྐྱལ་ཚར་བ་དང་ཚུར་ཁ་ལོ་བ་ལ། ཁྱེད་ལ་གནོད་བསྐྱལ་སོང་དགོངས་པ་མ་འཚོམས་ཞེས་བཤད། ཉེན་རྟོག་པས་ཀྱང་། ཁྱོད་ལ་ལན་ཁག་མི་འདུག་སྟེ་སང་ཉིན་ཁོང་ཚོའི་ལས་ཁུངས་སུ་གཅིག་ཤོག་ཅེས་བཤད། ཕྱི་ཉིན་ཁོ་འགྲོ་དུས་ཉེན་རྟོག་པས། ང་ཚོས་བརྟག་དཔྱད་བྱས་པ་ཡིན་ཡང་ཁྱོད་ལ་ལན་པ་མི་འདུག་ཟེར་ནས་ཆད་པ་གང་ཡང་མ་བཅད། དེ་ནས་ཁོང་གཟའ་ཚང་གཉིས་ལྷན་དུ་མེ་ཏོག་རེ་ཉོས་ནས་སྨན་ཁང་དུ་ལྟ་བར་ཕྱིན་དུས་མ་རྒན་སང་གི་ནང་མི་ཡོངས་རྫོགས་སྔུན་བསུས་ནས་རྒྱུག་ཡོང་གིན་ཡོད་པ་མཐོང་། ཁོའི་སེམས་ལ། དེ་རིང་ང་ལ་བརྡུང་རྒྱུའམ། ཡང་ན་ཆད་པ་གཅོད་གྲབས་ཡིན་རྒྱུ་རེད་བསམས་ནས་སྐྲག་སྣང་སྐྱེས། འོན་ཀྱང་ཁོང་ཚོའི་སླར་ཡང་ཁྱོད་ལ་དཀའ་ངལ་ཆེན་པོ་གཏད་སོང་ཟེར་ནས་མགོ་སྒུར་གྱིན་དགོངས་པ་མ་ཚོམས་ཞེས་བཤད།

དེ་ནས་ཕར་སྨན་ཁང་དུ་སོང་ནས་མ་རྒན་དེར་མེ་ཏོག་དང་སྒོར་མོ་ཁ་ཤས་སྤྲད་ནས་དགོངས་པ་མ་འཚོམས་ཞུ་སྐབས། མ་རྒན་དེ་ཡང་བཙན་གྱིས་ཡར་ལངས་ནས་ཁོ་ལ་ཕྱག་འཚལ་ཏེ། ང་ཁྱེད་ཀྱི་རླངས་འཁོར་གྱི་སྔུན་དུ་ལྕེབས་པ་རེད་ཟེར་བ་སོགས་ནང་མི་ཚང་མས་དེ་ལྟར་བྱས། ཁོ་ཕྱིར་ཡོང་ཞོར་ལ་བསམ་བློ་བཏང་དུས་གལ་ཏེ་ཀྲུང་གོ་ལྟ་བུ་ཞིག་ནས་མ་རྒན་འདི་ལྟ་བུ་ཞིག་དང་གདོང་ཁ་བརྒྱབ་པ་ཡིན་ན་ང་ལ་ཅི་ལྟ་བུ་ཞིག་བྱེད་རྒྱུ་མ་རེད་དྲན་པ་དང་ཆབ་གཅིག འཇར་པན་པ་དེ་དག་གི་སྤྱོད་པ་ལ་ཧ་ལས་ནས་མིག་ནང་ནས་མཆི་མ་ཐོན། དེ་མཚམས་ཁོའི་གཟའ་ཟླས་ཁྱོད་ཅི་ལ་ངུ་གིན་ཡོད་ཟེར་དུས། ཀྲུང་གོ་དང་འཇར་པན་གཉིས་གནའ་ནས་འཁོན་ལན་མང་པོ་ཡོད་སྟབས་ཁྱེད་སང་ཡག་པོ་འདུག་ངེད་སང་མི་འདུག་ཅེས་ཁོས་དངོས་སུ་བཤད་མ་ཐུབ་ན་ཡང་མིག་ནང་ནས་མཆི་མ་ཐོན་སོང་། ཞེས་བྲིས་ཡོད་པ་རེད།

དེ་ལ་ཀྲུང་གོའི་མི་རྣམས་ཀྱིས་ལན་འདེབས་སྐབས། ལ་ལས། འཇར་པན་ཁྱེད་རང་དང་བཅས་པ་དགྲ་ཡིན་ཟེར་བ་དང། ཡང་ལ་ལས། ཁྱེད་རང་གིས་ཟེར་བ་དེ་བདེན་པ་རེད། ཁྱེད་ཀྱི་སྐད་ཆར་མོས་མཐུན་ཡོད།ཀྲུང་གོའི་མི་རྣམས་ད་དུང་དངོས་གནས་སྤུས་ཀ་ཤིན་ཏུ་ཞན་པོ་རེད། གལ་ཏེ་ཁྱོད་ཀྲུང་གོ་ནས་དེ་ལྟར་གནས་ཚུལ་བུད་པ་ཡིན་ན་དེ་མ་ཐག་ཁྱིམ་ཚང་ཙམ་མ་ཟད། ད་དུང་སྨན་ཁང་དང་ཉེན་རྟོག་པ། རླངས་འཁོར་བཟོ་མཁན་དང་བཅས་པ་ཡོངས་སུ་རྫོགས་པ་སྒོར་མོ་ཁོ་ན་དམིགས་ནས་དེ་མ་ཐག་སླེབས་ཀྱི་རེད།དེ་ནས་ཁྱོད་ལ་ཚར་སོང་བ་རེད་ཅེས་བཤད་འདུག ལེགས་པའི་ཕྱོགས་ཀྱི་སློབ་གསོ་འདི་དག་ཀྱང་ཚང་མ་ཆོས་ཀྱིས་བཟོས་པ་རྐྱང་རྐྱང་ཡང་མ་རེད། ཆུང་ཆུང་ཡིན་དུས་ནས་མི་རང་རང་སོ་སོས་འགན་ཁུར་ནས་བྱ་བ་ལེགས་པོ་སྒྲུབ་རྒྱུ་དང་། གཞན་ལ་གནོད་པ་མི་བྱེད་པ། མི་ཕན་ཚུན་བར་རྩི་འཚོ་བྱེད་དགོས་པ་སོགས་སློབ་གྲྭའི་ནང་ནས་སློབ་གསོ་རྒྱག་གིན་ཡོད་པ་རེད། ང་ཚོར་དེ་བས་ཀྱང་ཆོས་ཡོད་པ་ཡིན་དུས་དེའི་ཐོག་ནས་རྒྱུ་མཚན་ལེགས་པོ་ཞིག་བཤད་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༢༩

དྲོད་གཤེར་འཛོམས་པའི་ཞིང་ས།



ང་ཚོ་བོད་པའི་སྐྱོན་ཆེ་ཤོས་དེ་བྱིས་པ་ལམ་ལ་མི་འཇོག་པ་དེ་རེད། དེས་ན་བྱིས་པ་ཆུང་ངུའི་དུས་འདི་དཔྱིད་དུས་ཀྱི་དྲོད་གཤེར་འཛོམས་པའི་ཞིང་ས་བཟང་པོ་ལྟ་བུ་ཞིག་ཡིན་པས་ས་བོན་ལེགས་པོ་ཞིག་འདེབས་པ་ལ་འབད་དགོས། བྱིས་པ་ཆུང་ཆུང་ནས་སློབ་གསོ་ལེགས་པོ་ཞིག་གི་མགོ་འཛུགས་རྒྱུ་འདི་ཤིན་ཏུ་གལ་ཆེན་ཡིན་པ་ཤེས་པའི་ཐོག་ནས་སེར་སྐྱ་སུ་ཡིན་ཡང་ཆུང་དུས་ནས་རྒྱུད་ལས་སུ་རུང་བ་ཞིག་བྱ་དགོས།དེ་མ་བྱས་ན། ལུག་པགས་ཡག་པོ་ཞིག་ཡོད་ཀྱང་ལེགས་པར་མ་མཉེད་ན་གོ་ཅི་ཡང་མི་ཆོད་པ་དང་གཅིག་པ་རེད། ང་ཚོས་ད་བར་ཀོ་བ་དམར་གྱོང་སྐྱུར་སྐྱུར་བྱས་ནས་བཞག་ཡོད་པ་རེད། ཕ་མ་དང་། དགེ་རྒན།དགོན་བདག་ཚང་མས་བསམ་བློ་ཞིག་ཐོངས་དང་། ང་ཚོས་ལུག་པགས་ཆུང་ཆུང་ཞིག་འདི་ལྟར་དམར་གྱོང་དུ་བསྐྱུར་བཞག་པ་ཡིན་ན་ཡང་། འདི་མཉེད་ན་ཚར་རུ་ཡག་པོ་ཞིག་ཡོང་གི་རེད་དེ་ཟེར་ནས་ཅི་འདྲའི་ཕངས་སེམས་ཤིག་ཡོད། སློབ་གསོ་དང་སྦྱོང་བརྡར་གྱིས་ལུས་སེམས་མི་མཉེད་པར་མི་ཚང་མ་མི་ཚེ་གཅིག་ལ་དམར་གྱོང་དུ་བཞག་ནས་ཆུད་ཟོས་ན་ཅི་འདྲ་ཡོད་ས་རེད།

རང་རེ་རྣམས་ལ་ཆོས་དང་འཇིག་རྟེན་གཉིས་ཀྱི་ངོས་ནས་བྱིས་པའི་སློབ་གསོའི་ཐད་མ་འདངས་ས་ཤིན་ཏུ་མང་། དེ་ཡང་བྱིས་པ་ཚང་མ་སོ་སོ་ལག་ཆགས་དུས་སོ་སོའི་ཁ་སོ་སོས་ལོས་སོས་བསམས་ནས་སྣང་མེད་དུ་བསྐྱུར། ད་དུང་འཛམ་བུ་གླིང་ལ་མི་འབོལ་འཕེལ་རྒྱས་ལ་ཚོད་འཛིན་ཡོད་ཀྱང་དེ་འདྲའི་འདུ་ཤེས་ཀྱང་མེད་པར་ཕྲུ་གུ་སྐྱེ་གང་ཐུབ་བྱེད། ང་ཚོར་མི་གྲངས་ཉུང་བས་སྐྱེ་ན་སྐྱེ་རུ་ཆུག་ཀྱང་། སྦྱོང་བརྡར་མེད་ན་མི་མང་རོ་མང་བླུན་པོ་ཁྱུ་གཅིག་གིས་ཅི་བྱེད། དེ་དང་དེ་ལྟ་བུའི་མ་འདངས་ས་ཤིན་ཏུ་མང་པོ་ཡོད་པ་ངེས་པར་དུ་ཤེས་དགོས། དེས་ན་ལོ་ཆེན་པོ་ཆགས་ཚར་བ་རྣམས་ལ་བྱ་ཐབས་དཀའ་ན་ཡང་། དེ་མིན་པའི་ཕྲུ་གུ་གྲྭ་ཡིག་ངོས་ལ་ཕོག་ཟིན་པ་ཞིག་ཡིན་ཕྱིན། རྒྱལ་ཁབ་ཀྱི་སློབ་གྲྭར་འགྲོ་བཞིན་པ་ཞིག་ཡིན་ན་དེ་ཕྱིར་ཁྲིད་ཡོང་ཆོག་གི་མ་རེད་ལ་དགོས་པ་ཡང་མི་འདུག གལ་ཏེ་དགེ་རྒན་གྱིས་ཡག་པོ་མི་སློབ་པ་ལྟ་བུའི་གནད་དོན་བྱུང་ན་རྫོང་སོགས་གོང་རིམ་ལ་བསམ་འཆར་ཡར་ཞུ་བྱེད་ཆོག་གི་རེད། དགོན་པས་ནི་བྱིས་པ་ཚང་མར་བདག་པོ་རྒྱག་ཆོག་ཟེར་ཡང་རྒྱག་མི་ཐུབ་པས་ཁབ་ཀྱི་སློབ་གྲྭར་འགྲོ་རྒྱུར་སྐུལ་སློང་ངེས་པར་དུ་བྱེད་དགོས།

 ང་ཚོ་མི་སྒེར་ལ་ཆོས་མ་གཏོགས་མི་དགོས་ཀྱང་བོད་ལ་ཆོས་དང་འཇིག་རྟེན་གཉིས་ཀ་དགོས་པ་རེད།འོན་ཀྱང་དེའི་ཤུལ་ན་ཤིན་ཏུ་མང་པོ་ཡོད་པ་རྣམས་ལོ་རེ་ཟུང་གི་མཚམས་ནས་ཐེངས་རེ་བསྡུས་ཏེ་འབྲི་ཀློག་ནས་བཟུང་རིག་གནས་ཆུང་བ་རྣམས་སློབ་པ་དང་། བསམ་པའི་སློབ་གསོ་ལེགས་པོ་ཞིག་སྤྲོད་དགོས།དགོན་པ་གོ་ཆོད་མཁན་ཁ་ཤས་དེང་སང་ཅུང་ཟད་ཡག་ཏུ་འགྲོ་བཞིན་ཡོད་ན་ཡང་། ད་དུང་ཡང་མུ་མཐུད་འབོད་སྐུལ་བྱེད་དགོས་པ་རེད།

འོན་ཀྱང་དགོན་པའི་སློབ་གྲྭའི་ནང་ན་ཡོད་པ་ཚང་མ་བནྡེ་ངེས་པར་ཡིན་མི་དགོས་པར་རྒྱལ་ཁབ་ཀྱི་སློབ་གྲྭར་མ་སོང་བ་ཞིག་ཡིན་ཕྱིན་ཅི་ཙམ་བསྡུ་ཐུབ་པ་བུ་དང་བུ་མོ་ཚང་མ་བསྡུས་ནས་བོད་ཀྱི་རིག་གནས་ཆོས་སྤྱོད་དཔེ་ཆ་ཚང་མ་བསླབས་ན་དགོན་པའི་སློབ་གྲྭ་ཡིན་པའི་སྟབས་ཀྱིས་བརྒྱ་ཆ་མང་ཤོས་བནྡེ་ཆགས་ཐུབ། དེ་མིན་སོ་སོའི་ངོས་ནས་བནྡེ་མི་བྱེད་བསམ་ན་ཡང་ཅི་སྐྱོན། སློབ་ཚན་ཡང་ཐོས་གྲོལ་དང་བཀའ་ཐང་ཆོས་སྤྱོད་ཙམ་རེ་ཁྱིམ་པ་རྣམས་ཀྱིས་ཀྱང་ཤེས་ན་འགྲིག་གི་རེད་དེ། རྩ་བས་ཆོས་ཁོ་ན་ཡིན་མི་དགོས་པར་ཡིག་རྨོངས་སེལ་ཆེད་ཆོས་དང་འཇིག་རྟེན་གཉིས་ཆར་བསླབས་པ་ཡིན་ན་རྒྱལ་ཁབ་ལ་ཡང་ཟེར་སྟངས་ཤིག་ཡོད་པ་རེད། དེ་མིན་ང་ཚོས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འགལ་བ་ཡིན་ན་རྒྱལ་ཁབ་ཀྱིས་ཉི་མ་གཅིག་ལ་གཏོར་ནས་འགྲོ་གི་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༣༠

དོན་གྱིས་ནང་ཉམས་ཟིན་པ།



ཀིརྟི་སང་ལ་ཡང་། བྱིས་པ་ཆུང་ཆུང་གཟན་ཤམ་ཅན་བདུན་བརྒྱ་ལྷག་ཅིག་གི་སློབ་གྲྭ་ཡོད་པ་རེད་དེ།རྗེས་ནས་འཛུགས་ཆོག་གི་མི་འདུགརྒྱལ་ཁབ་ཀྱིས་ཉིན་རྟག་པར་ང་ཚོར་བྱ་སྒོང་བྲག་ལ་བརྡབས་ན་བྱ་སྒོང་ཆག་གི་རེད་ཟེར་གྱི་ཡོད་པ་རེད་ལ། དེ་ངེས་པར་ཡིན་གྱི་ཡོད་པ་ང་ཚོས་ཧ་གོ་བ་དང་དོན་རྟོགས་པ་ཞིག་རེད།

མ་གཞི་རྒྱལ་ཁབ་ཀྱི་ཁྲིམས་དང་དངོས་སུ་འགལ་བ་མེད་པར་དོན་གྱིས་ནང་ཉམས་ཟིན་ཡོད་པ་ཞིག་ཡོང་ན་ཐབས་ལ་མཁས་ཟེར་བ་རེད་མ་གཏོགས། ནང་ཉམས་ལ་དོན་ཅི་ཐོན་འདི་ཐོན་མེད་པར་དཀའ་མོ་ཞིག་ལ་གཏུགས་བཞག་པ་དེ་དེ་ཙམ་མ་རེད། དེས་ན་ལོ་ཉུང་རྣམས་ཀྱིས་དེ་ལྟར་སེམས་ལ་བཟུང་ནས་འགྲོ་ཤེས་འདུག་ཤེས་ཡག་པོ་བྱེད་དགོས།

སྤྱིར་ཆོས་ཀྱི་ཁ་ཕྱོགས་དང་ལམ་ཕྱོགས་ཟེར་བ་ཞིག་ངས་བཤད་མི་དགོས་པར་སྟོན་པ་སངས་རྒྱས་ཀྱིས་གསུངས་ཟིན་ན་ཡང་། འགྲོ་ཕྱོགས་དང་ལས་སྟངས་ཁ་ཤས་རེར་ང་ཚོས་ཀྱང་བསམ་བློ་གཏོང་དགོས་པ་རེད།བྱིས་པ་རྣམས་ལ་དང་པོ་ནས་གཟན་ཤམ་བསྐོན་རྒྱུ་ཡང་མིན། གཟམ་ཤམ་གོན་རྒྱུར་སྔ་ཕྱི་ཅི་ཡང་མེད།དེས་ན་བུ་དང་བུ་མོ་ཚང་མར་ཁྱིམ་པའི་གོས་རྐྱང་རྐྱང་བསྐོན་ནས་འཇོག་དགོས། ལོ་བཅུ་གཉིས་ལ་མ་སླེབས་པར་བུ་བུ་མོ་མཉམ་དུ་ཡིན་ཡང་དགོན་པའི་སྒྲིག་གཞི་སོགས་ལ་གནོད་སྐྱོན་ཐེབས་ཀྱི་མ་རེད། དེ་ནས་ལོ་བཅུ་བཞི་ཡན་ལ་སླེབས་དུས་སློབ་གྲྭ་ལ་འགྲོ་མཁན་ཞིག་ཡིན་ན་སློབ་གྲྭར་གཏོང་བའམ། སྤྱི་ཚོགས་ཀྱི་ཐོག་ཏུ་ཕར་མངགས་ནས་ལས་རྒྱུ་འབྲས་ལ་བག་ཡོད་བྱེད་པའི་ཁྱིམ་པ་དགེ་སེམས་ཅན་རེ་བྱ་རྒྱུ་དང་། གྲྭ་པ་བྱ་འདོད་མཁན་ཞིག་ཡིན་ན་དེ་ནས་ལོ་རེ་རེ་གཉིས་གཉིས་ཀྱི་མཚམས་ནས་འཛིན་གྲྭ་མཐོ་རིམ་བཞིན་བཅུ་ཡས་མས་བདམས་ནས་བཤད་གྲྭར་མུ་མཐུད་བཅུག་པ་ཡིན་ན་ལོ་བཅུ་ན་གྲྭ་པ་བརྒྱ་ཐམ་པ་བཤད་གྲྭར་སླེབས་འགྲོ་བ་རེད། དགོན་པ་འབྲིང་པོ་ཞིག་ལ་མ་གཞི་ཡང་བནྡེ་བརྒྱ་ལྷག་ཙམ་ལས་ཡོད་རྒྱུ་ཡང་མ་རེད། དེ་དུས་དགོན་པའི་གྲྭ་པ་མང་ཆེ་བ་དཔེ་ཆ་བ་ཆགས་ཚར་བ་རེད། སྐབས་དེར་གྲྭ་པ་ལོ་ལོན་རྣམ་པ་རང་ཤུགས་ཀྱིས་གཏོ་འདོན་བསམ་ན་འདྲ་གང་བསམ་ན་བྱེད་ཆོག་གི་རེད། དེ་ལྟར་མུ་མཐུད་ཐུབ་པ་ཡིན་ན་ལོ་ཉི་ཤུ་ཡས་མས་ནས་གྲྭ་པ་ཡོངས་རྫོགས་དཔེ་ཆ་བ་ཆགས་ཏེ། ཚུལ་ཁྲིམས་དང་ལྡན་ཞིང་སྤོང་ཀློག་ལ་བརྩོན་པའི་བྲི་གང་མེད་པའི་དགེ་འདུན་གྱི་སྡེ་གཙང་མ་ཞིག་རྒྱུན་ཆགས་སུ་གནས་ཐུབ་པ་དང་། ཉིན་མོ་དེ་ནས་བཤད་གྲྭ་བ་དང་དགོན་པའི་གཞུང་གྲྭ་ཟེར་བ་གཉིས་ཞིག་མེད་པ་ཆགས་ཀྱི་རེད། ད་དུང་ཡུལ་མི་རྣམས་ཀྱང་རྒྱུ་མཚན་ཤེས་པའི་དད་པ་རྙེད་ནས་སྤྱོད་ངན་རྣམས་རང་ཤུགས་ཀྱིས་ཇེ་ཉུང་དུ་འགྲོ་གི་རེད། དེ་ནི་ཅི་འདྲའི་དོན་ཆེན་པོ་ཞིག་མ་རེད་དམ། དེས་ན་ད་ནས་ང་ཚོས་མ་མཐའ་ཡང་ང་ཚོ་དང་འབྲེལ་བ་ཆེ་སའི་རྙིང་མའི་ཕྱོགས་དང་བཀའ་བརྒྱུད་ས་སྐྱ་སོགས་ཀྱི་བནྡེ་རྣམས་ཀྱི་སློབ་སྦྱོང་བྱེད་སྟངས་དེ་ངེས་པར་འདི་འདྲ་ཞིག་གི་ཐོག་ཏུ་བསྒྱུར་ཐུབ་དགོས།

ཡང་དགོན་དཔོན་ལ་ལས་ད་ནས་དགོན་པ་ཚང་མ་ཆོས་སྒར་ལྟ་བུ་བྱས་ནས་གྲྭ་པ་ཚང་མས་དཔེ་ཆ་ལྟ་རྒྱུ་བྱེད་ཟེར་མཁན་འདུག་སྟེ། དཔེ་ཆ་ལྟ་བ་ལ་ཐབས་ཤེས་མགོ་ནས་བཟུང་སྟེ་ཡོང་དགོས་པ་ལས་རྡོ་རྗེ་སྐེད་བཟུང་བྱས་ནས་ཐམས་ཅད་གྱིས་དཔེ་ཆ་ལྟ་དགོས་ཟེར་བ་ཡིན་ན་བཤད་རྒྱུ་ཡག་ཀྱང་གྲུབ་འབྲས་ཐོན་དཀའ་མོ་རེད། དེས་ན་བྱ་བ་མགོ་ནས་ལས་བཞག་པ་ཡིན་ན་སང་གནང་རང་ཤུགས་ཀྱིས་གཏོ་འདོན་མཁན་ཉུང་ཉུང་ཆགས་ཀྱི་རེད། དེ་དུས་གཞི་ནས་བོད་ཀྱི་དགེ་འདུན་པ་ཟེར་དུས་རིག་གནས་དང་ཤེས་རྒྱ་ཡོད་པ་ཞིག་ཏུ་འགྱུར་ཐུབ། དེའི་ཐོག་ཏུ་ཉམས་ལེན་སོགས་ནི་དཔེ་ཆ་ལྟས་པ་ཙམ་དང་གཏོ་བཏོན་པ་ཙམ་ལ་ཡོད་ངེས་ཀྱི་རྒྱུ་མཚན་མེད་ན་ཡང་། གལ་ཏེ་ཡོད་སྲིད་ན་དཔེ་ཆ་བ་ལ་ཡོད་འོས་པ་མ་གཏོགས་གཏོ་འདོན་པ་དག་གིས་ཉམས་ལེན་བྱ་བསམ་ཡང་ཤེས་ཀྱི་མ་རེད།

རྩ་བའི་ཆ་ནས་དགོན་པའི་སློབ་གྲྭ་ཟེར་བ་འདིར་རྒྱལ་ཁབ་ཀྱིས་ཁས་ལེན་པ་དང་མི་ལེན་པའི་ཆ་གཉིས་ཡོད་པ་རེད། ལོ་བཅོ་བརྒྱད་མན་ཆད་གྲྭ་པ་བྱེད་མི་ཆོག་ཟེར་གྱི་ཡོད་པ་ཡིན་དུས་རྩ་ཚིག་དང་ཅུང་འགལ་གྱི་ཡོད་པས་ས་ཁུད་ལུང་ཁུད་ཡིན་པའི་དབང་གིས་མ་གོ་ན་མ་གཏོགས་ཉེན་ཁ་ཡོད་པ་རེད། དེ་ལྟར་མིན་པར་མི་སྐྱའི་ཆས་གོས་གྱོན་ནས་ཡིག་རྨོངས་བསལ་གྱི་ཡོད་ཅེས་བཤད་ན། རྒྱལ་ཁབ་ལ་ཡང་ཡིག་རྨོངས་སེལ་མི་ཆོག་ཟེར་བའི་ཁྲིམས་ཤིག་ཡོད་ཐབས་ཡོད་རྒྱུ་མ་རེད།

འོ་ན། དངོས་སུ་སློབ་གྲྭ་བཙུགས་ནས་སུམ་རྟགས་དག་གསུམ་སོགས་བསླབ་རྒྱུ་ཡིན་ནམ་ཟེར་ན།མིག་སྔའི་དབང་དུ་བྱས་ན་དགོན་པ་མང་པོ་ཞིག་གི་ནང་དུ་མགོ་དགོན་དཔོན་ནས་དམའ་གྲྭ་པ་ཡན་ཆད་ཀྱིས་བྲིས་ཤེས་ན་སུམ་རྟགས་མི་ཤེས། སུམ་རྟགས་ཤེས་ན་བྲིས་མི་ཤེས། གཉིས་ཀ་ཤེས་ཀྱང་ཕྲིན་ཡིག་སོགས་ཀྱི་རྣམ་བཞག་མི་ཤེས་པས་ཕྲིན་ཡིག་ལེགས་པོ་ཞིག་འབྲི་ཤེས་མཁན་ཡང་དཀོན་མོ་ཡིན་པས་སློབ་མཁན་མེད་པའི་དཀའ་ངལ་ཡོད། དེའི་ཕྱོགས་ལ་ང་ཚོས་ཀྱང་འདི་ན་ཡོད་མཁན་གྱི་ཕྱོགས་ཀྱི་དགོན་པ་སོ་སོའི་གྲྭ་པ་རྣམས་རིག་གནས་འཛིན་གྲྭ་སོགས་ནས་རིག་གནས་སྦྱངས་རྗེས་ཕར་ཕེབས་ཏེ་དགོན་པར་རོགས་པ་བྱེད་དགོས། དེ་ཡང་དཔེ་ཆ་བ་ཞིག་ཡིན་ན་བྱིས་པ་ཁ་ཤས་ལ་ཡི་གེ་ཙམ་བསླབས་ནས་འདུག་རྐྱང་བྱེད་ཐབས་མེད་ན་ཡང་། ཟླ་བ་དང་ཞག་གི་གྲངས་ཀ་ཙམ་ལ་དགོན་པར་སོང་ནས་བྲིས་དང་སུམ་རྟགས་དག་གསུམ་སོགས་བསླབ་རྒྱུ་དང་། གཞུང་གང་གི་རྩ་བ་བློ་ལ་འཛིན་དགོས་པ་སོགས་གོ་སྒྲིག་ལེགས་པོ་བྱེད་དགོས།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

日期: 2012-03-28

来自: གངས་བུ་རྩེ་རྒྱལ།

主题: དུས་ཐོག་ཆར་བ། ༣༡

རྫོགས་ཆེན་གྱིས་ཁོབ།



ལོ་ཉུང་རྣམ་པས་ཀྱང་དངོས་གནས་ལས་ཀ་ཞིག་བྱེད་བསམ་ན་ཁས་བཤད་རྒྱུ་དེ་ཉུང་དུ་བཏང་ནས་དོན་གྱི་ལག་ལེན་དེ་ལས་མ་བྱུང་ཡང་། དགོན་པའི་བན་ཆུང་རྣམས་ལ་སུམ་རྟགས་དག་གསུམ་དང་། སྙན་ངགསྐར་རྩིས་སོགས་ལ་ལེགས་པོ་ཞིག་བསླབས་པ་ཡིན་ན་དེ་བོད་ཀྱི་ཆོས་དང་འཇིག་རྟེན་གཉིས་ཀའི་དོན་ཞིག་རེད། དེས་ན་དཔེ་ཆ་ལོ་ཚོད་དང་བསྟུན་ནས་སྦྱོང་དགོས་པ་ཙམ་མ་ཟད་ཆུང་དུས་ནས་སུམ་རྟགས་འདི་རིགས་མ་སྦྱངས་ན་ཤིན་ཏུ་དཀའ་མོ་ཡོང་གི་རེད།

དཔེ་ཞིག་བཤད་ན། སྔོན་ཞིག་ལ་བནྡེ་ཁ་ཤས་ག་ཤེད་ཅིག་ལ་འགྲོ་ས་ནས་བུ་མོ་ལོ་ཆུང་ཆུང་ཅན་ཞིག་གིས་སུམ་རྟགས་ཀྱི་ནང་ནས་དྲི་བ་ཁ་ཤས་དྲིས་པར་བན་རྒན་གསུམ་ཡོད་པ་ཚང་མས་ལན་མ་ཐེབས།ཁོང་ཚོ་ངོ་ཚ་ནས་གཅིག་གིས། རྫོགས་ཆེན་གྱིས་ཁོབ། རྫོགས་ཆེན་གྱིས་ཁོབ།རྫོགས་ཆེན་གྱིས་ཁོབ་ཟེར་བ་ནི་རྫོགས་ཆེན་གྱི་གོ་བས་རྒྱས་འགེབ་བྱས་ནས་ལན་ཐོབ་ཟེར་བ་རེད་ཅེས་སྨྲས་པ་རེད་ཟེར།

ཁྱེད་ཚོས་བསམ་བློ་ཞིག་ཐོངས་དང་། སུམ་རྟགས་དག་གསུམ་རྫོགས་ཆེན་གྱིས་འགེབས་རྒྱུ་ག་ལ་ཡོད།གལ་ཏེ་ཡོད་སྲིད་ཀྱང་དེ་སློབ་ཆུང་སློབ་མ་ཞིག་གིས་ག་ལ་གོ ན་ཉིན་ཞིག་ལ་ཡང་སློབ་གྲྭའི་སློབ་མ་ཁ་ཤས་ཡོང་ནས་རིག་གནས་ཀྱི་ཐོག་ནས་དགོན་པ་ཞིག་གི་བཤད་གྲྭའི་བནྡེ་ཚང་མ་ཚར་བཅད་འདུག གྲྭ་པ་ཚོས་ཚད་མ་དང་ནང་དོན་རིག་པའི་ཐོག་ནས་རྩོད་གྲབས་བྱས་འདུག་སྟེ། ཁོང་ཚོས། ང་ཚོས་དེ་སྦྱངས་མེད།དགེ་རྒན་རྣམས་དང་རྩོད་ཟེར་ནས་རྩོད་རོགས་ཀྱང་མ་བྱས་པ་རེད་ཟེར། སློབ་སྦྱོང་མེད་ན་དེ་འདྲ་ཡོང་རྒྱུ་རེད།

མ་གཞི་རིག་གནས་ཟེར་བ་དེ་རིག་གནས་ཆེ་ཆུང་བཅུ་ལ་གོ་དགོས་པ་དང་། དེ་ལས་ཀྱང་ཕར་རྒྱ་ཆེ་ཙམ་བཤད་ན་རིག་གནས་མཐའ་དག་ཤེས་དགོས། འོན་ཀྱང་ང་ཚོས་ད་ལྟ་སྲོལ་རྒྱུན་ཙམ་མ་གཏོགས་གང་ཡང་ཤེས་ཀྱི་མེད་པ་རེད། དུས་སྐབས་འདིར་རང་བཞིན་གྱི་མི་ཞིག་ཡིན་ན་ཚན་རིག་ཀྱང་ངེས་པར་སྦྱོང་དགོས་པ་ཡིན་ན་ཡང་ང་ཚོ་གྲྭ་པ་དང་འབྲེལ་བ་ཆེན་པོ་ཡོད་མེད་དེ་ཙམ་རེད། གང་ལྟར་དགོན་པ་དག་ལ་མ་འོངས་པར་སློབ་སྟོན་བྱེད་པའི་འགན་གྲྭ་ས་ན་ཡོད་པ་རྣམས་ཀྱིས་ཁུར་དགོས་པ་ཡིན་དུས་འདི་ན་ཡོད་མཁན་གྱི་ལོ་ཆུང་རྣམས་ལ་མཚོན་ན་རིག་གནས་འཛིན་གྲྭའི་ནང་དུ་བཞག་སྟེ་དགེ་རྒན་རང་རང་སོ་སོས་འགན་ཁུར་ནས་སློབ་སྦྱོང་བྱེད་དུ་ཆུགཡང་བན་རྒན་འགའ་རེས་གྲྭ་ཆུང་རྣམས་སྒར་ལ་ཁྲིད་དེ་ཐོས་གྲོལ་ཚེ་སྒྲུབ་རེ་བསླབས་ནས་བསྡད་ཡོད་མཁན་ཡང་འདུག དེ་རྩ་བ་ནས་ནོར་བ་རེད། དེས་ན་དེ་དག་ཀྱང་རིག་གནས་འཛིན་གྲྭའི་ནང་དུ་བཅུག་སྟེ། ཚོམས་ཆུང་གི་དགེ་རྒན་རྣམས་ཀྱིས་ཡིག་ངོར་བརྒྱབ་ནས་རིག་གནས་འཛིན་གྲྭར་ཡོད་མེད་ཞིབ་གཤེར་བྱེད་དགོས། རྒྱལ་ཁབ་ཀྱིས་གྲྭ་པ་ཆུང་ཆུང་རྣམས་ཡོང་མི་ཆོག་ཟེར་ནས་རྣ་སྡིགས་ཅི་ཙམ་བྱས་ན་ཡང་རིག་གནས་རེ་སྦྱང་ན་བསམས་ནས་སྡོད་དུ་བཅུག་པ་རེད་དེ་སྦྱོང་དགོས་པ་དེ་མ་སྦྱངས་ན་ང་ཚོའི་རྣ་བ་ཚ་སྤྱད་རེད། དེ་བས་སོ་སོའི་ནང་ལ་སོང་ན་བཟང་གི་རེད།

དགོན་པའི་ནང་དུ་སློབ་གྲྭ་འཛུགས་པ་དང་ཆབ་གཅིག་རྒྱལ་ཁབ་ཀྱི་སློབ་གྲྭར་འགྲོ་རྒྱུར་ཡང་བནྡེ་རྣམས་ཀྱིས་ཕ་མ་སོགས་ལ་སྐུལ་སློང་བྱེད་དགོས། གལ་ཏེ་དེ་ལྟར་མ་བྱས་པར་ཁར་རྩང་དེ་རིང་གི་ཕ་མ་རྣམས་ཀྱི་བསམ་བློ་དང་། ཁོང་དག་གིས་བུ་རྒྱུད་ལམ་ལ་འཇོག་སྟངས་འདི་གཞིར་བཞག་གིས་མར་སོང་བ་ཡིན་ན། ལོ་བརྒྱ་ཉིས་བརྒྱ་ཕྱིན་ཡང་བོད་འདི་འཛམ་གླིང་མི་རིགས་ཀྱི་གྲལ་དུ་ཐོན་ཐུབ་ས་མ་རེད།

འོ་ན། རྒྱལ་ཁབ་ཀྱི་སློབ་གྲྭའི་ནང་དངོས་གཙོ་རིང་ལུགས་ཀྱི་སློབ་གསོ་ཁོ་ན་སྤྲོད་ཀྱི་ཡོད་པས་དེར་འཇོག་རྒྱུ་ཨེ་ཡོད་སྙམ་ན། དངོས་གཙོ་རང་ལུགས་ཀྱི་སློབ་གསོ་རེད་མོད་དེས་ཕལ་ཆེར་སྐྱོན་རྒྱུ་མ་རེད།དཔེར་ན། ང་ལ་མཚོན་ན་བོད་ཀྱི་སློབ་གྲྭ་ཆེན་མོ་པ་དང་། སློབ་མ་ཞིབ་འཇུག་སློབ་མའི་སློབ་ཚན་འདོན་བཞིན་ཡོད་པ་མན་ཆད་མང་པོར་ཐུག་ནས་ཁ་བརྡ་བྱས་པ་ཡིན་ཏེ། ཚང་མ་ལ་ཡང་ཆོས་ལུགས་ཀྱི་བསམ་པ་མེད་མཁན་ཟེར་བ་དེ་དཀོན་པོ་ཡིན་པར་མ་ཟད། མང་ཆེ་བ་མི་རིགས་དང་རིག་གནས་ལ་ལྷག་བསམ་ཡོད་པ།རིག་གནས་ཡོད་པ། ཆོས་ཀྱང་ཤེས་པ། གཉིས་ཀ་ཕུན་སུམ་ཚོགས་ནས་ཡོད་པ་དེ་འདྲ་རེད། དངོས་གཙོ་རང་ལུགས་ཀྱི་བསླབ་བྱ་བརྒྱབ་ནས་སློབ་གསོ་འཕྲོད་སོང་ས་གཅིག་གཉིས་རེ་ཡོད་རྒྱུ་རེད་དེ། དེ་ཙམ་སློབ་གྲྭར་མ་ཟད་དགོན་པའི་བནྡེ་གཟན་ཤམ་གྱོན་ཡོད་མཁན་དག་གི་ནང་དུ་ཡང་དེང་སང་འདྲ་དང་མི་འདྲ་ཟེར་མཁན་ཡོད་བཞིན་པ་རེད། དེ་ནི་ཆོས་མ་ཤེས་པའི་དབང་གིས་རེད།

མདོར་ན། ང་ཚོར་རིག་གནས་ཞིག་ཡོད་པ་ཡིན་ན་ཆོས་ཀྱི་ཐོག་ཏུ་བེད་སྤྱོད་བཏང་ནའང་འདྲ། འཇིག་རྟེན་གྱི་ཐོག་ཏུ་བེད་སྤྱོད་བཏང་ནའང་འདྲ། རལ་གྲི་ལག་ན་ཐོགས་པ་བཞིན་གང་ལ་གཡུག་ཀྱང་ཆོག་བསྡད་ཡོད་པ་རེད། དེས་ན་ཁྱེད་ཚོས་རིག་གནས་བཙན་རྒྱལ་རིང་ལུགས་ཟེར་བ་ཅི་ཞིག་ཡིན་པ་དང། རིག་གནས་བཙན་རྒྱལ་རིང་ལུགས་ཀྱི་ཁ་གཏད་ས་གང་ཡིན་ངེས་པར་དུ་ཤེས་སུ་འཇུག་དགོས།


བློ་སྦྱོང་གི་རྩ་བའི་ཁ་ཕྱོགས།



ཁྱད་པར་དུ་ཐོག་མཐའ་བར་གསུམ་དུ་མེད་དུ་མི་རུང་བ་ནི་བསམ་པའི་འཁྱེར་སོ་ཡང་དག་པའི་ལམ་དུ་འཁྲིད་པར་བྱེད་པའི་བློ་སྦྱོང་རྣམས་ཡིན་པས་ཐེག་པ་ཆེན་པོའི་བློ་སྦྱོང་བའི་མན་ངག་ཟབ་མོ་རྣམས་གནད་དུ་འཛིན་མ་ཐུབ་ན། དགོན་པ་དག་གི་ནང་དུ་ཡིན་ན་ཡང་བྱིས་པའི་དུས་ནས་ཁ་དོག་དཀར་དམར་བསླབས་ཏེ་རྩོད་པ་ཁོ་ན་བརྒྱག་ཏུ་བཅུག་ཀྱང་། རྒྱུ་འབྲས་ལ་ཡིད་ཆེས་དང་གཞན་ཕན་གྱི་བསམ་པ་ཞིག་མེད་ན་ཁ་དོག་དཀར་དམར་ཙམ་གྱིས་གང་ཡང་ཡོང་གི་མ་རེད། དེས་ན་བྱིས་པ་ཆུང་ཆུང་གི་དུས་ནས་བློ་སྦྱོང་འདི་སྲོག་གི་གནད་ངོ་མར་འཛིན་དགོས་པ་ལས་འདི་མ་ཡོད་ན་དོན་གྱི་སྙིང་པོ་ཤོར་ཚར་བ་རེད།

དགོན་པ་ཞིག་ཡིན་ནའང་འདྲ། བཤད་གྲྭ་ཞིག་ཡིན་ནའང་འདྲ། རྩ་བའི་ཁ་ཕྱོགས་ངོ་མ་ཐེག་པ་ཆེན་པོའི་བློ་སྦྱོང་འདི་ཡིན་པ་ལས་གཞན་པ་ཡན་ལག་ཙམ་རེད། འདི་གནད་དུ་འཛིན་མ་ཐུབ་པའི་དབང་གིས་བནྡེ་དག་གི་ནང་དུ་ཡང་བསྡུས་གྲྭ་རེ་ཤེས་ཀྱང་ལས་རྒྱུ་འབྲས་ལ་ཡང་ཡིད་ཆེས་ངོ་མ་ཞིག་གང་འདྲ་ཡིན་ནམ་སྙམ་པ་དེ་འདྲ་ཡང་ཡོང་གི་འདུག

དེ་དང་འདྲ་བར་ཆོས་ཟེར་བ་དེ་རང་གིས་ཡག་པོ་ཞིག་མ་གོ་ཕན་ཆོད་མི་སྐྱ་འགའ་རེས་ཆོས་འདི་མི་རིགས་ཡར་རྒྱས་ཀྱི་བཀག་རྡོ་ཡིན་ཚུལ་བཤད་པའི་སྟོབས་ཀྱིས་བནྡེ་ཕྱི་རོལ་དུ་གཟན་ཤམ་གྱོན་ཡོད་མཁན་ཞིག་ཡིན་ཡང་སེམས་ལ་དངོས་གནས་དེ་འདྲ་མིན་ནམ་སྙམ་པའི་དོགས་པ་སྐྱེ་མཁན་ཡང་ཡོད་སྲིད་པ་རེད། དེས་ན་དཔེར་ན། དམག་གི་ལས་ཀ་དངོས་གནས་དེ་མཐར་གཏུགས་ན་དགྲ་དང་འཐབ་རྒྱུ་ཡིན་པ་བཞིན། བནྡེ་ཞིག་ཡིན་ཕྱིན་ལས་ཀའི་རྩ་བ་ངོ་མ་དེ་དེང་རབས་ཀྱི་ཤེས་བྱ་སྦྱོང་རྒྱུ་མ་རེད་ལ། སྨན་དང་རྩིས་སྦྱོང་རྒྱུ་ཡང་མ་རེད། གང་རེད་ཅེ་ན། ཐེག་པ་ཆེན་པོའི་བློ་སྦྱོང་གིས་རྩ་བ་བྱེད་དགོས་པ་རེད། དེ་མ་ཡོད་ཕྱིན་ཇི་ལྟར་བཤད་ཀྱང་རྩ་བ་སྟོར་ཚར་བ་ཡིན་དུས་རྩ་བ་དངོས་ནས་འཛིན་དགོས་པ་རེད་ཟེར་བ་ཡིན།དེས་ན་དེ་ལྟ་བུའི་རྨང་གཞིའི་ཐོག་གཞི་ནས་བསྟན་འགྲོའི་དོན་ལ་ལྷག་བསམ་རྣམ་པར་དག་པའི་མང་ཐོས་ཚུལ་ལྡན་གྱི་གང་ཟག་སྐྱེད་སྲིང་བྱ་ཅི་ཐུབ་བྱ་བ་ལས་ལྷག་པའི་གནད་ཆེ་བའི་བྱ་བ་གང་ཡང་མེད།འདི་ཡང་ང་ཚོས་གསར་དུ་བཤད་པ་ཞིག་མིན་པར་སངས་རྒྱས་རང་ཉིད་གྱིས་གང་གསུངས་པ་དེ་ཡིན་དུས་དགོན་དཔོན་དག་གིས་ཀྱང་མུ་མཐུད་དགོན་དཔོན་བྱེད་བསམ་ན་དེ་ལྟར་དགོས།

གལ་ཏེ་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ལ་བྱ་བ་གང་ཡང་སྒྲུབ་མི་ཐུབ་ན་ཁོང་རང་ཉིད་ཀྱིས་དགོན་དཔོན་བྱ་རྒྱུ་བསྐྱུར་ཏེ་ཅུང་ཟད་བཟུར་ནས་ཟུར་དུ་སྡོད་དང་ཐུབ་མཁན་ཡོད་རྒྱུ་རེད། མི་གཅིག་གིས་ཐུབ་རུང་མ་ཐུབ་རུང་ས་བཅད་ནས་གཞན་ལ་གོ་སྐབས་མ་སྤྲད་ན་འགྲིག་གི་མ་རེད།

ལར་ང་ཚོས་ཆོས་ཟེར་བ་དེས་ཀྱང་། ཚེ་ཕྱི་མ་ལ་ཡིན་དང་ཡིན། ཕར་ལྟ་ས་འཇིག་རྟེན་ཚེ་འདིའི་ཐོག་ལ་ཡང་ཆོས་ཡོད་པའི་སྟོབས་ཀྱིས་འདི་ཕན་གི་རེད་ཟེར་བ་ཞིག་ཡོད་དགོས་ཀྱི་ཡོད་པ་ལས་ཕྱི་མ་ཁོ་ན་བཤད་བསྡད་པ་ཙམ་གྱིས་ཀྱང་དཀའ་ཙམ་ཡིན་པ་འདྲ། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དངོས་དེ་ཡང་དེ་རེད། དེ་ཡང་རྒྱ་ཆེན་སྤྱོད་པའི་ལུགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེས་བྱས་ཕྲ་བ་བཞི་བཅུ་ཞེ་དྲུག་གི་སྐབས་སུ་ཚེ་འདི་ལ་ཕན་ཐོགས་བཞིན་དུ་མ་བཏགས་ན་ཉེས་པ་གང་དང་གང་འདུག དེ་བཞིན་ཚེ་འདིའི་སྡུག་བསྔལ་བསལ་ནུས་བཞིན་མི་བསལ་ན་ཉེས་བྱས་ཅི་འདུག དེ་དག་ལ་བསམ་བློ་ཞིག་བཏང་ན་ཚེ་ཕྱི་མ་ཁོ་ནར་བསམ་བློ་གཏོང་རྒྱུ་ཙམ་མ་ཡིན་པ་གསལ་བོ་རེད། དེས་ན་མི་རྣམས་ཀྱི་བསམ་པའི་ནང་ལ་ཡང་ཆོས་ཟེར་བ་འདི་ཚེ་ཕྱི་མ་ཙམ་མ་ཟད་ཚེ་འདི་ལ་ཡང་སྤྱི་ཚོགས་ལ་ཁེ་ཕན་འདི་འདྲ་རེད་འདུག་བསམ་པའི་ནུས་པ་དེ་འདྲ་རིག་རྒྱུ་ཡོད་དགོས། དེ་ཡོད་པ་ཡིན་ན་དོན་མང་པོ་ཡོད་པ་རེད། འདི་དག་གི་ཕྱོགས་ལ་མཁན་པོ་རྣམ་པས་ཀྱང་ཐུགས་བསམ་བཞེས་དགོས་ཀྱི་འདུགདེ་འདྲ་མ་རེད་དགོངས་ན་འགྲིག་གིན་མི་འདུག་ཟེར་ནས་དགག་པ་བརྒྱབ་ན་ཡང་བཟང་བ་ལས་ཡོད་པ་མ་རེད། གལ་ཏེ་དགག་པ་མ་བརྒྱབ་ཀྱང་བཏང་སྙོམས་སུ་བཞག་ནའང་ཆོག གལ་ཏེ་དགོས་པ་ཞིག་རེད་དགོངས་ན་ནི་གོ་བཞིན་ཤེས་བཞིན་རྒྱུ་མཚན་ཡོད་བཞིན་དུ་བཏང་སྙོམས་སུ་མ་འཇོགཆོས་ཁྲིད་བཤད་པའི་ཞོར་ལ་ད་ཕན་ཆད་འདི་དང་འདི་ལྟ་བུ་དགོས་ཀྱི་འདུག་ཟེར་ནས་ཤོད། ང་ཚོ་བླ་རུང་ལྟ་བུར་མཚོན་ན་ཡང་། གྲྭ་པ་དང་མཁན་པོ་མང་པོ་ཕྱོགས་ཕྱོགས་སུ་འགྲོ་དང་འགྲོ་བཞིན་པ་ཡིན་ལ། དམིགས་བསལ་འཛིན་གྲྭའི་མཁན་པོ་དང་གསོ་སྐྱོང་དགོས་ངེས་ཕུད་དེ་མིན་གོ་ཆོད་མཁན་སུ་སོང་ཡང་དགའ་བསུ་ཡོད་པར་མ་ཟད། ཕར་སོང་ནས་ཀྱང་སློབ་སྦྱོང་བྱེད་སྟངས་སོགས་ཀྱི་སྐོར་འདི་རིགས་ཞིབ་ཏུ་གོ་བརྡ་སྤྲད་པ་ཡིན་ན་ནུས་པ་ཆེན་པོ་ཐོན་གྱི་རེད།འདི་ཡན་ཆད་གཙོ་བོ་བྱིས་པ་རྣམས་ཀྱིས་སློབ་སྦྱོང་བྱེད་སྟངས་སྐོར་ཡིན།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས། མུར་འགོད།

条目: 109 - 120 共 161

ངེད་དྲ་ཚིགས་ལ་ཕེབས་པར་དགའ་བསུ་བྱེད

བོད་ཀྱི་ལོ་རྒྱས་དང་རིག་གནས་ནི་་ཆས་ཕུན་སུམ་ཚོགས་པའི་འཛམ་གླིང་གི་ནོར་བུ་ལྟ་བུ་ཡིན།

 

གསར་འགྱུར།

2009-11-21 19:25

ཚན་རྩལ།

  བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སི་ནི་བོད་རང་སྐྱོང་ལྗོངས་ཚན་རྩལ་ རྣམ་པའི་ཁེ་ལས་ཤིག་ཡིན་ལ།ཀུང་སིའི་ཁོངས་མི་དག་ཡང་ཆེད་ལས་ལག་རྩལ་རྩེར་སོན་པ་དང་ མི་རིགས་དང་རིག་གནས་ལ་བློ་དཀར་ཞིང་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པའི་འདུ་ཤེས་ཟབ་པས།  རྒྱུན་དུ་བོད་ཡིག་མཉེན་ཆས་གསར་སྤེལ་དང་།བོད་ཡིག་གློག་རྡུལ་ཐོན་ར
2009-11-21 17:17

བརྡ་སྤྱོར།

  དུས་རབས་གསར་བའི་ནང་དུ་འཛམ་གླིང་གི་རྒྱལ་ཁབ་མང་པོ་དང་། མི་རིག་མང་པོས་རང་རང་གི་མཐུན་མིན་རིག་གནས་བདག་དམ་དང་འཕེལ་རྒྱས་སུ་གཏོང་ཅི་ཐུབ་བྱེད་པའི་སྒང་འདིར་ང་ཚོས་ཀྱང་ཕྱི་རུ་ངོམས་རིན་ཡོད་པ་དང་། གོང་དུ་སྤེལ་ལུགས་ཡོད་པའི་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་ཞིག་སྟེ། རྩམ་དྲི་དང་འོ་དྲི་མ་ཡལ་བའི
2009-11-10 15:06

༼ གངས་རྒྱན་ཞོགས་གླང ༽སྙན་ངག་གྱེར་འདོན།

གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པའི་.pptx (553,2 kB)
2009-11-04 18:40

གསར་འགྱུར

crdb.webnode.comངེད་དྲ་ཚིགས་ནི་བོད་མི་རིགས་ལ་ཞབས་ཞུ་ཁོ་ན་སྒྲྲིབས་པའི་ན་གཞོན་འགའ་ཡིན།ཁྱེད་ཀྱིས་རང་མི་རིགས་ ལ་ཞབས་ཞུ་ཞིག་སྒྲིབས་དགོས་འདོད་ཡོད་དམ།
2009-11-03 04:11

དྲ་ཚིག་གི་གནས་ཚུལ་སྤེལ་བ།

༢༠༠༨ལོར་ང་ཚོའི་མགོ་ལོག་ས་ཁུལ་སྐབས་དང་བོའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲན་རྩོལ་བྱ་འགུལ་སྤེལ།ད་ལོའི་འཆར་གཞི་ལ་༢༠༠༩ལོའི་ཟླ་༡༡པའི་ཚེས་༡༤ཉིན༼གངས་རྒྱན་ཞོགས་གླིང༽ཞིས་པའི་ཁུལ་ཡོངས་ཀྱི་སྙན་ངག་གྱེར་འདོན་དང་༢༠༠༩ལོའི་ཟླ་༡༡པའི་ཚེས་༢༨ཉིན་ཁུལ་ཡོངས་ཀྱི་སྐབས་གཉིས་བའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲ

站内搜索

联系人

ཉི་མའི་བུ་རྒྱུད ཆེས་མཐའ་མཇུག་གི་གཙང་ས། རྨ་ཡུལ་མཐོང་བ་ཀུན་སྨོན། 13897556557


གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་
གྱི་ཚིག་མཛོད་ཆེན་མོ།

www.tibettl.com/blog/
བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སིས་གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་སློབ་སྦྱོང་འཕྲུལ་ ཆས་2009ལོའི་ཟླ་10བའི་ཚེས་5ཉིན་ཚོང་རྭར་དགྲམ་རྒྱུ་ཡིན་པས།རྣམ་པ་ལྷན་རྒྱས་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་མངགས་ཉོ་གནང་བར་ཐུགས་རྗེ་ཞུའོ།

民意调查

གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་ཆེན་མོ།

ཧ་ཅང་བཟང་པོ་འདུག (59)
53%

བཟང་རྒྱུ་མེད། (53)
47%

总票数: 112